ཞི་ཅིན་ཕིང་གིས་གལ་ཆེའི་རྩོམ་ཡིག་སྤེལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-03



            བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ་བ།
            སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་1ཉིན་དཔེ་སྐྲུན་བྱས་པའི་ད་ལོའི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ་ཡོད།
            རྩོམ་ཡིག་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡར་རྒྱས་གོང་འཕེལ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ་བཅས་ཀྱི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི་གཏན་འབེབས་ཀྱིས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཐད་གང་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་གཏོང་དགོས་པ་དང་། གང་ཞིག་འཐུས་ཚང་དང་གོང་འཕེལ་གཏོང་དགོས་པའི་ཆབ་སྲིད་དྲི་བར་ལན་བཏབ་ཡོད་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་བསྒྲགས་གཏམ་ཡིག་ཆ་ཞིག་ཀྱང་ཡིན། ཏང་ཡོངས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དེར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་དང་།
            རྩོམ་ཡིག་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བློ་སྤོབས་བརྟན་དུ་གཏོང་དགོས། ལམ་ལུགས་ཀྱི་བཟང་ཆ་ནི་རྒྱལ་ཁབ་གཅིག་གི་བཟང་ཆ་ཆེ་ཤོས་དེ་ཡིན་པ་དང་། ལམ་ལུགས་ཀྱི་འགྲན་རྩོད་ནི་རྒྱལ་ཁབ་བར་ཆེས་རྩ་བར་འགྱུར་བའི་འགྲན་རྩོད་ཡིན། ལམ་ལུགས་བརྟན་པོ་ཡོད་ན་རྒྱལ་ཁབ་བརྟན་པོ་ཡོང་ཐུབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ལ་ལོ་རྒྱུས་ཀྱི་རྨང་གཞི་ཟབ་པ་དང་། ཕྱོགས་མང་པོའི་བཟང་ཆ་མངོན་གསལ་དོད་པ། ལག་ལེན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ལྡན་ཡོད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་བློ་སྤོབས་དང་། རིགས་གཞུང་གི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་དགོས་ཞེས་འཁོད་ཡོད་པ་དང་།
            རྩོམ་ཡིག་ནང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པར་ལས་དོན་གསུམ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། དེ་ཡང་གཅིག་ནི། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་སྲ་བརྟན་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཚགས་དམ་ཞིང་ཆ་ཚང་བའི་ཚན་རིག་གི་ལམ་ལུགས་མ་ལག་ཅིག་ཡིན་ཞིང་། རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་ཀྱིས་ཀ་བཞི་གདུང་བརྒྱད་ལྟ་བུའི་ནུས་པ་ཐོན་ཡོད། དེའི་ཁྲོད། བཀོད་འདོམས་ཀྱི་གནས་བབ་བཟུང་མཁན་ནི་ཏང་གི་འགོ་ཁྲིད་ལམ་ལུགས་ཡིན། ཏང་གི་འགོ་ཁྲིད་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་འགོ་ཁྲིད་ལམ་ལུགས་ཡིན། ང་ཚོས་ཕྱོགས་གང་ས་ཅི་ཐད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་དང་། བྱ་གཞག་ཁག་གི་གོང་འཕེལ་ལ་སྐུལ་འདེད། ཕྱོགས་གང་ཅིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བཅས་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རྟོགས་ངང་ཏང་གིས་ཁྱོན་ཡོངས་ལ་བཀོད་འདོམས་དང་། ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་རྩ་བའི་བླང་བྱ་ལག་བསྟར་བྱེད་དགོས།
            གཉིས་ནི། དུས་བསྟུན་མཉམ་སྐྱོད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དང་གོང་འཕེལ་གཏོང་དགོས། ལམ་ལུགས་སྔར་བས་ཆ་ཚང་བ་དང་སྔར་བས་བརྟན་འཇགས་ཡོང་རྒྱུ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་ལ། བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུ་ཡང་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས། དེ་ནི་འགྲུབ་སླ་བ་ཞིག་མིན་ལ་དཀའ་བ་སྤྱོད་གཅིག་ཐེངས་ལ་འཕྲལ་མར་འགྲུབ་ཐུབ་པ་ཞིག་ཀྱང་མིན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྩ་བ་བརྟན་གཏོང་དང་། བཟང་ཆ་འདོན་སྤེལ། མི་འདང་ས་གསབ་པ། ཞན་ཆ་སེལ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་པའི་ཚད་ལྡན། འཁོར་རྒྱུག་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་དགོས། གསུམ་ནི། ལམ་ལུགས་ལ་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས། ལམ་ལུགས་ཀྱི་གསོན་ཤུགས་ནི་ལག་བསྟར་ལ་རག་ལས་པས་ངེས་པར་དུ་ལམ་ལུགས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་དང་། ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་ཀྱི་ཟིལ་ཤུགས་ཐོན་པ་དང་གང་སར་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས་པ་བཅས་ཡིན་ཞེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1