གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༣༡ཉིན།

“བྲག་ཕུག་ནང་སྡོད་མཁན”འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།


—— བོད་ལྗོངས་རྩྭ་མདའ་རྫོང་རྩྭ་རང་གྲོང་ཚོ་ཡི་ལོ་ངོ་དྲུག་ཅུའི་འཕོ་འགྱུར་ཆེན་པོ།


འདི་ནི་ཟླ་བ་ཚེ་རིང་དང་དེ་སྔོན་ཁོང་གིས་བསྡད་མྱོང་བའི་གུ་གེའི་རྗེས་ཤུལ་མདུན་གྱི་ཁྱིམ་ཡིན་པ།
          སེར་ཐིང་ཐིང་གི་རི་སྟེང་དུ་མཁར་རྫོང་གི་གནའ་ཤུལ་ཞིག་འགྱིང་ངེར་གནས་པ་དང་། བྲག་ཕུག་མང་པོ་ཞིག་དེའི་ཁྲོད་དུ་ཕྲ་བཏབ་པ་ལྟར་དུ་ཆགས་པ་ནི་སྔོན་མ་ཞིང་བྲན་སྡོད་ས་རེད།
          རི་གཤམ་དུ་ལྗོན་ཤིང་གིས་བསྐོར་བའི་ཁྲོད་དུ་སྒོ་ར་རང་འགྲིག་གི་ཁྱིམ་ཚང་མང་དག་ཅིག་གནས་པ་དེ་ནི་རྩྭ་རང་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ་རེད།
          རི་སྟེང་དང་རི་གཤམ་དུ་གནམ་ས་ལྟར་འཛོལ་བ་དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་རྩྭ་རང་གྲོང་ཚོའི་ལོ་ངོ་60ཡི་འཕོ་འགྱུར་གྱི་བདེན་དཔང་མངོན་གསུམ་འཕྲུལ་མེད་ཅིག་རེད།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་རྩྭ་རང་གྲོང་ཚོའི་ལོ་76ལ་སླེབས་པའི་ཟླ་བ་ཚེ་རིང་གིས་ཁྱིམ་ཚང་མགྲོན་ཁང་གི་ཁ་གདན་བསྡུ་གསོག་རྒྱག་བཞིན་པ།
          དེ་སྔ“བྲག་ཕུག་ནང་སྡོད་མཁན”“ཁང་པ་གསར་པར”སྤོས་པ།
          2018ལོའི་ཟླ་10ཚེས་31ཉིན། ཟླ་བ་ཚེ་རིང་གནས་སའི་རྩྭ་རང་གྲོང་ཚོའི་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་བྱེད་བཞིན་སྡོད་ཁང་གསར་པར་སྤོས། དེ་ཉིན་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྲུན་བྱས་པའི་རྩྭ་རང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོའི་ཐོག ཟླ་བ་ཚེ་རིང་ལ་ཁང་པ་གསར་པའི་ལྡེ་མིག་རག་ནས་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཁང་པ་ཞིག་ཏུ་སྤོས།
          ལོ་ལྟར་མཐའ་མཚམས་ཀྱི་གྲོང་མིའི་ཁ་གསབ་སྒོར་4200དང་། ནགས་ལས་ཀྱི་ཁ་གསབ་སྒོར་1060 རྩྭ་རའི་ཁ་གསབ་སྒོར་5000 རྒན་རྒོན་གྱི་ཁ་གསབ་སྒོར་5800སོགས་དམངས་ཕན་སྲིད་ཇུས་དག་ལས། ལོ་76ལ་སླེབས་པའི་ཟླ་བ་ཚེ་རིང་ལྟོ་གོས་ལ་སེམས་ཁྲལ་གཏན་ནས་མེད། “དེ་དག་ནི་བོད་རྙིང་པར་བསམ་ཡང་མི་ཕོད་པ་ཞིག་རེད། སྐབས་དེ་དུས་ཀྱི་ང་ཚོ་ནི་བྲག་ཕུག་ནང་འཚོ་བ་སྐྱེལ་མཁན་གྱི་ཉམས་ཐག་ཞིང་བྲན་ཞིག་རེད”ཅེས་ཟླ་བ་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།
          ཟླ་བ་ཚེ་རིང་གི་ཁྱིམ་དུ་གཅེན་གཅུང་མིང་སྲིང་དྲུག་ཡོད་པའི་ནང་ཁོང་ནི་རྒན་ཤོས་རེད། ཁོང་གི་དྲན་ཤེས་སུ་ཆུང་དུས་རྟག་ཏུ་རྐང་རྗེན་མར་གྲོང་ཚོའི་ནང་ལྟོ་སློང་བར་འགྲོ་དགོས་པ་གསལ་པོར་ངེས་ཀྱི་ཡོད།
          “ང་ཚོས་ཞིང་བྲན་བདག་པོའི་ས་ཞིང་འདེབས་ཀྱི་ཡོད། འོན་ཀྱང་འབྲུ་རིགས་ཀྱི་སྤུས་རབ་འབྲིང་ཞན་གསུམ་དུ་དབྱེ་ནས་སྡུག་ཤོས་དེ་ཞིང་བྲན་ལ་སྟེར་གྱི་ཡོད། ངའི་གཅུང་པོ་གསུམ་པ་ཆུང་དུས་ལྟོགས་ཤི་ཐེབས་པ་རེད”ཅེས་ཟླ་བ་ཚེ་རིང་གིས་དེ་ལྟར་བཤད་པ་དང་ཁོང་གིས་ཞིང་བྲན་གྱི་ཐོབ་ཐང་ཤིན་ཏུ་སྐྱོ་བས། གལ་སྲིད་མགོ་དཔོན་ལ་ཐད་ཀར་བལྟས་ཚེ་མིག་རིལ་གཉིས་ཀ་འདོན་ཉེན་ཡོད་ཅེས་བཤད།
          1959ལོར་བོད་ཀྱི་ས་གཞི་ཆེ་མོར་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་ཚ་ཚ་འུར་འུར་ངང་སྤེལ་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱུང་ཡོད། རྩྭ་རང་གྲོང་ཚོའི་ཞིང་བྲན་ཚོའང་ཞིང་བྲན་བདག་པོས་རྟ་ལྕག་དང་བཤུ་གཞོག་གཏོང་བའི་ཡ་ང་བའི་འཚོ་བ་མཇུག་འགྲིལ་བ་རེད།
          1960ལོའི་ལོ་འགོར་ཟླ་བ་ཚེ་རིང་གི་ཁྱིམ་ལ་ས་ཞིང་དང་སྒོ་ཕྱུགས་རག་པ་དང་སྲིད་གཞུང་གིས་བྲག་ཕུག་རྣམས་ཁྱིམ་ཚང་སོ་སོར་བདག་པའི་ཁྱབ་བསྒྲགས་བྱས་པས། ནང་མི་ཚང་མ་དགའ་ཐག་ཆོད་ནས་རང་ཁྱིམ་གྱི་ས་ཞིང་གསར་པའི་ནང་གླུ་ལེན་གར་འཁྲབ་བྱས། སྐབས་དེ་དུས་དགའ་སྤྲོས་རབ་ཏུ་མྱོས་པའི་རྣམ་པ་དེ་ད་ཆའང་ཟླ་བ་ཚེ་རིང་གི་དྲན་པའི་ངོས་སུ་ཡང་ཡང་འཆར་གྱི་ཡོད།
          དུས་རབས་20པའི་ལོ་རབས་70པར། ཏང་དང་སྲིད་གཞུང་གི་སྒྲིག་འཛུགས་འོག་རྩྭ་རང་གྲོང་ཚོའི་གྲོང་མི་རྣམས་སྔ་རྗེས་སུ་བྲག་ཕུག་ནས་རི་གཤམ་གྱི་སྡོད་ཁང་གསར་པར་སྤོས་ཏེ། བྲག་ཕུག་ནང་སྡོད་པའི་འཚོ་བ་རྦད་དེ་སྐྱེལ་མཇུག་འགྲིལ།
འདི་ནི་ཟླ་བ་ཚེ་རིང་གུ་གེའི་རྗེས་ཤུལ་མདུན་དུ་ཡོད་པ།
          གནའ་བོའི་རྗེས་ཤུལ“གསེར་རི་དངུལ་རིར”གྱུར་པ།
          ཕོ་བྲང་དང་། དགོན་སྡེ། བཙན་རྫོང་། མཆོད་རྟེན། བྲག་ཕུག་བཅས་ལས་གྲུབ་པའི་མཁར་རྫོང་གི་རྗེས་ཤུལ་ཆེན་པོ་དེ་ནི་རི་འདབས་སུ་གོང་འོག་རིམ་པ་བསྟར་ཆགས་སུ་བསྐྲུན་ཡོད་པས་བརྗིད་ཆགས་ལྟ་ན་སྡུག དེ་སྔའི་ཞིང་བྲན་སྡོད་སའི་བྲག་ཕུག་དེ་དག་རྗེས་ཤུལ་གྱི་ཆ་ཤས་ཤིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ལོ་རྒྱུས་ཐོག་དེ་སྔ་དར་རྒྱས་ཤིན་ཏུ་ཆེ་བའི་གུ་གེ་རྒྱལ་རབས་ཀྱི་བྱུང་བ་བརྗོད་པ་དང་གཉིས་སུ་མ་མཆིས། 1961ལོར་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས།
          བཅིངས་འགྲོལ་བདེ་སྐྱིད་ནི་གནའ་བོའི་རྗེས་ཤུལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་འགྲོ་མཁན་སྔོན་སྐྱོད་པ་ཞིག་རེད།
          བོད་བཟོའི་སྒོ་ར་ཅན་གྱི་ཁང་པ་གཙང་ཞིང་གྲལ་བསྟར་འགྲིག་ལ། མེ་ཏོག་སྣ་ཚོགས་ཀྱིས་རྒྱན་པ་དང་། ཆ་སྒམ་སྟེང་དུ་ཁོང་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མཉམ་དུ་བརྒྱབ་པའི་པར་ཞིག་བསྒྲིགས་འདུག“ངའི་ཁྱིམ་དུ་ཉལ་ཁྲི་36ཡོད། ཉལ་ཁྲི་རེར་ཉིན་ལྟར་སྒོར་80ལེན་གྱི་ཡོད”ཅེས་བཅིངས་འགྲོལ་བདེ་སྐྱིད་ཀྱིས་བཤད། ད་ཆ་རྩྭ་མདའ་རུ་ཡོང་མཁན་ཡུལ་སྐོར་བ་ཧ་ཅང་མང་བས། འདི་ལོ་ཁོང་གི་ཁྱིམ་ཚང་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད།
          ད་ཆ། རྩྭ་རང་གྲོང་ཚོའི་ཁྱིམ་ཚང་38ཁྲོད་ནས་32ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ཉལ་ཁྲི་700ཙམ་ཡོད་པ་རེད། 2018ལོར་རྩྭ་རང་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་6.5ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་ཡོད་པ་རེད།
          གནའ་བོའི་མཁར་རྫོང་དེ་ཉིད་ད་ཆ་རྩྭ་རང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི“གསེར་རི་དངུལ་རིར”གྱུར་ཡོད།
          ལོ་ངོ་སྟོང་གི་ལོ་རྒྱུས་ལས་ཡུལ་སྐོར་ཚ་རླབས་འཕྱུར་བ།
          གུ་གེ་རྒྱལ་རབས་ནི་སྤྱི་ལོའི་དུས་རབས་10པ་ནས་17པའི་བར་དར་རྒྱས་ཤིན་ཏུ་ཆེ་བའི་རྒྱལ་རབས་ཤིག་ཡིན་པ་དེས། མཚར་སྡུག་འོད་སྟོང་འཕྲོ་བའི་གུ་གེའི་ཤེས་དཔལ་བཏོད་ཡོད། བགྲངས་ཀྱིས་མི་ལངས་བའི་ལྡེབས་རིས་དག་ནི་གནའ་བོའི་ཤེས་དཔལ་གྱི་མཚོན་རྟགས་ཡིན་ལ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་མཆོག་ནོར་ཞིག་ཀྱང་རེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཉམས་གསོ་སྲུང་སྐྱོང་ལས་གྲྭ་ཐེངས་གསུམ་ལག་ལེན་བསྟར་བ་དང་། ལས་འབོར་ཆེ་ཤོས་དེ་2011ལོར་འགོ་བཙུགས་པ་དང་2014ལོར་མཇུག་འགྲིལ་ཞིང་། བསྡོམས་མ་རྩ་སྒོར་ཁྲི་5744བཏང་ཡོད་པ་རེད།
          ལོ་34སླེབས་པའི་ཚེ་རིང་དབང་འདུས་གིས་ན་ནིང་ཨར་སྐྲུན་ཁུལ་དུ་ཟོག་འདྲེན་རླངས་འཁོར་གཏོང་བའི་ལས་ཀ་འདོར་ནས་རྩྭ་རང་གི་འབྱུང་འཕྲོད་ནམ་དུས་མགྲོན་ཁང་གཉེར་ཏེ་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་བོགས་གླ་སྒོར་ཁྲི་12སྤྲོད་ཀྱི་ཡོད་པ་དང་ལོ་5བོགས་མར་བླངས་པ་རེད།
          “དང་ཐོག་མ་རྩ་རྡིབ་ཡོང་སྙམ་པའི་སེམས་ཁྲལ་གྱིས་ནང་མི་ཚང་མས་མོས་མཐུན་བྱེད་ཀྱི་མི་འདུག”ཅེས་ཚེ་རིང་དབང་འདུས་ཀྱིས་བཤད། ཁོང་གིས་རྩྭ་མདའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་ཚུལ་ལ་དམིགས་ཏེ། རྣམ་གྲངས་དེ་ལེན་རྒྱུའི་ཐག་བཅད་པ་དང་ན་ནིང་ལོ་ཕྱེད་ཁོ་ནར་ཁེ་གཙང་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་བ་རེད།
          འདི་ལོ་གུ་གེ་རྒྱལ་རབས་རྗེས་ཤུལ་མཛེས་ལྗོངས་ཁུལ་དུ་ཤིང་རྟ་འཁོར་ལོའི་ཞབས་ཞུའི་རྣམ་གྲངས་བཏོན་ཏེ་ཡུལ་དེའི་མང་ཚོགས་5ཐེར་གེ་བ་བྱེད་པར་འབོད་པས། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོད་པ་རེད།
          རྩྭ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཆིང་ལིན་གྱིས“གུ་གེའི་བྲག་ཕུག་ནི་སྔོན་མ་ཞིང་བྲན་སྡོད་ས་ཡིན་ཡང་། ད་ཆ་ཕྱུག་འགྱུར་གྱི་བང་མཛོད་ལྟ་བུར་གྱུར་ཡོད། དམངས་གཙོའི་བཅོས་སྒྱུར་གྱིས་བོད་ལྗོངས་དར་རྒྱས་གོང་འཕེལ་འགྲོ་བར་འགན་ལེན་མཁོ་འདོན་བྱས་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད”ཅེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1