དབྱི་རག་གིས་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-07


    ཟླ་1ཚེས་5ཉིན། དབྱི་རག་གི་རྒྱལ་དམངས་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་འཚོགས་པ་དང་། ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་མཇུག་སྒྲིལ་བའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། 
དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། གྲོས་ཚོགས་ནི་དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱི་ཚོགས་གཙོ་མུའུ་ཧན་མུའུ་དེ་ཧ་པུའུ་ཞི་ཡིས་གཙོ་སྐྱོང་བྱས་ཤིང་། ཚོགས་ཞུགས་གྲོས་མི་172ཡོད། ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཨ་ཕུའུ་ཏུའུ་ལེ་མན་ཧོ་ཏི་ཡང་གྲོས་ཚོགས་ལ་ཞུགས་ཡོད། རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་ཡིས་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་མཇུག་སྒྲིལ་བའི་འབྲེལ་ཡོད་གྲོས་ཆོད་ཐད་གྲོས་འཆམ་བྱུང་ཡོད། 
    ཆོད་དོན་གྱི་ནང་དོན་ལ་གཞིགས་ན། དབྱི་རག་སྲིད་གཞུང་གིས་དེ་སྔོན་རྒྱལ་སྤྱིའི་མནའ་འབྲེལ་ལ་བཏང་བའི་ཐལ་སྐྱོད་རྩ་འཛུགས་“དབྱི་སི་ལན་རྒྱལ་ཁབ་”དང་འཐབ་པའི་རོགས་སྐྱོར་རེ་ཞུ་ཕྱིར་འཐེན་བྱས་པ་དང་། དབྱི་རག་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་གང་རུང་གི་དམག་དཔུང་རང་གི་ས་ཁོངས་སྟེང་སྡོད་པ་མཇུག་བསྒྲིལ་དགོས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་རྒྱུ་རྐྱེན་གང་རུང་གིས་དབྱི་རག་གི་ས་ཁོངས་དང་ཆུ་ཁོངས། བར་སྣང་གི་མངའ་ཁོངས་བཅས་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པར་གཞོལ་དགོས།
    གྲོས་ཆོད་ཀྱིས་དབྱི་རག་སྲིད་གཞུང་གིས་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་འཐུས་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཨ་རིས་དབྱི་རག་གི་བདག་དབང་དང་བདེ་འཇགས་ཐད་བཙན་འཛུལ་བྱ་སྤྱོད་ཚབས་ཆེན་བྱས་པ་ཉེས་བགྲང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གྲོས་ཆོད་ཀྱིས་ད་དུང་དབྱི་རག་སྲིད་གཞུང་གིས་ཨ་རིས་འཇབ་རྒོལ་གནས་ཚུལ་ལ་རིམ་པ་མཐོ་ཤོས་ཀྱི་རྟོག་ཞིབ་བྱེད་དགོས་པ་མ་ཟད། གྲོས་ཆོད་སྤེལ་ནས་ཉིན་7ནང་དུ་རྟོག་ཞིབ་མཇུག་འབྲས་རྒྱལ་དམངས་གྲོས་ཚོགས་ལ་བསྒྲགས་དགོས་པའི་འབོད་སྐུལ་བྱས་ཡོད།
    ཨ་ཕུའུ་ཏུའུ་ལེ་མན་ཧོ་ཏི་ཡིས་དམིགས་བསལ་ཚོགས་འདུའི་ཐོག་ནས། ཨ་རིས་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་པ་ནི་ཨ་རི་དང་དབྱི་རག་གི་ཁེ་ཕན་དང་མཐུན་ཞིང་། ཁྱད་པར་དུ་ཉེ་ཆར་བྱུང་བའི་གནས་ཚུལ་འཕེལ་རྒྱས་ཀྱི་རྗེས་སུ་དབྱི་རག་ནི་འགལ་བ་དང་འཐབ་འཛིང་གི་གར་སྟེགས་སུ་འགྱུར་འཇུག་མི་རུང་ཞེས་བསྟན། 
    དབྱི་རག་ཕྱི་འབྲེལ་པུའུ་ཡིས་དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་མ་བྱུང་བའི་སྔོན་དུ་གསལ་བསྒྲགས་སྤེལ་དོན། དབྱི་རག་ཕྱི་འབྲེལ་པུའུ་ཡིས་དབྱི་རག་ཏུ་བཅའ་སྡོད་ཨ་རི་གཞུང་ཚབ་ཆེན་མོ་དང་ཐུག་འཕྲད་བྱས་ཡོད། 
   ཟླ་འདིའི་ཚེས་3ཉིན། ཨ་རིས་དབྱི་རག་གི་རྒྱལ་ས་པ་ཀ་ཏ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དང་།  དབྱི་རན་དབྱི་སི་ལན་གསར་བརྗེ་རུ་ཁག་གི་མངའ་འོག་“ཧྲེན་ཁྲེང་ལུའུ”བཀོད་འདོམས་དམག་དཔོན་ཁ་ཞི་མུའུ་སུའུ་ལེ་མན་ཉི་དང་དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་ཡུལ་དམག་གི་དྲག་དཔུངམི་དམངས་སྐུལ་སློང་རྩ་འཛུགས་”ཀྱི་བཀོད་འདོམས་པ་གཞོན་པ་ཨ་པུའུ་མན་ཧོ་ཏི་མུའུ་ཧན་ཏི་སི་སོགས་འཇབ་རྒོལ་ཁྲོད་ཤི་བ་རེད། ཨ་ཕུའུ་ཏུའུ་ལེ་མན་ཧོ་ཏི་ཡིས་ཨ་རིས་འཇབ་རྒོལ་ལ་སྐྱོན་བརྗོད་བྱས་ཤིང་། འདི་ནི་དབྱི་རག་གི་བདག་དབང་ལ་བཙན་འཛུལ་བྱས་པ་དང་། མངོན་སུམ་འཛེམ་མེད་ངང་ཨ་རིའི་དམག་དཔུང་དབྱི་རག་དུ་སྡོད་པའི་ཆ་རྐྱེན་དང་འགལ་ཡོད་པ། ཁོང་གིས་དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྡུས་ནས་དགོས་ངེས་ཀྱི་ཁྲིམས་འཛུགས་ཆོད་དོན་དང་ལག་བསྟར་བརྒྱུད་ནས་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདེ་འཇགས། བདག་དབང་བཅས་སྲུང་སྐྱོང་དགོས་པ་འབོད་སྐུལ་བྱས་ཡོད། 


རྩོམ་ཡིག་སྔོན་མ།
20
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1