ལི་ཁེ་ཆང་ཀྲུང་གོ་དང་། འཇར་ཕན། ལྷོ་ཁོ་རེ་ཡ་བཅས་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-25


        སྤྱི་ཚེས་24ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སི་ཁྲོན་ཁྲེང་ཏུའི་ཏུའུ་ཕུའུ་ཡི་དབེན་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་འཇར་ཕན་གྱི་དབུ་བཞུགས་བློན་ཆེན་ཨན་ཕའེ་ཅིང་སན་དང་མཉམ་དུ་ཀྲུང་གོ་དང་འཇར་ཕན། ལྷོ་ཁོ་རེ་ཡ་བཅས་ཀྱི་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ་རེད།
        མེ་ཏོག་བཞད་ཅིང་ཆུ་ཕྲན་ལྷུག་ཏུ་འབབ། སྨྱུག་གསེབ་འོད་དཀྱིལ་ཕྱོགས་བཞིར་ལྷམ་མེར་འཕྲོ། ཏུའུ་ཧྥུ་དབེན་གནས་དེ་ཁྲོད་ཉམས་དགའ་ལ། སྙན་ངག་དབྱངས་རྟ་རྒྱང་ནས་ལྷང་ལྷིང་སྒྲོག། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་རླབས་ཆེན་སྙན་ངག་པ་ཏུའུ་ཕུའུ་ཡིས་དེ་གར་ལོ་བཞི་ཙམ་ཞུགས་ནས་སྙན་ངག་240ལྷག་ཙམ་གསར་རྩོམ་གནང་མྱོང་ཡོད་པ་རེད།
        ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་ལི་ཁེ་ཆང་གིས་དབེན་གནས་སྐས་འཛེག་གི་མདུན་དུ་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་འཇར་ཕན་གྱི་དབུ་བཞུགས་བློན་ཆེན་ཨན་ཕའེ་ཅིང་སན་ལ་ཕེབས་བསུ་ཞུས་པ་རེད། དེ་རྗེས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་སྙན་ངག་ལོ་རྒྱུས་ཁང་དང་ཁྲའེ་མོན་དུ་གཟིགས་སྐོར་གནང་བ་དང་འབྲེལ་འགྲེལ་བཤད་ལ་ནན་ཏན་ངང་གསན་གནང་བ་རེད།
        ཏུའུ་ཕུའུ་ལ་ཀྲུང་གོར་“སྙན་ངག་གི་བདག་ཉིད་ཆེན་པོ་”ཞེས་འབོད་བཞིན་ཡོད། ཁོང་གི་སྙན་ངག་ལ་ཀྲུང་གོའི་མི་དམངས་ཀྱིས་ད་བར་བསྔགས་བརྗོད་བྱེད་བཞིན་པ་དང་། རྒྱལ་མཚམས་ལས་སྒྲོལ་ནས་ཤུགས་རྐྱེན་ཐེབས་པ། ཨ་ཤེ་ཡ་ཤར་མ་སོགས་ས་ཁུལ་དུའང་དགའ་བསུ་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་འཇར་ཕན། ལྷོ་ཁོ་རེ་ཡ་བཅས་ནི་ཨ་ཤེ་ཡ་ཤར་མའི་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། རི་ཆུ་འབྲེལ་ཞིང་རིག་གནས་རིགས་འདྲ་འགྱུར་ཡོད། ལྷོ་ཁོ་རེ་ཡ་དང་འཇར་ཕན་གྱི་ཡུལ་སྐོར་བ་མང་པོ་ཞིག་ཆེད་མངགས་སི་ཁྲོན་ཁྲེང་ཏུའུ་རུ་ཏུའུ་ཕུའུ་ཡི་དབེན་གནས་ལ་ལྟ་སྐོར་དུ་ཡོང་ནས་རླབས་ཆེན་གྱི་སྙན་ངག་པར་ཡིད་སྨོན་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཡོད། དྲན་གསོ་ཁང་གི་སྒོ་འགྲམ་དུ་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་ཀྲུང་གོ་དང་། འཇར་ཕན། ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་གྱི་སློབ་ཆུང་སློབ་མས་སོ་སོའི་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་ནས་ཏུའུ་ཕུའུ་ཡི་སྙན་ངག་གྱེར་འདོན་བྱས་ཡོད། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཕྲུ་གུ་ཚོའི་ཡིད་འཕྲོག་པའི་སྣང་ཚུལ་ལ་དགའ་བསུ་ཞུས་པ་དང་འབྲེལ་ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
        རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པ་ཏུའུ་ཕུའུ་ཡི་ཞུགས་གནས་རྙིང་པར་ཕེབས་པ་རེད། ལི་ཁེ་ཆང་གིས། ཏུའུ་ཕུའུ་ཡིས་རྩྭ་སྤྱིལ་ནང་དུ་བསྡད་རུང་། མང་ཚོགས་དང་གནམ་འོག་གི་གནད་དོ་སེམས་ལ་བཅངས་ཡོད། ཁོང་གིས་“ཁང་ཆེན་ཁྲི་སྟོང་མང་པོར་བདེ་བར་འཁོད། གནམ་འོག་གྲང་ངར་ཅན་ལ་མཉམ་དུ་དགའ་”ཞེས་པའི་གྲགས་ཅན་གྱི་སྙན་ཚིག་བྲིས་པ་དེའི་ཐོག་ནས་སྙན་ངག་པའི་བློ་རྒྱ་ཆེན་པོ་དང་བླ་ན་མེད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།
        ཏ་ཡ་ཐང་གི་ཕྱི་རོལ་སྒོ་རའི་ནང་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་“ཀྲུང་གོ་དང་འཇར་ཕན། ལྷོ་ཁོ་རེ་ཡ་བཅས་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་བྱང་བུའི་”འགྲེམས་སྤེལ་མཛད་སྒོར་ཞུགས་པ་རེད། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་མཉམ་དུ་དྲན་རྟེན་འགོ་ཚུགས་མཛད་སྒོའི་ཐེབས་ཀྱག་བསྣན་པ་དང་དྲན་གསོའི་ཡིག་སྐོགས་ཐོག་མཚན་རྟགས་བཀོད་གནང་བ་རེད།
        ཀྲུང་གོ་དང་། འཇར་ཕན། ལྷོ་ཁོ་རེ་ཡ་བཅས་མཉམ་ལས་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་རྗེས། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཀུའེ་ཧྭ་ལྗོན་ཤིང་ཞིག་མཉམ་དུ་བཏབ་ནས་དེ་ལ་མཉམ་དུ་ས་སྣོན་པ་དང་ཆུ་བརྒྱབ་གནང་བ་རེད། ལིས་ཁི་ཆང་གིས། ཀྲུང་གོ་དང་འཇར་ཕན། ལྷོ་ཁོ་རེ་ཡ་བཅས་ཡི་མཛའ་མཐུན་གྱི་འབྲེལ་བ་མཚོན་པའི་མེ་ཏོག་གི་སྡོང་པོ་དེ་རྩ་བ་བརྟན་ཅིང་ལོ་འདབ་རྒྱས་ངེས་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1