གེ་སར་མཁར་གྲོང་གིས་ཡུལ་སྐོར་ཐོག་མར་བསུས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-03



        དཀར་མཛེས་རྫོང་གེ་སར་མཁར་གྲོང་ལྗོངས་རྒྱུའི་ཁུལ་གྱིས་ལོ་ངོ་གཉིས་རིང་གི་བློ་གྲོས་ཀྱི་བཟོ་བཀོད་བརྒྱུད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་དུས་བསྐལ་བཟང་བོར་འཕྲད་ཅིང་།  ལྗོངས་ཁུལ་གྱིས2019ལོའི་ཟླ9བའི་ཚེས16ཉིན་མཁར་གྲོང་གི་ཚོང་སྒོ་ཕྱེས་ཤིང་།  ཚོང་སྒོ་ཕྱེས་པ་ནས་བཟུང་འགྲུལ་བ་མི་གྲངས་ཁྲི15.8བརྒལ་བ་ཞིག་སྣེ་ལེན་བྱས།  

         ཐེངས་འདིའི་ཐོག་མའི་ཡུལ་སྐོར་རུ་དཔུང་བདེ་བླག་ངང་ཡུལ་སྐོར་འགྲུལ་བཞུད་ལེགས་འགྲུབ་བྱུང་བ་དང་། ཡུལ་སྐོར་བ་རྣམས་ཀྱི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་པ་དང་། གེ་སར་མཁར་གྲོང་གི་ཡུལ་སྐོར་ས་ཁུལ་དུ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཞིང་། དཀར་མཛེས་རྫོང་གི“མཛེས་པའི་བོད་གྲོང་དང་རྡོག་བྲོའི་ཕ་ཡུལ”གྱི་ཡུལ་སྐོར་རྟགས་མའི་མིང་གྲགས་ཀུན་ལ་ཁྱབ་པར་བྱས། དེ་དང་ཆབས་ཅིག་ཏུ། དཀར་མཛེས་རྫོང་གི་དཔྱིད་གསར་སྐབས་ནས་ཤར་བགྲོད་རླངས་འཁོར་དང་སྤྱི་ལོ2020ལོ་ནས་གཟའ་ཕུར་བུའི་ཉིན་ཁྲིན་ཏུའུ་སོགས་སི་ཁྲོན་ནང་ཁུལ་གྱི་རིམ་པ་གཉིས་པའི་གྲོང་ཁྱེར་ནས་དཀར་མཛེས་གེ་སར་མཁར་གྲོང་བར་ཡུལ་སྐོར་ཚོགས་པའི་ཤར་གཏོང་རླངས་འཁོར་བྱུང་བ་དང་། རྒྱ་ཆེའི་ཡུལ་སྐོར་བ་རྣམས་གནས་འདིར་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་ཧྲིན་མིན་ཁྲིན་གྱིས་ངོ་སྤྲོད་གནང་བྱུང་།
    དཀར་མཛེས་རྫོང་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སོན་མེན་ཁྲོན་གྱིས་ངོ་སྤྲོད་གནང་རྒྱུར། གེ་སར་གནམ་ཐང་ཤར་གཏོང་བྱེད་པ་དང་བསྟུན་ནས།  ཁྲིན་ཏུའུ་ནས་དཀར་མཛེས་ལ་ཡུལ་སྐོར་འགྲོ་བའི་མ་གཞིའི་དུས་ཚོད10ནས་ད་ལྟའི་དུས་ཚོད2རུ་ཇེ་ཐུང་དུ་བཏང་བས།  “ནངས་མོར་ལམ་ལ་ཆས་པ་དང་དགོང་ཁར་ཕྱིར་ལོག་པ”དང“གུང་གསེང་ཡུལ་སྐོར”སོགས་འགྲུལ་ཐག་ཐུང་བའི་སྤྲོ་གསེང་དངོས་ཡོད་དུ་གྱུར།  ལྷག་པར་ཏུ“གེ་སར་མཁར་གྲོང”ལྟེ་བ་རུ་བྱས་ཏེ།  དུས་ཚོད་གཉིས་ཀྱི་ནང་གསེར་རྟ་དང་བྲག་འགོ    ཉག་རོང་།  དཔལ་ཡུལ།  སྡེ་དགེ་སོགས་ཀྱི་ས་ཆར་སླེབས་ཏེ།   ངོ་མཚར་བའི་བོད་ཁུལ་གྱི་ཡུལ་ལྗོངས་དག་གཟུགས་འཛིན་མིག་གིས་ལོངས་སྤྱོད་བྱ་ཐུབ།
   
    ཐེངས་འདིའི་ཡུལ་སྐོར་ཚོགས་པ་ནི་ཁྲིན་ཏུའུ་ནས་དར་མདོ་དང་།  དཔལ་སྨད། ལུང་བསྟན་གེ་སར་རྩྭ་ཐང་ཆེན་མོ། རྟའུ་སོགས་བརྒྱུུད་ནས་དཀར་མཛེས་རྫོང་གེ་སར་མཁར་གྲོང་ལ་ཐོན།  གཙོ་བོ་ད་ལོའི་དཀར་མཛེས་ཁུལ་གྱིས་གཙོ་གནད་འོས་སྦྱོར་བྱས་པའི“ཁ་བའི་འདབ་མ་གཡོ་བའི་དགུན་གྱི་དུས་སུ་དཀར་མཛེས་ལ་ལྗོངས་རྒྱུ་བྱེད”ཞེས་པའི་སྤུས་ལེགས་ཀྱི་ལམ་ཐིག་ལྔའི་ཡ་གྱལ“གེ་སར་རིག་གནས་ལ་བརྟེན་ནས་ངོ་མཚར་བའི་གསང་བ་འཚོལ་བའི་འགྲུལ་བཞུད”ཞེས་པར་རོལ་མྱོང་བྱས།
    འགྲུལ་བ་རྣམས་གེ་སར་མཁར་གྲོང་གི་སྒོ་མདུན་དུ་ཐོན་མ་ཐག   ས་གནས་མང་ཚོགས་ཀྱི་སྤྲོ་སེམས་ཚོར་བྱུང་།  “གླིང་གི་དམག་དཔོན་ཆེ་བཞི”དང“གེ་སར་གྱི་བཙུན་མོས”གཟབ་འཆོར་སྤྲས་ནས་མཁར་སྒོའི་མདུན་ནས་རྔ་བརྡུང་ཏེ། ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་བསུ་མ་བྱས་ཤིང་། ཁོ་ཚོར་དྲི་མེད་ཀྱི་ཁ་བཏགས་འབུལ་བ་དང་།  ནས་ཆང་བདུད་རྩི་དྲངས་ཏེ།  ཚང་མ་ཁྲིད་དེ་བསང་ཕུད་པ་དང་སྨོན་ལམ་བརྒྱབ།  ཕྱེ་མར་སྒམ་ཆུང་གི་མདུན་དུ་ནས་ཆང་དང་རྩམ་པ་མཆོད་ནས་སྨོན་འདུན་གྱི་མཛད་སྒོ་ཉམས་སུ་མྱངས།  དེའི་རྗེས་སུ།  འགྲུལ་བ་རྣམས་ཀྱིས་མཁར་གྲོང་ནས་ལྷ་ཆབ་འཐུང་བ་དང་སྨོན་ལམ་རྒྱག་པ།  རྟར་ཞོན་པ། མདའ་རྩལ་ངོམས་པ་སོགས་རྩེད་རིགས་རྣམ་གྲངས་ལ་རོལ་མྱོང་བྱས། མཁར་གྲོང་ནང་གི་བརྗིད་ཉམས་ལྡན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་།  ཁྱད་དུ་འཕགས་པའི་རིག་གནས་ཀྱི་མཛེས་བ། ཞབས་ཞུའི་སྤུས་ཚད་ལེགས་པོ་བཅས་ཀྱིས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས།
  
    དགོང་མོར།  དཀར་མཛེས་མི་དམངས་ཀྱིས་འགྲུལ་བ་རྣམས་ལ་ངོ་མཚར་བའི་གནམ་ལོ་གསར་ཚེས་ཀྱི་མེ་ཕུང་དགོང་ཚོགས་ཕུལ་ཞིང་།   སྐལ་བཟང་མེ་ཏོག་དཀར་མཛེས་གླུ་གར་ཚོགས་པའི་འཁྲབ་སྟོན་གྱིས་དཀར་མཛེས་མི་དམངས་གྱིས་འགྲུལ་བ་རྣམས་ལ་བཅངས་པའི་བརྩེ་སེམས་མཚོན་པས།  འགྲུལ་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་དྲན་རྟེན་གྱི་ཚུལ་དུ་པར་བླངས། མེ་ཕུང་གི་མདུན་ནས་གླུ་གར་གྱི་རྒྱ་མཚོ་འཁྱིལ་ཞིང་།  དགའ་བདེའི་དཔལ་ལ་རོལ། འགྲུལ་བ་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་བྲོའི་དཔུང་ཁག་ཁྲོད་ཞུགས་པས།  ཡུལ་དངོས་ནི་གླུ་གར་གྱི་རྒྱ་མཚོ་དང་ཀུན་ནས་མཚུངས།
    གངས་རིའི་མཐའ་ནས་བསྐོར་ཞིང་།  འབྲུག་མོའི་མཚེའུ་དང་ལྷོག་ལྷོག་ཏུ་གདུ་བའི་ཆུ་ཚན་བཅས་ཀྱིས་ནན་ཅིང་གྲོང་ཁྱེར་ནས་ཕེབས་པའི་སྐུ་ཞབས་དབྱང་ལགས་ཀྱི་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག  སྐུ་ཞབས་དབྱང་ལགས་ཀྱིས“ང་ནི་ས་འདིའི་སྙན་པའི་གྲགས་པ་རྒྱས་པའི་དབང་གིས་ཡུལ་སྐོར་ཚོགས་པ་འདིར་ཞུགས་པ་ཡིན་ཅིང་།   བསམ་ཡུལ་ལས་འདས་པ་ཞིག་ལ།  འདི་རུ་ཡུལ་ལྗོངས་མཛེས་པ་ཙམ་མ་ཟད།  བཟོ་བཀོད་ཁྱད་དུ་འཕགས་ཤིང་།  རིག་གནས་ཀྱི་མཁའ་དབུགས་ཧ་ཅང་སྟུག་པས།  ཡིད་དབང་རབ་ཏུ་འཕྲོག་པར་བྱེད”  ཞེས་བརྗོད།  འདུ་འཛི་དང་འུར་ཟིང་རྒྱང་དུ་གྱེས་པའི་གནའ་བོའི་མཁར་གྲོང་འདིའི་ནང་དུ།   ཁྱད་ལྡན་གྱི་གླུ་གར་རིག་གནས་དང་།   བབ་ཆགས་པའི་མི་ཆོས་དམངས་སྲོལ།  བརྩེ་སེམས་ཀྱིས་ཁེངས་པའི་མེ་ཕུང་དགོང་ཚོགས་བཅས་ཀྱིས་ཕྱིར་རང་གི་གནས་མལ་དུ་ལོག་རྒྱུ་བརྗེད་འགྲོ་བ་ལྟ་བུར་གྱུར།  
    རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་རྫོང་གེ་སར་མཁར་གྲོང་དེ་དཀར་མཛེས་རྫོང་གི་ཤར་ནུབ་ཀྱི་མཚམས་སུ་ཆགས་ཡོད་ལ། འཆར་འགོད་ཀྱི་ས་ཆའི་རྒྱ་ཁྱོན་ལ་མུའུ1455ཡོད་པ་དང་།   མ་དངུལ་དུང་ཕྱུར་གསུམ་ལྷག་བཏང་ཡོད། གེ་སར་གནམ་གྲུའི་འབབ་ཐང་ནས་སྤྱི་ལེ50ལྷག་ཡོད། དཀར་མཛེས་རྫོང་ལ་མཚོན་ན། ད་ལྟའི་ཆར་ཐོན་ལས་དབུལ་སྐྱོར་དང་རིག་གནས་ཡུལ་སྐོར་གྱི་ལས་གཞི་ཆེ་ཤོས་ཡིན། ལྗོངས་རྒྱུའི་ས་ཁུལ་གཙོ་བོར་གེ་སར་རིག་གནས་ཁུལ་དང་ན་འདམ་སྤྲོ་སྐྱིད་གླིང་། རྩྭ་ཐང་རོལ་མྱོང་ཁུལ་དང་ལོ་རྒྱུས་སྙན་ངག་ལྟ་སྐོར་ཁུལ་བཅས་ཀྱིས་གྲུབ་ཡོད་ལ།  དེའི་ནང་།  ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་ལ་སྐུ་མཁར་སེང་འབྲུག་སྟག་རྩེ། འགུལ་རྣམ་ཅན་དང་འགུལ་རྣམ་ཅན་མ་ཡིན་པའི་རིག་གནས་འགྲེམ་སྟོན་དང་རོལ་མྱོང་ཁུལ། རྔམ་མཐུག་པའི་མི་ཆོས་རིག་གནས་ཀྱི་ཕྱུག་པས། གོམ་པ་འགའ་རེའི་མཚམས་སུ་ཁང་བརྩེགས་དང་ཁང་མིག་སྣ་ཚོགས་ཀྱི་གྲུབ་ནས་ཡོད་ཅིང་། བཟོ་སྐྲུན་གྱི་གཞི་ཁྱོན་ཆེ་ཞིང་རིག་གནས་ཀྱི་ཉིང་བཅུད་འདུས་པ། སྐྱེ་སྟོབས་དང་གསོན་ཉམས་ཀྱིས་ཕྱུག་པའི་འཚོ་བའི་རྣམ་པ་གསར་བ་ཞིག་མིག་ལམ་དུ་བསྟར་ནས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1