རྔ་བ་རྫོང་གིས་གཤམ་སྤེལ་བཞི་ཡི་བྱེད་སྒོ་དངོས་སུ་མགོ་བརྩམས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-30



       ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་སྨིན་ཡོང་བ་དང་། རྫོང་ཡོངས་སུ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག་བྱེད་པའི་གནས་བབ་ལེགས་པོ་ཞིག་བསྐྲུན་ཆེད། ཟླ་12ཚེས་24ཉིན། རྔ་བ་རྫོང་གིས་གཞི་རིམ་གྲོང་གསེབ་ཀྱི་བཅོས་སྐྱོང་ལམ་ལུགས་གསར་བཏོད་དང་ནུས་པ་འཛུགས་སྐྲུན་སྟེ། 2019ལོའི་གཤམ་སྤེལ་བཞི་ཡི་བྱེད་སྒོ་གཅའ་རོ་གྲོང་རྡལ་ནས་དངོས་སུ་འགོ་བརྩམས། བྱེད་སྒོ་རུ། འགྱུར་ལྡོག་གླེང་བ་དང་། གྲུབ་འབྲས་བརྗོད་པ། ཁྲིམས་ལུགས་སློབ་པ། རིག་རྩལ་ལ་བལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་རྣམས་ཀྱིས་ཁྲིམས་སྐྱོང་གི་ནུས་མཐུ་ཤེས་པ་དང་། སྤྱོད་བཟང་ལ་གོམས་པ། འདུ་ཤེས་རྙིང་བར་བསྒྱུར་བཅོས་བྱེད་པ་བཅས་ལ་སྣེ་ཁྲིད་གནང་ཞིང་། མི་སེམས་ཆིག་སྒྲིལ་དང་སྟོབས་ཤུགས་ཆིག་སྒྲིལ་གྱིས་གཞི་རིམ་བརྟན་འཛུགས་ཀྱི་བསམ་བློར་འགན་ལེན་བྱས།
      གཅའ་རོའི་དགུན་དུས་ནི་གྲང་ངར་ཤིན་ཏུ་རྒོད་ན་ཡང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་རྣ་བའི་དཔྱིད་དུ་ལྷུང་ཚེ་རབ་ཏུ་དྲོ་བའི་སྣང་བས་ཡོངས་སུ་ཁེངས་འདུག སྲིད་གཞུང་གི་ར་བའི་ནང་དུ། སྐད་གཉིས་སྒྲོག་འགྲེལ་པས་གོ་སླ་ལ་གཟུང་བདེ་བའི་སྐད་ཆས། མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་དང་། དཔལ་ཡོན་སྤྱོད་བཟང་། དམངས་ཕན་སྲིད་ཇུས་སོགས་སྒྲོག་འགྲེལ་བྱས། གཅའ་རོ་གྲོང་རྡལ་ནག་ཚང་མ་སྡེ་བའི་སྡེ་དཔོན་འཚམ་ཐོ་ཡིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིར་སྒྲོག་འགྲེལ་བྱས་པའི་ནང་དོན་ནི། ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ལྡན་ཞིང་། ང་ཚོ་ལ་ཏང་གི་སྲིད་ཇུས་ཡག་པོ་མང་པོ་ཞིག་ཤེས་སུ་བཅུག་པས། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཟེར།

       བྱེད་སྒོའི་ཁྲོད་དུ། རྔ་བ་རྫོང་གཉན་པོ་གཡུ་རྩེ་འཁྲབ་སྟོན་ཀུང་སིས་ཏང་གི་སྲིད་ཇུས་རིག་གནས་འཁྲབ་སྟོན་གྱི་ནང་དུ་བཞག་སྟེ། དབུལ་བྲལ་གནད་སྒྲོལ་གྱི་ལས་ཀའི་རྣམ་པ་གཞིར་བཞག་གི་གར་ཆུང་ཧྲུའུ་ཅི་དང་པོ་ངེད་ཚང་ལ་རོགས་སྐྱོར་དུ་སླེབས་པ་ཞེས་པ་འཁྲབ་སྟོན་བྱས་ཏེ། རོགས་སྐྱོར་ལས་བྱེད་པས་བརྩེ་སེམས་རྣལ་མས་དམངས་སེམས་བསྒུལ་བའི་གཏམ་རྒྱུད་དུ། ནང་དོན་དོན་དངོས་དང་འཚམ་ཞིང་། སྒྱུ་རྩལ་གྱི་རྣམ་པས་ཕྱུག་པ་སོགས་ཁྱད་ཆོས་སྣ་མང་ལྡན་པའི་སྒྲོག་འགྲེལ་རྣམ་པའི་དམངས་སེམས་བཀུག་ཅིང་། རྩེ་དགོད་ཁྲོད་ནས་བསླབ་བྱ་བཏུས་ཏེ། དབུལ་བྲལ་ཞེས་པའི་ལས་དོན་འདི་དམངས་ཚོགས་དང་ལས་བྱེད་པའི་བག་ཆགས་ཀྱི་ཀློང་དུ་ཐིམ་པར་བྱས་ཤིང་། བློ་ཐག་རྦད་ཆོད་ཀྱིས་དབུལ་བྲལ་ལས་ཀར་རྒྱལ་ཁ་ལེན་པར་རྟིང་སྐུལ་བྱས། གླུ་གཞས་མེ་ཏོག་འཐུ་བ་ཞེས་པ་རུ་གཞས་མ་གཏམ་གྱིས་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་གཞས་ཚིག་ཏུ་བརྒྱུས་ཏེ་དམངས་ཀྱི་སྙན་ལ་ཕུལ། གཞན་དུ་ཡང་། སྙན་འགྱུར་རྫོགས་པའི་རྡུང་ལེན་དང་། འཇོ་སྒེག་ལྡན་པའི་ཞབས་བྲོ་སོགས་ཀྱིས་ལྟད་མོ་བའི་ཚོགས་ལ་མིག་གི་དཔྱིད་དང་རྣ་བའི་དགའ་སྟོན་དུ་གྱུར་བའི་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་གནང་བ་རེད།
       མང་ཚོགས་ཀྱིས་དོ་སྣང་བྱེད་ཡུལ་གཙོ་བོ་རུ་གྱུར་བའི་གནད་དོན་དག་ལ་དམིགས་ནས། འདྲི་རྩད་སྟེགས་བུ་བཟོས་ཏེ། རྒྱ་ཆེའི་མང་ཚོགས་ལ་དྲིག་སྒྲོག་ཡིག་ཆ་འགྲེམ་པ་དང་། དྲི་བར་ལན་འདེབས་པ། རིན་མེད་སྨན་དཔྱད་སོགས་ཀྱི་ཞབས་ཞུ་མང་དུ་བསྒྲུབས། སྣུ་སྐོར་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་འབུམ་གྱིས་གསར་འགོད་པར་བཤད་རྒྱུར། ང་ཚོས་རང་ཁྱིམ་གྱི་སྒོ་ཁ་ནས་རིག་རྩལ་འཁྲབ་སྟོན་ལ་བལྟ་ཐུབ་པར་མ་ཟད། ཁྲིམས་ལུགས་ཤེས་བྱ་ལ་ཡང་སློབ་སྦྱོང་བྱེད་ཐུབ། ད་དུང་རིན་མེད་སྨན་དཔྱད་བགྱིས་ཏེ་སྨན་ཡང་སྟེར་བས་ཕན་ཐོགས་ཆེན་པོ་ལྡན་ཟེར།
       བྱེད་སྒོའི་ཡུལ་དངོས་སུ། དྲིལ་སྒྲོག་ཡིག་ཆ་རིགས་མང་པོ་ཚར་2953དང་། འཕྲོད་བསྟེན་མཁོ་ཆས་ཆ་40 མི་770ལྷག་གི་དྲི་བར་ལན་བཏབ་ཅིང་། མི་350ལྷག་ལ་སྨན་དཔྱད་བྱས་ཤིང་རིན་གོང་སྒོར་4358.6ཙམ་གྱི་སྨན་རིགས་རིན་མེད་དུ་སྦྱིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1