གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༦ཉིན།

༄༅།། ཚེ་རིང་བར་ཕན་པའི་མན་ངག་གསུམ།

        ལུས་པོ་བདེ་ཐང་ཡོང་བ་དང་ཚེ་ཐག་རིང་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་བསྙེག་བྱ་ཡིན།གཤམ་གྱི་བྱ་སྤྱོད་འདི་གསུམ་པོ་ལེགས་པར་རྒྱུན་འཁྱོངས་བྱས་ན།ལུས་པོ་བདེ་ཐང་དང་ཚེ་ཐག་རིང་པོ་ཡོང་བར་ཕན་པ་ཡོད།

གཅིག སྤྱི་ཚོགས་དང་འབྲེལ་འདྲིས་ལེགས་པོ་བྱེད་པ།
        མི་སུ་ཞིག་ཡིན་རུང་སྤྱི་ཚོགས་དང་ཁ་འབྲལ་ཐབས་མེད་པས།སྤྱི་ཚོགས་ཀྱི་བྱ་འགུལ་ལ་ཞུགས་དགོས་པ་དང་།ཁྱིམ་མི་དང་གྲོགས་པོའི་རྒྱབ་སྐྱོར་དེ་བས་ཀྱང་མཁོ་བ་རེད།སྤྱི་ཚོགས་འབྲེལ་འདྲིས་བཟང་མིན་དེ་ལུས་པོ་བདེ་ཐང་ཡོང་མིན་ལ་ཐད་ཀར་འབྲེལ་བ་ཡོད།
        1.ཁྱིམ་མཚེས་ལ་འབྲེལ་འདྲིས་ལེགས་པོ་བྱེད་པ།ཤར་ལྷོ་སློབ་ཆེན་ཟུར་གཏོགས་ཀྲུང་ལུགས་སྨན་ཁང་སེམས་ཁམས་སྨྱོ་འབོག་ཚན་ཁག་གི་ཀྲུའུ་རེན་ཡོན་ཡུན་ཀུའེ་ཡིས་བསྟན་དོན།ལོ་ན་ཅུང་ཙམ་རྒས་པའི་མི་ལ་མཚོན་ན་ཁྱིམ་མཚེས་བར་དུ་འབྲེལ་བ་བཟང་པོ་འཛུགས་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།ཁྱིམ་མཚེས་བར་གྱི་འབྲེལ་བ་བཟང་ན་སེམས་ཁམས་སྐྱིད་པོ་ཡོང་བར་མ་ཟད།གལ་ཏེ་གློ་བུར་བའི་དོན་རྐྱེན་བྱུང་བའི་སྐབས་སུ།གཉེན་ཉེ་དང་བུ་ཕྲུག་སོགས་མྱུར་དུ་མི་ཐོན་ནའང་།ཁྱིམ་མཚེས་བར་གྱི་རོགས་སྐྱོར་ནི་ཆེས་དུས་ཐོག་དང་ཆེས་ཡིད་རྟོན་རུང་བ་ཞིག་ཡིན་ནོ། །
        2.གྲོགས་པོ་གསར་པ་བསྒྲིགས་པ།གྲོགས་པོའི་ཚོམས་ནི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག་ཆུང་ཆུང་ཞིག་ཡིན།སྤྱི་ཚོགས་འབྲེལ་བའི་གྲངས་འབོར་དང་སྤུས་ཀ་ཡིས་མིའི་སེམས་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་།70%ཡི་ནད་རིགས་ནི་སེམས་ཁམས་བཟང་མིན་དང་འབྲེལ་བ་ཡོད་པ་རེད།རྒན་པ་རྣམས་ལ་མཚོན་ན།གྲོགས་པོ་གསར་པ་བསྒྲིགས་དགོས་ན།ངེས་པར་ཕྱི་རོལ་དུ་སོང་ནས་སྤྱི་ཚོགས་བྱ་འགུལ་ལ་ཞུགས་དགོས།ཡོན་ཡུན་ཀུའེ་ཡིས་བཤད་རྒྱུར།མི་གཞན་པར་འབྲེལ་བ་འཛུགས་པའི་དགོངས་དོན་གཙོ་བོ་ནི་རང་འགུལ་སྒོས་གྲོགས་པོ་སྒྲིག་པའི་སྤྲོ་སྣང་འཚོལ་རྒྱུ་དེ་རེད།

གཉིས། ཟ་མཁས་འཐུང་མཁས་བྱེད་པ།
        གནའ་མི་བོད་ཀྱི་ཁ་དཔེར“ཟས་ཟ་ཚོད་བཟུང་ན་འབྱུང་གཞི་བདེ”ཞེས་པ་ལྟར།ཟས་ཐུན་གཅིག་མགྱོགས་མྱུར་གྱིས་ཟོས་པའམ་ཡང་ན་རྒྱགས་ཆོད་པ་ཟོས་ན།ཕོ་རྒྱུའི་གནོན་ཤུགས་ཇེ་ལྗིད་དུ་གཏོང་བ་དང་།ཟས་ཐུན་རེ་རེ་རྒྱགས་ཆོད་པ་ཟོས་ན་ཕོ་བས་དུས་ཡུན་རིང་པོར་དཀའ་ངལ་མྱངས་བཞིན་ཡོད་ལ།ཕོ་བའི་རྩི་པགས་ལ་ཉམས་གསོ་བྱེད་མི་ཐུབ་པས།གཉན་ཚད་འབྱུང་སླ་ཞིང་ཐ་ན་ཕོ་རུལ་སོགས་ཀྱི་ནད་འབྱུང་སླ་བ་རེད།ཞིབ་འཇུག་ལས་མངོན་པ་ལྟར་ན།ཟས་ཐུན་རེ་རེར་རྒྱགས་ཆོད་པ་བཟའ་བའི་མི་ལ་ཕོ་བའི་འབྲས་སྐྲན་སོགས་ཀྱི་ནད་རིགས་འབྱུང་བའི་ཚད་ཟས་ཐུན་རེ་རེར་རྒྱགས་ཆོད་པ་མི་བཟའ་བའི་མི་ལས་ལྡབ་འགྱུར་གྱིས་མཐོ་བ་རེད།རྒྱགས་ཆོད་པ་མི་བཟའ་བ་ཞེས་པ་དེ་ནི་དོན་དངོས་གང་འདྲ་ཞིག་ལ་གོ་དགོས་སམ་ཞེ་ན།ཀྲུང་གོའི་འཚོ་བཅུད་རིག་པ་བའི་ལས་འཛིན་པའམ་ཧྲན་ཏུང་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་འཚོ་བཅུད་རིག་པའི་དགེ་རྒན་ཆེན་མོ་ལན་ཞིན་ཡིང་གིས་བསྟན་དོན།ཟ་མ་ཟ་བའི་སྐབས་སུ།ཁམ་བུ་རེ་རེ་གང་ཐུབ་ཀྱིས་ཐེངས་མང་པོར་བལྡད་དགོས།དེ་ལྟར་བྱས་ན་ལྟོགས་པའི་སྣང་བ་ཡལ་འགྲོ་བར་མ་ཟད།ཟ་མ་ཟ་བའི་མྱུར་ཚད་ཀྱང་ཇེ་དལ་དུ་འགྲོ་བས།དེ་ལ་རྒྱགས་ཆོད་པ་མི་བཟའ་བ་ཟེར།
        སྔོ་ཚོད་དང་ཤ་དང་སྒོ་ངའི་རིགས་མང་དུ་བཟའ་དགོས།《ཀྲུང་གོའི་གཞིས་དམངས་ཀྱི་ཟས་རིགས་བདེ་བསྟེན་མཛུབ་སྟོན》སྟེང་།མི་རེས་ཉིན་རེར་སྔོ་ཚོད་ཁེ300ནས500བཟའ་དགོས་པའི་གྲོས་གཞི་བཏོན་ཡོད་མོད།འོན་ཀྱང་ལན་ཞིན་ཡིང་གིས་སྔོ་ཚོད་ཀྱི་ནང་དུ་སྤྲི་དཀར་རིགས་དང་ཚིལ་སྣའི་རིགས་འདུས་ཚད་ཧ་ཅང་དམའ་བས།མིའི་ལུས་སྟེང་དུ་ཉིན་རེར་མཁོ་བའི་སྤྲི་དཀར་དང་ཚིལ་སྣའི་དགོས་མཁོ་བསྐང་མི་ཐུབ་པར་འདོད་ཀྱིན་ཡོད།དེ་བས་རྒན་པ་རྣམས་ཀྱིས་ཤའི་རིགས་དང་སྒོ་ངའི་རིགས་འོས་འཚམ་གྱིས་བཟའ་དགོས།ཡིན་ནའང་ལུག་ཤ་དང་སྐམ་ཤའི་རིགས་ལ་ཚིལ་སྐྱུར་དང་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་མཐོ་བས།མང་དུ་ཟོས་ན་ལུས་ལ་ཚོ་འབུད་པ་དང་གཅིན་སྙི་ཟ་ཁུའི་ནད།རྒྱུ་མའི་འབྲས་སྐྲན་སོགས་ཀྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་ངེས་པས།དུས་རྒྱུན་དུ་ཉ་ཤ་དང་བྱ་ཤ་ཟོས་ནས་འཚོ་བཅུད་ཁ་སྐོང་བྱེད་དགོས་ལ།རྒན་པ་རྣམས་ཀྱིས་ཉིན་རེར་སྒོ་ང་བཙོས་མ་གཅིག་རེ་ཟོས་ན་བཟང་ངོ། །

གསུམ།ལུས་སྦྱོང་འོས་འཚམ་བྱེད་པ།
        སེམས་ཁམས་བཟང་ཞིང་ཟ་མ་ཟོས་པ་འགྲིག་ནའང་།བདེ་ཐང་ཡོང་བར་ད་རུང་གོ་རིམ་ཞིག་ཡོད་དགོས་ཏེ།དེ་ནི་ལུས་སྦྱོང་ཡིན་ནོ། །
        འགུལ་སྐྱོད་མང་དུ་བྱེད་དགོས།ཙོག་ཡུན་རིང་ན་ལུས་པོའི་ལྗིད་ཚད་ཡོངས་རྫོགས་ཨོང་ཤའི་སྟེང་དུ་བཀལ་ཡོད་པས།ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་གེགས་རྐྱེན་ཐེབས་པ་དང་།གཞང་འབྲུམ་དང་རྒྱུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བར་མ་ཟད།ད་རུང་ཀླད་པར་དབྱང་རླུང་འདོན་སྤྲོད་བྱེད་པར་གེགས་རྐྱེན་ཐེབས་སྲིད།འགུལ་སྐྱོད་མི་བྱེད་པ་ནི་ལུས་ལ་ཚོ་འབུད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ།ཀླད་སྙིང་ཁྲག་རྩའི་ནད་དང་གཅིན་སྙི་ཟ་ཁུའི་ནད་སོགས་ཀྱང་འགུལ་སྐྱོད་མི་བྱེད་པ་དང་འབྲེལ་བ་དམ་པོ་ཡོད།ཙོག་ཡུན་རིང་བའི་མི་རྣམས་ཆེས་བཟང་ན་དུས་ཚོད་གཅིག་རེའི་ནང་དུ་ཡར་ལངས་ནས་འགུལ་སྐྱོད་ཐེངས་རེ་བྱེད་དགོས།
        ཀླད་པར་དབྱང་རླུང་མང་དུ་འདོན་སྤྲོད་བྱེད་དགོས།གཟའ་འཁོར་རེར་ཐེངས་གསུམ་ནས་ལྔ་དང་ཐེངས་རེར་དུས་ཚོད་སྐར་མ་སུམ་ཅུ་ཡན་གྱི་དབྱང་ལྡན་འགུལ་སྐྱོད་བྱེད་དགོས།འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད།དབྱང་རླུང་མང་དུ་འབྱུང་ངེས་པས།ཁྲག་གི་འཁོར་རྒྱུག་ཇེ་མང་དུ་འགྲོ་བ་དང་།ཀླད་པར་ནུས་དྲོད་དང་དབྱང་རླུང་མང་དུ་འདོན་སྤྲོད་བྱས་ཏེ་རྒས་ཚད་ཇེ་དལ་དུ་གཏོང་བ་རེད།དེ་ལས་གཞན་ད་རུང་ཡུལ་ལ་ལོག་པའི་ལམ་ཐིག་བརྗེ་བའམ་ཡང་ན་ཁྱིམ་ཚང་ནང་གི་ཁྱིམ་ཆས་འཇོག་སྟངས་བསྒྱུར་བ་སོགས་བྱས་ཏེ།ཀླད་པར་ནམ་ཡང་གསར་སྣང་སྟེར་བ་དང་སྐྱེ་སྟོབས་རྒྱས་སུ་འཇུག་དགོས།དེ་ལྟར་བྱས་ན་ཀླད་པར་དབྱང་རླུང་འདོན་སྤྲོད་བྱེད་ཐུབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1