གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༢ཉིན།

༄༅།། སེམས་ཙམ་པའི་གདན་ས་ཆེན་མོ་ཞི་ཨན་བྱམས་ཆེན་དགོན།


རྣམ་དཀར་ལྷ་མོ།

 

        ང་རང་ཆུང་དུས་ནས་བཟུང་རིག་ཚན་སོ་སོའི་ཁྲོད་ནས་ལོ་རྒྱུས་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན་ལ། སློབ་ཆུང་གི་དུས་ནས་བཟུང་སློབ་ཕྱིའི་དཔེ་ཀློག་གི་ཕྱོགས་ནས་ལོ་རྒྱུས་དང་ཡང་ན་ལོ་རྒྱུས་དང་འབྲེལ་བའི་བརྩམས་སྒྲུང་ལ་ལྟ་རྒྱུར་ཤིན་ཏུ་དགའ། དེ་མ་ཟད་ལོ་ན་ཡར་སོན་པ་དང་བསྟུན་ནས་ལོ་རྒྱུས་བརྗོད་བྱ་བྱས་པའི་བརྙན་འཕྲིན་ཟློས་གར་ལའང་སྤྲོ་བ་ཆེན་པོ་ལྡན། ནམ་རྒྱུན་ཀྲུང་གོའི་གནའ་བོའི་ལོ་རྒྱུས་བཟློས་པའི་བརྙན་འཕྲིན་ཟློས་གར་ལ་ལྟ་དུས་ཁྲང་ཨན་མཁར་ནི་ནམ་ཡང་གོ་ཚོར་མཐོང་ཚོར་ཡོད་པའི་མཁར་རྫོང་ཞིག་ཏུ་གྱུར་འདུག ལྷག་པར་ཉེ་སྔོན་ཁྲང་ཨན་གྱི་དུས་ཐུན་བཅུ་གཉིས་ཞེས་པའི་ཐང་རྒྱལ་རབས་རྒྱབ་ལྗོངས་བྱས་པའི་ལོ་རྒྱུས་རྟོག་བཏགས་བརྙན་འཕྲིན་ཟློས་གར་དེ་ལ་བལྟས་རྗེས། མཁར་རྫོང་འདིའི་སྐོར་ལ་རྒྱུས་ལོན་ཞིག་བྱེད་པའི་བསམ་བློ་ངང་གིས་སྐྱེས། དེ་མིན་《ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད》ལས་ཞོན་ཙང་བླ་མ་ཁྲང་ཨན་མཁར་ནས་ལམ་ལ་ཆས་ཏེ། དཀའ་བ་ཁྲི་ཕྲག་བསལ་ནས་ནང་ཆོས་རྒྱའི་ཡུལ་དུ་གདན་དྲངས་པ་སོགས་ཀྱི་ངོ་མཚར་བའི་ལོ་རྒྱུས་ཀྱིས་དུས་ནམ་ཡང་ང་ལ་འཚོལ་སྙེག་གི་བསམ་བློ་ཞིག་སྐབས་སྐབས་སུ་སྐྱེས་སུ་བཅུག

        ཁྲང་ཨན་ཏེ་ད་ལྟའི་ཞི་ཨན་ཞེས་པའི་མཁར་རྫོང་འདི་ལ་མཚོན་ན་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད་ལ། དེ་ནི་ནང་ལོགས་ས་ཁུལ་གྱི་དཔལ་འབྱོར་དང་དམག་དོན། བསམ་བློ་སོགས་ཀྱི་ལྟེ་བར་ཆགས་ཡོད་ལ། ཀྲུའུ་རྒྱལ་རབས་དང་ཆིན་རྒྱལ་རབས། ཧན་རྒྱལ་རབས་སོགས་སྔ་གཞུག་རྒྱལ་རབས་མི་འདྲ་བ་བཅུ་གསུམ་ལྷག་གིས་གནས་འདི་རྒྱལ་ས་བྱས་མྱོང་། ལྷག་པར་ཀྲུང་གོའི་ལོ་རྒྱུས་སྟེང་ན་མཚར་སྡུག་འོད་སྟོང་འབར་བའི་རྒྱལ་རབས་ཏེ་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཡང་ཁྲང་ཨན་ཏེ་ད་ལྟའི་ཞི་ཨན་གྱི་ཡུལ་འདི་ཡིན་ལ། གནས་འདི་ན་དུས་ད་ལྟའི་བར་དུ་ཡང་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྩ་ཆེན་མང་པོ་ལྷག་ཡོད་ལ། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དུར་རྟ་དང་མཁར་རྫོང་། ཏཱ་མིང་ཕོ་བྲང་བཅས་ཡོད་ལ། མ་ཟད་ནང་བསྟན་གྱི་དགོན་སྡེ་བྱམས་ཆེན་དགོན་ཡང་ཡོད་དོ།
        བྱམས་ཆེན་དགོན་དེ་ཞི་ཨན་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་ཤིང་། ཀྲུང་གོའི་ནང་བསྟན་གྱི་སེམས་ཙམ་པའི་དགོན་སྡེ་ཐོག་མར་འབོད་བཞིན་ཡོད་ལ། ད་ལྟའི་བར་དུ་ལོ་ངོ་1350ལྷག་གི་ལོ་རྒྱུས་ལྡན། དེ་ཡང་བྱམས་ཆེན་དགོན་འདི་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་བསྐྲུན་པ་ཡིན་ལ། ཀྲིན་ཀོན་ཁྲི་ལོ་ཉེར་གཉིས་པ་སྟེ་སྤྱི་ལོ་648ལོ་ལ་རྒྱལ་སྲས་ལི་ཀྲི་ལགས་ཀྱིས་རྒྱལ་ཡུམ་ཀྲང་སྲུང་བཟའ་ལ་རྗེས་དྲན་གྱི་ཚུལ་དུ་བཞེངས་པ་ཡིན་ལ། དྲིན་ཨ་མའི་བྱམས་དང་དྲིན་ལན་མཇལ་ཆེད་བསྐྲུན་པ་ཡིན་པས་དགོན་པའི་མཚན་ལ་བྱམས་ཆེན་དགོན་ཞེས་བཏགས་པ་རེད། འདི་ནི་སྐབས་དེའི་ཐང་གི་ཁྲང་ཨན་གྲོང་ཁྱེར་གྱི་གཞི་རྒྱ་ཆེས་ཆེ་བའི་དགོན་སྡེ་ཡིན། དགོན་པ་བཙུགས་རྗེས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཀྲུང་ཕྱིའི་ནང་པའི་དད་ལྡན་མང་ཚོགས་ཀྱི་མཇལ་རྟེན་དུ་གྱུར།
        ཐང་རྒྱལ་རབས་སྐབས་ཀྱི་བྱམས་ཆེན་དགོན་ནི་འཛུགས་སྐྲུན་གཞི་རྒྱ་ཆེ་ཞིང་། གཞི་ཁྱོན་ལ་མུའུ་བཞི་བརྒྱ་ལྷག་ཡོད་ལ། ར་སྐོར་བཅུ་ཕྲག་དང་ཁང་མིག་1897ཡོད་ཅིང་། སྐབས་དེའི་ཆེས་རྔམ་བརྗིད་ལྡན་པའི་གོང་མའི་དགོན་སྡེ་ཡིན། དགོན་པ་འགྲུབ་ཚར་རྗེས་གྲྭ་པ་སུམ་བརྒྱ་ལྷག་གིས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཞིང་། ནུབ་ཕྱོགས་སུ་ཆོས་ཞུར་ཕེབས་པའི་ཞོན་ཙང་བླ་མ་གདན་འདྲེན་ཞུས་ནས་དགོན་པའི་གདན་རབས་ཐོག་མ་མཛད། ཞོན་ཙང་བླ་མས་གནས་འདི་ནས་ནང་བསྟན་ལོ་ཙྭ་དང་ཆོས་འཆད་ཉན་སྤེལ་བྱས་ནས་ལོ་ངོ་11ལ་བཞུགས་ཤིང་། དགེ་ཕྲུག་ཁའེ་ཅི་དང་མཉམ་དུ་ནང་བསྟན་གྱི་གྲུབ་མཐའ་གཙོ་བོ་མཚན་ཉིད་སེམས་ཙམ་པའི་གྲུབ་མཐའ་བཏོད་ནས་བྱམས་ཆེན་དགོན་སེམས་ཙམ་པའི་དགོན་སྡེ་ཀུན་གྱི་མགོ་ཁུངས་ལྟ་བུར་གྱུར། ད་ལྟ་ང་ཚོས་མཐོང་ཐུབ་པ་འདི་ནི་མིང་རྒྱལ་རབས་ཀྱི་ཁྲིན་ཧྭ་ཁྲི་ལོ་གཉིས་པ་སྟེ་1466ལོར་སྔར་གྱི་དགོན་པའི་ནུབ་ཀྱི་ར་སྐོར་གྱིས་རྨང་གཞི་བྱས་ནས་བསྐྲུན་པ་ཡིན་ལ། གཞི་ཁྱོན་ལ་མུའུ་76ལྷག་ལས་མེད། དགོན་པའི་སྒོ་ཆེན་ནས་ནང་དུ་འཛུལ་ན་ཅོང་དང་མཁར་རྔ་ཁ་གཏད་དུ་བཞག་ཡོད་ལ། དེ་ནས་ཚོགས་ཆེན་འདུ་ཁང་དང་ཆོས་ཁང་། ཏ་ཡཱན་ཐ་མཆོད་རྟེན་ཆེན་མོ། ཞོན་ཙང་སྡེ་སྣོད་གསུམ་ལྡན་གཙུག་ལག་ཁང་། དགོན་པའི་གཙུག་ལག་ཁང་སོགས་དང་ལྡེབས་རིས་དང་འབུར་བརྐོས་བསམ་གྱིས་མི་ཁྱབ་པ་མཐོང་རྒྱུ་འདུག
        ལྡེབས་རིས་མང་ཆེ་བ་རི་མོ་བ་གྲགས་ཅན་ཡན་ལི་པིན་དང་ཝུའུ་ཏོ་ཙི་སོགས་ཀྱིས་བྲིས་པ་ཡིན་ལ། ཐང་ཐེ་ཙུང་གིས་རྒྱ་གར་ནས་ཆོས་ཞུས་ཕེབས་པའི་ཞོན་ཙང་ལ་དགོན་སྡེ་བདག་ཉར་བྱེད་དུ་བཅུག་པར་མ་ཟད། ཆེད་དུ་ཁོ་ལ་ལོ་ཙྭ་གླིང་བཙུགས་ཤིང་། རྒྱལ་ནང་གི་གྲྭ་བཙུན་མཁས་པ་མང་པོ་གདན་འདྲེན་ཞུས་ནས་ཞོན་ཙང་ལ་བསྟན་བཅོས་ལོ་ཙཱ་བྱེད་པར་རོགས་རམ་བྱེད་དུ་བཅུག རྒྱ་གར་ནས་གདན་དྲངས་ཡོང་བའི་ནང་ཆོས་བསྟན་བཅོས་དང་རིང་བསྲེལ་བདག་ཉར་ལེགས་པོ་བྱ་ཆེད། ཐང་ཀོ་ཙུང་གིས་652ལོར་ཞོན་ཙང་བླ་མར་རོགས་དངུལ་བཏང་ནས་རྒྱ་གར་གྱི་འཛུགས་སྐྲུན་ལ་དཔེ་བྱས་ཏེ་ཐོག་བརྩེགས་ལྔ་ཅན་གྱི་ཏ་ཡཱན་ཐ་མཆོད་བརྟེན་བཞེངས་པ་ཡིན་ལ། སྐབས་དེའི་རྒྱ་གར་ལ་མཚོན་ན་ཤོག་བུའི་བཟོ་རྩལ་དར་མེད་པས་ནང་པའི་བསྟན་བཅོས་ཡོད་ཚད་ཤིང་ཏ་ལའི་ལོ་མར་བྲིས་ཡོད་པས། དུས་ད་ལྟ་ཡང་བྱམས་ཆེན་དགོན་དུ་མཐོང་རྒྱུ་འདུག ཝུའུ་ཙེ་ཐེན་གྱི་སྐབས་སུ་བརྩེགས་བདུན་ཅན་བསྐྲུན་ཞིང་རྒྱལ་རབས་དུ་མའི་ཆགས་འཇིག་དང་ཞིག་གསོ་བརྒྱུད་ད་ལྟ་མཐོང་ཐུབ་པ་འདི་ནི་མིང་རྒྱལ་རབས་སྐབས་སུ་བསྐྲུན་པ་ཡིན་ལ་ཐང་རྒྱལ་རབས་སྐབས་ཀྱི་འཛུགས་སྐྲུན་ཁྱད་ཆོས་ཕལ་ཆེ་བ་སོར་བཞག་བྱས་ཡོད།
        ཞོན་ཙང་སྡེ་སྣོད་གསུམ་ལྡན་གཙུག་ལག་ཁང་གི་ཁྲོད་དུ་ཞོན་ཙང་བླ་མའི་རིང་བསྲེལ་དང་ཟངས་བཟོས་སྐུ་འདྲ་དང་། གྱང་ལྡེབས་སུ་ཞོན་ཙང་བླ་མའི་མི་ཚེ་གང་པོའི་རྣམ་ཐར་གྱི་ལྡེབས་རིས་ཡོད་ལ། འདི་ནི་མིག་སྔར་ཞོན་ཙང་བླ་མ་རྗེས་དྲན་ཞུ་བའི་དྲན་གསོ་ཁང་ཆེས་ཆེ་ཤོས་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རུ་ཁག་གིས་འདི་ལ་དེང་རབས་ཀྱི་ཏུན་ཧོང་ཞེས་པའི་མཚན་ཡང་བསྩལ་མྱོང་། ཞོན་ཙང་བླ་མས་བརྗོད་དོན་གཙོ་བོ་བྱས་པའི་ཏ་ཡཱན་ཐ་མཆོད་རྟེན་ཐང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་མུའུ་20ལྷག་ཡོད་ལ། ཐང་དཀྱིལ་དུ་ཞོན་ཙང་བླ་མའི་ཟངས་སྐུ་ཞིག་བཞེངས་འདུག
        གནའ་བོའི་དུས་སུ་ཏ་ཡཱན་ཐ་མཆོད་རྟེན་དང་འབྲེལ་བའི་ངོ་མཚར་ལོ་རྒྱུས་མང་པོ་ཡོད་ལ། རྒྱའི་སྙན་ངག་པ་དང་ཤེས་ཡོན་པ་མང་པོ་གནས་འདིར་འཛོམས་ནས་སྙན་ཚིག་འབྲི་རྒྱུའི་སྲོལ་ཡོད་ལ། དགོན་པ་ཐོག་མར་འགྲུབ་པའི་དུས་སུ་རྒྱལ་སྲས་ལི་ཀྲི་ཡིས་བློན་འཁོར་ཁྲིད་ནས་སྙན་ཚིག་བྲིས་མྱོང་། ཁོ་རང་གོང་མའི་ཁྲི་ལ་བཞུགས་རྗེས་ཆེད་དུ་བྱམས་ཆེན་དགོན་ལ་སྙན་ཚིག་བྲིས་མྱོང་། ལྷག་པར་དུ་ཐང་ཀྲུང་ཙུང་གི་སྐབས་སུ་དགུ་པའི་ཚེས་དགུའི་ཉིན་ལ་རྒྱལ་པོ་སྐུ་དངོས་སུ་མཆོད་རྟེན་དུ་འཛེགས་ནས་སྙན་ཚིག་གླེང་བའི་སྲོལ་དར་འདུག་ལ། ཤེས་ཡོན་པ་དག་གིས་དེ་ལ་དཔེ་ལྟ་དང་ལད་ཟློས་བྱས་ནས་བར་སྐབས་ཤིག་ལ་དེ་འབྲེལ་གྱི་སྙན་ཚིག་པོ་ཏི་བཞི་ བཅུ་ལྷག་ཡོད་པར་བཤད་ལ། ཐང་རྒྱལ་རབས་སྐབས་ཀྱི་སྙན་ངག་པ་མང་པོ་ཞིག་གིས་གནས་འདི་ནས་ངོ་མཚར་རྨད་བྱུང་གི་སྙན་ཚིག་བྲིས་མྱོང་། དེ་མིན་ད་དུང་ཚན་རྒྱུགས་ལམ་ལུགས་ཀྱི་སྐབས་སུ་རྒྱུགས་ལེན་ལེགས་འགྲུབ་བྱུང་ན་མཆོད་རྟེན་གྱི་གྱང་ལྡེབས་ངོས་སུ་རང་ཉིད་ཀྱི་མིང་འབྲི་རྒྱུའི་སྲོལ་ཆགས་ཡོད་ལ། འདི་ལས་ཁོ་ཚོའི་གཟི་བརྗིད་དང་ང་རྒྱལ་མཚོན་ཡོད།
        དུས་ད་ལྟར་སྙན་ངག་གི་མཆོད་པ་དང་མཚན་བྱང་འབྲི་བའི་ཤེས་རིག་གི་རྦ་རླབས་ཆེན་པོ་དང་། ཞི་ཨན་མཁར་བརྗིད་ཆགས་རྔམ་བརྗིད་ཟིལ་གྱིས་གནོན་པའི་གཞི་རྒྱ་མེད་མོད། ཁྱེད་རང་ཏ་ཡཱན་ཐ་མཆོད་རྟེན་ཐང་ཆེན་ནས་འགྲེང་སྟེ་སྔར་སོང་གི་ལོ་རྒྱུས་དེ་དག་དང་ཆགས་འཇིག་དེ་དག་ལ་ཕྱིར་འདང་རེ་བརྒྱབ་དུས། མིག་མདུན་དུ་གསལ་བའི་བྱམས་ཆེན་དགོན་འདི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1