༄༅།། བུད་མེད་ཀྱི་མཚན་མའི་གཉན་ཚད།

དཔལ་བསྡུས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-02



དཔལ་བསྡུས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།
        བུད་མེད་ནི་ཁྱིམ་གྱི་བདག་མོ་དང་མ་འོངས་པའི་མི་རབས་ཀྱི་འབྱུང་ཁུངས་ཡིན་པས་ལུས་ཁམས་བདེ་ཐང་གལ་ཆེ། སྐབས་འདིར་མཚན་མའི་གཉན་ཚད་ཅེས་པ་བུད་མེད་ཁོ་ནར་འབྱུང་བའི་མོ་ནད་བྱེ་བྲག་པའི་རིགས་ཤིག་ཡིན། སྤྱིར་སྐྱེས་པ་ལས་བུད་མེད་ལ་ནད་རིགས་མང་བ་དང་། ལུས་གྲུབ་ཚུལ་གྱི་ངོ་བོ། བྱེད་ལས་སོགས་ཕྱོགས་གང་ཐད་ནས་ཁྱད་པར་ཡོད་པ་ཤེས་གསལ་ལྟར་ཡིན་པས། ཟ་མ་མོ་ལུས་དམན་པར་བརྗོད་པ་གཙོ་བོ་དེ་ཡིན་པས་འདྲ་མཉམ་ནམ་ཡང་འབྱུང་ཐབས་བྲལ། མོ་མཚན་གྱི་ནད་རིགས་བྱུང་ན་དེ་ནི་ཞན་ཆའམ་སྐྱོན་དུ་བརྩི་བ་དང་། ངོ་ཚ་དགོས་པ་དང་། གཞན་ལ་གསང་བ་བྱེད་དགོས་པ་ནི་གཏན་མིན་པར་ཤེས་དགོས། སྨན་པར་བསྟེན་ནས་སྨན་འཐུང་བ་དང་། རྒྱུན་གྱི་གཙང་སྦྲ་བདག་སྐྱོང་དོ་དམ་ཤེས་དགོས། དེང་དུས་བུད་མེད་ཕལ་མོ་ཆེས་གདོང་ཁོ་ནར་གཙང་སྦྲ་བྱེད་པ་ལས་མཚན་མར་གཙང་སྦྲ་བྱེད་ཤེས་གིན་མི་འདུག །མཚན་མའི་གཉན་ཚད་ནི་མཚན་མར་གཉན་ཚད་རྒྱས་ནས་དུས་རྒྱུན་གཤེར་ཁུ་ཐོན་པ་དང་། ཟ་འཁྲུག་ལངས་པ། ན་ཟུག་རྒྱག་པ་སོགས་བསྐྱེད་པའི་མོ་མཚན་གྱི་ནད་གཞི་ཞིག་ཡིན། སྤྱིའི་ཆ་ནས་ནད་གཞི་འདིའི་རྒྱུ་རྐྱེན་ནི་མོ་མཚན་ནང་གི་རྒྱུན་ལྡན་གྱི་འབུ་ཕྲའི་ཆ་མ་སྙོམས་པར་གྱུར་བའམ། ཡང་ན་བཙོག་སྐྱོན་སོགས་ཀྱིས་གཉན་ཁ་རྒྱག་པ་ལ་བརྟེན་ནས་བྱུང་བ་ཡིན། ཟླ་མཚན་ཆད་རྗེས་མོ་གཤིས་སྐུལ་རྫས་འཕྲི་བའམ། པགས་ནད་རིགས་ཁ་ཤས་ཀྱིས་ཀྱང་མཚན་མའི་གཉན་ཚད་བསྐྱེད་པ་སོགས་ཡོད།
        དེར་བརྟེན་ཆེས་རྒྱུན་མཐོང་མཚན་མའི་གཉན་ཚད་རིགས་ཁ་ཤས་བཤད་པར་བྱ་སྟེ།
        1.དྲི་ངན་མཚན་གཉན། མཚན་མའི་ནང་དུ་དུས་རྒྱུན་གྱི་འབུ་ཕྲ་ལ་འགྱུར་བ་ཐེབས་ནས། རྒྱུན་ལྡན་མ་ཡིན་པ་དང་། མཚན་མར་གནོད་སྐྱེལ་བའི་འབུ་ཕྲ་གཞན་གྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་འབྱུང་བ་ཞིག་ཡིན། མཚན་མའི་ནང་དུ་དགོས་ངེས་པའི་འབུ་ཕྲས་མཚན་མར་བདེ་ཐང་སྟེར་ཐུབ་པ་ལ་ལྷན་སྐྱེས་འབུ་ཕྲ་ཞེས་པ་མང་པོ་ཡོད་པ་དེ་འཁྲུགས་པར་བྱེད། སྐབས་རེར་རྒྱུ་རྐྱེན་འདྲ་མིན་གྱིས་མཚན་མའི་བདེ་ཐང་ལ་གནོད་སྐྱེལ་བའི་འབུ་ཕྲ་ལ་རླུང་མེད་རང་འཚོའི་འབུ་ཕྲ་ཞེས་བརྗོད་པ་འདི་མང་དུ་འཕེལ་ཞིང་གནོད་པ་འགྱུར་བ་ཡིན། གལ་སྲིད་མཚན་མའི་ནང་རླུང་མེད་རང་འཚོའི་འབུ་ཕྲའི་གྲངས་འབོར་འཕེལ་རྒྱུ་མང་དྲགས་སོང་ན། མཚན་མའི་རང་བྱུང་གི་སྙོམས་ཚད་ལ་འཁྲུག་ཐེབས་ནས་དྲི་ངན་མཚན་གཉན་བསྐྱེད་པ་རེད།
        མཚན་མའི་གཉན་ཚད་འདིའི་རིགས་ལུས་འབྲེལ་བྱེད་པས་བརྒྱུད་འགོས་འགྲོ་བར་མང་། ལུས་འབྲེལ་མང་པོ་བྱེད་མཁན་ཚོར་ནད་འདི་ཕོག་པ་དེ་བས་མང་། ལུས་འབྲེལ་མི་བྱེད་པ་ལ་ཡང་མི་འབྱུང་བ་མ་ཡིན།
        2.སྐྱུར་རྩིའི་གཉན་ཚད། ་མཚན་མའི་ནང་ཚད་ལས་འདས་པའི་ཧམ་སྤུ་སྐྱེ་བ་ལ་བརྟེན་ནས་འབྱུང་བ་ཡིན། སྤྱིའི་ཆ་ནས་ཧམ་སྤུ་མང་ཤོས་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་ཞིག་ཡིན། ཧམ་སྤུ་འདི་བརླན་གཤེར་ཆེ་བའི་ལུས་ཀྱི་ཆ་ཤས་གཞན་དཔེར་ན་ཁའི་ནང་དང་མཆན་ཁུང་སོགས་སྐྱི་པགས་ལྟེབས་བརྩེགས་ཐེབས་ས་དང་སེན་མོའི་རྩ་བ་སོགས་སུའང་སྐྱེ་བ་ཡིན།
        3.གྲང་འབུ་གསང་རེག་ཚ་ནད་ལུས་འབྲེལ་བརྒྱུད་ཕན་ཚུན་ལ་འགོས་པའི་མཚན་མའི་གཉན་ཚད་ཅིག་ཡིན། འདི་ཉིད་གཞན་བརྟེན་སྲིན་འབུ་ཟེར་བ་དེ་ཡིན། ཕོ་ལ་སྲིན་འབུ་འདིས་གཅིན་ལམ་གཉན་ཚད་རྒྱས་པར་བྱེད་ཀྱང་། སྐབས་མང་པོ་ཞིག་ལ་ནད་རྟགས་མངོན་པ་མེད། གལ་སྲིད་སྐྱེས་པར་ནད་འདི་ཕོག་ཡོད་རུང་། ནད་རྟགས་གང་ཡང་མངོན་རྒྱུ་མེད། སྲུང་ཤུབས་མ་གོན་པར་ལུས་འབྲེལ་བྱེད་ན་བུད་མེད་དེར་མཚན་མའི་གཉན་ཚད་འགོས་པ་ཡིན། སྐྱེས་མའི་མོ་མཚན་ནང་ལ་གཉན་ཚད་རྒྱས་པར་བྱེད་ཅིང་། མང་ཆེ་བར་ནད་རྟགས་མངོན་པ་མ་ཟད། ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་གཞན་འགོས་པའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།
        4.འགོས་ཁྱབ་མི་འགྲོ་བའི་མཚན་མའི་གཉན་ཚད། མཚན་མར་གཏོར་བྱེད་ཀྱི་རྫས་དང་། དྲི་ཆུ། དྲི་ངད་ལྡན་པའི་འདག་རྫས། དྲི་ཞིམ་གཙང་རྫས་སོགས་ཀྱིས་མཚན་མ་དང་། མཚན་མའི་ལྟེབས་རིམ་དང་ཕུང་གྲུབ་ལ་ཕོག་ཐུག་གཏོང་སྲིད་པ་ཡིན། གཙང་མ་བྱེད་དུས་མཚན་མའི་ཕྱི་ནང་དུ་ལྷག་པའི་གཙང་ཤོག་དང་། ཟླ་མཚན་འབབ་དུས་བཀོལ་རྒྱུའི་གསང་ཐུར་དུས་ལྟར་ཕྱིར་འདོན་མ་བྱས་པར་ནང་དུ་ལྷག་པ་སོགས་ཀྱིས་ཀྱང་ཕོག་ཐུག་གཏོང་བ་ཡིན།
        5.མཚན་མ་ཉམས་པའི་ནད་རྟགས། ཟླ་མཚན་ཆད་རྗེས་མོ་གཤིས་སྐུལ་རྫས་འཕྲི་བའམ། ཡང་ན་རྒྱུ་རྐྱེན་གཞན་ལ་བརྟེན་ནས་བསམ་སེའུ་སྣོད་དམ། ཁམས་དམར་སྣོད་ཕྱིར་འདོན་བྱས་ཡོད་ན་དེ་དག་གིས་མཚན་མའི་རིམ་པ་སྲབ་ཏུ་གཏོང་བ་དང་། དེ་ལ་བརྟེན་ནས་མཚན་རེར་མཚན་མར་མི་བདེ་བ་དང་། ཟ་འཁྲུག་ལངས་པ། སྐམ་ཤེད་ཆེ་བ་བཅས་ཀྱི་སྣང་ཚུལ་བསྐྲུན་པ་ཡིན། གྲང་འབུ་གསང་རེག་ཚ་ནད་མདང་། དྲི་ངན་མཚན་གཉན་ཕོག་ཡོད་པའི་སྐྱེས་མ་ཚོའི་མཚན་མར་གཉན་ཁ་རྒྱས་ཡོད་པའི་རྒྱུ་མཚན་གྱིས་ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་གཞན་འགོས་པའི་ཉེན་ཁ་ཆེ་བ་ཡོད། སྦྲུམ་མ་ཚོར་མཚོན་ན་གོང་གི་ནད་རིགས་དེ་གཉིས་དང་། བྱིས་པ་བཙས་དུས་བྱིས་པ་བསྐྱེད་འཚར་ཚད་ལོངས་མེད་པ་དང་། བཙའ་དུས་བྱིས་པའི་ལུས་ལྗིད་ཧ་ཅང་ཆུང་བའི་གནས་སྟངས་འབྱུང་བ་དང་འབྲེལ་བ་ཆགས་ཡོད།
        6.མཚན་མའི་གཉན་ཚད་ཁ་ཤས་ཤིག་ཕོ་ནས་མོ་ལ་འགོས་པའི་སྣང་ཚུལ་ཡང་ཡོད།
        དེ་ཙམ་དུ་མ་ཟད། མཚན་མའམ་གསང་གནས་ཀྱི་ནད་རིགས་མང་པོ་ཞིག་གཙང་སྦྲ་དང་། ཟས་རིགས། ལོ་ཚོད། མངལ་སྦྲུམ་པ་སོགས་གནས་སྟངས་གཞན་མང་པོ་ཞིག་ལ་བརྟེན་ནས་འབྱུང་བ་ལས། མི་ཞིག་གི་ཀུན་སྤྱོད་ལེགས་མིན་གྱི་སྟེང་ནས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་གཏན་ནས་མིན། ང་ཚོས་མོ་མཚན་ལ་གཉན་ཁ་བསྐྱེད་པའི་ནད་རིགས། དེ་དག་གི་འབྱུང་རྐྱེན། རང་ངོས་ནས་དོ་སྣང་བྱེད་པ་གལ་ཆེ། མཚན་མའི་གཤེར་ཁུའི་ཁ་དོག་དང་། དྲི་མ། མང་ཉུང་བཅས་ལ་འགྱུར་ལྡོག་བྱུང་བ། མཚན་མར་ཟ་འཁྲུག་ལངས་པ་དང་། ལུས་འབྲེལ་བྱེད་དུས་མཚན་མར་ན་ཟུག་རྒྱག་པ། གཅིན་པ་གཏོང་དུས་ན་ཟུག་རྒྱག་པ། མཚན་མའི་གཤེར་ཁུའི་ནང་ཁྲག་འདྲེས་པ། སྐྱེས་མ་མང་པོ་ཞིག་ལ་སྣང་ཚུལ་འདི་མེད། མཚན་མའི་གཤེར་ཁུའི་ཁྱད་ཆོས་ཀྱིས་མཚན་མའི་གཉན་ཚད་རིགས་གང་ཡིན་སྟོན་སྲིད། དཔེར་ན།
        དྲི་ངན་མཚན་གཉན་ཕོག་ཡོད་ན་མཚན་མའི་གཤེར་ཁུའི་ཁ་དོག་ཐལ་སྐྱ་དང་། གཤེར་ཁུ་ལ་དྲི་ངན་བྲོ། དྲི་ངན་དེ་ཡང་ཉའི་དྲི་མ་འདྲ་བོ་ཡོད་སྲིད་ལ། ལུས་འབྲེལ་བྱས་རྗེས་དྲི་ངན་འདི་མངོན་གསལ་དོད་པོར་འགྱུར། སྐྱུར་རྩིའི་གཉན་ཚད་ཕོག་ཡོད་ན་ནད་རྟགས་གཙོ་བོ་མཚན་མར་ཟ་འཁྲུག་ལངས་པ་དང་། འབྲུམ་ཕྲན་ཞིབ་མོ་འབྱུང་བ། མཚན་མའི་གཤེར་ཁུ་སྟུག་པོ་འབབ་པ། གྲང་འབུ་གསང་རེག་ཚ་ནད་ནི་ལུས་འབྲེལ་བརྒྱུད་ནས་ཕོ་ནས་མོ་དང་། མོ་ནས་ཕོ་ལ་འགོས་པའི་འགོས་ནད་ཅིག་ཡིན་ལ། ནད་འདི་ཕོགས་ཡོད་ཚེ་མཚན་མ་ལས་ལྗང་སེར་འདྲེས་མའི་གཤེར་ཁུ་འབབ་པ་དང་། མཚམས་རེར་གཤེར་ཁུ་ཝུ་སོབ་ཅན་འབྱུང་གིན་ཡོད། འདི་འདྲའི་མི་བདེ་བའི་སྣང་བ་འབྱུང་དུས་སྨན་པར་བསྟེན་དགོས། ད་སྔོན་མཚན་མར་གཉན་ཚད་ཕོག་མྱོང་ན་ངེས་པར་སྨན་པར་བསྟེན་དགོས། ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་ཁ་ཤས་ལ་སྐྱུར་རྩིའི་གཉན་ཚད་དང་ཡང་ན་དྲི་ངན་གཉན་ཚད་དང་ཆ་འདྲ་བའི་རྟགས་མཚན་ཡང་ཡོད། ཚ་བ་འཕར་བའམ། གྲང་ངད་ལངས་པ། འཚང་ར་ན་བ་སོགས་འབྱུང་ན་སྨན་པར་མྱུར་བར་བསྟེན་དགོས། རང་རིགས་ཀྱི་བུད་མེད་རྣམས་ནི་ངོ་ཚ་དགོས་པ་ལ་ངོ་ཚ་མི་ཤེས་པ་དང་། ངོ་ཚ་མི་དགོས་པ་ལ་ངོ་ཚ་བྱེད་པ་ཡིན། དེར་བརྟེན་བཟའ་ཟླ་ཚོས་ཀྱང་དེ་ལ་མཐོང་ཆུང་མང་དྲག་པས་སྨན་པ་བསྟེན་པ་དང་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས་ཧ་ཅང་ཞན་པས་དེ་དག་བསྒྱུར་བཅོས་བྱེད་ཅིང་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡོང་བར་རེ་སྨོན་ཞུ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1