ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནད་དོན་དང་ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གནད་དོན་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན། རྨ་ཆུའི་བཞུར་ཁོངས་ལ་ཤུགས་ཆེན་པོས་སྲུང་སྐྱོབ་དང་བཅོས་སྐྱོང་ཆེན་པོ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། ཁྲིན་ཏུའུ་དང་ཁྲུན་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ནུབ་རྒྱུད་ས་ཁུལ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ས་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
        ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རིག་གནས་དང་གནས་སྐོར་པུའུ་བཅས་ཀྱིས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནད་དོན་སྐོར་ནས་ཡར་ཞུ་བྱས་པར་ཉན་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཁྲུན་ཆིན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་བཅས་ཀྱིས་ཁྲིན་ཏུའུ་དང་ཁྲུན་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་སྐོར་ནས་ཡར་ཞུ་བྱས་པར་ཉན།
        ཚོགས་ཐོག་ནས་བསྟན་དོན། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་འབུར་ཐོན་གནད་དོན་ཐག་གཅོད་པར་ཧ་ཅང་མཐོང་ཆེན་བྱེད་དགོས། ཆུ་ཁོངས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པ། རྨ་ཆུའི་ཟུར་གསུམ་གླིང་གི་བརླན་སའི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཆུའི་བཙོག་བཟོ་ཕྱོགས་བསྡུས་བཅོས་སྐྱོང་དང་ཁ་དབུགས་བཙོག་བཟོ་ཕྱོགས་བསྡུས་བཅོས་སྐྱོང་། ས་རྒྱུ་བཙོག་བཟོ་བཅོས་སྐྱོང་སོགས་བཟོ་སྐྲུན་ལག་བསྟར་བྱེད་དགོས་པར་མ་ཟད། རྨ་ཆུའི་བཞུར་ཁོངས་ཀྱི་བཙོག་བཟོ་བཅོས་སྐྱོང་ལ་ཤུགས་སྣོན་དགོས། རྨ་ཆུའི་ཤུལ་བཞག་རིག་གནས་མ་ལག་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཐེབས་པའི་རྨ་ཆུའི་རིག་གནས་གནས་སྐོར་ས་ཁུལ་གསར་སྐྲུན་བྱེད་པ་དང་། རྨ་ཆུའི་རིག་གནས་དྲིལ་སྒྲོག་དང་རྨ་ཆུའི་རིག་གནས་དར་སྤེལ་ཆེན་པོ་བྱེད་དགོས་ཟེར།
        ཚོགས་ཐོག་ནས་བསྟན་དོན། ཁྲིན་ཏུའུ་དང་ཁྲུན་ཆིན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་གོ་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། ཚད་མཐོའི་ཇུས་འགོད་དང་གཅིག་གྱུར་སྒོས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ཞིང་དཀྱིལ་སྙིང་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་འདོན་དགོས་པ་དང་། རྒྱུ་རྐྱེན་ཚོང་ར་ཅན་གྱི་སྒྲིག་སྦྱོར་ཇེ་དྲག་ཏུ་གཏོང་དགོས་ལ། གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག ཕན་ཚུན་བར་རོགས་ལས་བྱེད་པ། མཉམ་དུ་ལག་བསྟར་བྱས་ནས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བཟང་བོ་བྱེད་དགོས། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རོགས་ལས་གསར་སྐྲུན་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱལ་ཁོངས་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། སྒྲིག་སྲོལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་ཐུན་ཞབས་ཕྱིའི་མཉམ་སྐྲུན་མཉམ་སྤྱོད་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1