དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-07



དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

  སེར་ཤུལ་གྱི་འབྲི་ཏ་ས་འཛིན། ལི་ཐང་གི་ལྡུམ་སྒོང་། བརྒྱད་ཟིལ་གྱི་ཇ་ལོ། དར་མདོའི་ཨ་འབྲུ་ནས་ནག་ལ་སོགས་པའི་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་དར་མདོ་གྲོང་ཁྱེར་གནས་མཆོག་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་རང་འདེམས་ཚོང་ཁང་ནང་འགྲེམ་ཚོང་བྱས་པ་རེད།  2019ལོའི་སྤྱི་ཟླ12པའི་ཚེས31ཉིན༼   སི་ཁྲོན་དབུལ་སྐྱོར་ཐོན་རྫས་ཀྱིས་དཔྱིད་གསར་དུས་ཆེན་ལ་བསུ་མ་བྱེད་པའི་དངོས་ཟོག་ལྷན་ཚོང་གི་དཀར་མཛེས་ཁུལ་ཡན་ལག་ཚོང་ར་ས་གནས་དེ་གར་ཚོང་གཉེར་བྱེད་འགོ་བཙུགས་པ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ནས་འོངས་པའི་ཁེ་ལས་དང་མཉམ་ལས་ཁང157གྱིས་ཐོན་སྐྱེད་བྱས་པའི་གནས་མཆོག་དཀར་མཛེས་ཁུལ་གྱི་སྤུས་དག་ཞིང་ལས་ཁྱད་ཆོས་ཐོན་རྫས་རིགས723ཡུལ་མི་ཚོའི་མཐོང་ལམ་དུ་མངོན་སྟོན་བྱས་ནས་དགའ་བསུ་ཚད་མེད་ཐོབ་པ་རེད།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་རྒྱ་སྐྱེད་བཏང་མཐར།

མི་སེར་སྤྲོ་དགའ་འཕེལ།

     ཁྱེད་ཚང་མར་བཀའ་དྲིན་ཆེ། ཁྱེད་ཚོས་སྔ་དྲོ་ཁོ་ན་ལ་ངས་ཧ་ལམ་ལོ་གཅིག་ལ་བཙོང་པའི་བསྡོམས་འབོར་བཙོང་ཟིན། ཉིན་དེའི་སྔ་དྲོར་རང་ཉིད་ཀྱིས་བཙིར་གནོན་བྱས་པའི་པད་ཁའི་སྣུམ་རྒྱ་མ1000བཙོང་ཟིན་པའི་འཕྲིན་བཟང་གོ་དུས་བྲག་མགོ་རྫོང་སིབ་མོ་ཡུལ་ཤོག་གི་དུད་ཚང་དབུལ་པོ་སྐལ་བཟང་ཆོས་སྒྲོལ་གྱི་སེམས་སུ་སྤྲོ་བ་རབ་ཏུ་འཕེལ་བ་རེད། སྔོན་ཆད་ང་ཚོས་བཙིར་གནོན་བྱས་པའི་པད་ཁའི་སྣུམ་ཡུལ་ཤོག་ཏུ་སིལ་འཚོང་བྱེད་སྐབས་ཚོང་ལམ་གཅིག་རྐྱང་ཡིན་ཞིང་།  དེང་སང་གནས་མཆོག་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་རང་འདེམས་ཚོང་ཁང་བརྒྱུད་ནས་ཚོང་ཆོག་པར་བརྟེན། ལོ་གསར་པའི་ནང་རེ་བ་གསར་པ་ཡོད་ངེས་རེད་ཅེས་སྐལ་བཟང་ཆོས་སྒྲོལ་གྱིས་ཡིད་རང་བའི་ངང་ནས་དེ་ལྟར་བཤད་པ་རེད།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

     བྱེད་སྒོ་སྤེལ་ཡུལ་དུ་ཁུལ་ཡོངས་ཀྱི་རིགས་སྣ་ཚོགས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱིས་ཁུལ་ནང་ཁུལ་གྱི་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་པར་མ་ཟད། སུའུ་ཉིང་དང་ཡུས་ཙན་སོགས་གློག་རྡུལ་ཚོང་དོན་ཆེ་གྲས་ཀྱི་ལས་སྟེགས་བརྒྱུད་ནས་དྲྭ་ཐོག་བརྙན་ལམ་ཐད་གཏོང་བྱས་པ་སོགས་ཀྱི་བྱེད་ཐབས་བླངས་ནས་ཁྱབ་གདལ་བཏང་བ་རེད། རང་ཁུལ་ནི་ས་རྒྱ་ཆེན་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པར་བརྟེན། ཁྱད་འཕགས་ཀྱི་ཐོན་ཁུངས་ནི་གྲངས་ལས་འདས་པ་རེད། ཉེ་བའི་ལོ་ཤས་རིང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནས་རག་དང་ཤ།  ཇ་ལོ།  ཤ་མོང་། ཤིང་ཏོག   སྨན་རྩྭ། གཏེར་ཆུ།  སྔོ་ཚལ། འབྲུ་དང་ཟ་སྣུམ་སོགས་གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་ཆེ་རིགས་བཅུ་འཛུགས་སྐྱོང་བྱས་ཡོད་མོད། ཚོང་ལམ་དེ་ཙམ་རྒྱ་ཆེན་པོ་མེད་པ་རེད།  དེ་རིང་འདིར་གཉེར་པའི་སྲིད་གཞུང་གིས་འབྲེལ་བ་བྱེད་པ། ཁེ་ལས་ཀྱིས་གཙོ་གཉེར་བྱེད་པ། མི་སེར་གྱིས་དངུལ་ལེན་པའི་བྱེད་སྟངས་འདི་སྤྱད་ན། འཛད་སྤྱོད་པ་དེ་བས་མང་པོ་ཞིག་གིས་གནས་མཆོག་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་ཐོན་རྫས་ལ་རྒྱུས་མངའ་བླངས་ནས་དུད་ཚང་དབུལ་པོར་ཡོང་འབབ་འཕར་དུ་བཅུག་མཐར། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྔར་བས་སྐུལ་འདེད་གཏོང་རོགས་བྱེད་ངེས་རེད་ཅེས་ཁུལ་དབུལ་སྐྱོར་གསར་སྦོལ་ཅུས་ཀྱི་སྤྱི་ཁྱབ་བཟོ་འགོད་པ་ཐའོ་ཡུང་གིས་དེ་ལྟར་བཤད་པ་རེད།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་རི་ཆེན་བརྒལ་ནས་ཕྱི་ཕྱོགས་སུ་བསྐྱོད་མཐར།

མི་སེར་ཕྱུག་པོར་ཆགས།

   ཏིང་ཧྥང་ལི་ཡིས་ངོ་སྤྲོད་བྱས་ནས་བཤད་དོན།  ད་ཐེངས་བྱེད་སྒོ་འདི་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་དྲྭ་ཕྱི་ནས་འཚོང་རྒྱུ་དང་མིག་སྔར་དྲྭ་ཐོག་གི་ཕྱི་ཚོང་དངུལ་གྲངས་བསྐང་རྒྱུ་ཙམ་མ་ཡིན་པ།  ང་ཚོས་གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་ཡོད་པའི་ཐོན་རྫས་ཉིད་དངོས་གནས་ཀྱི་རི་ཆེན་བརྒལ་ནས་ཕྱི་ཕྱོགས་སུ་ཚོང་མཐར། མི་སེར་ཚོ་ཕྱུག་པོར་ཆགས་བཅུག་པའི་ཆེད་དུ་ཡིན་པ་རེད།

2019ལོའི་སྤྱི་ཟླ11པའི་ཚེས15ཉིན། གནས་མཆོག་དཀར་མཛེས་ཁུལ་པེ་ཅིང་ལ་བསྒྲགས་པའི་བྱེད་སྒོའི་ཐོག་རྒྱལ་ས་པེ་ཅིང་གི་འཛད་སྤྱོད་པ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་རེད། པེ་ཅིང་ལ་བྱེད་སྒོ་སྤེལ་བའི་ཉིན་དང་པོར་ང་ཚོའི་ཐོན་རྫས་ཚང་མ་ཉོས་ནས་སྟོང་པ་བཟོ་ཡོད་པས་མ་ཚད།  པེ་ཅིང་གི་ཁེ་ལས་མང་པོ་ཞིག་གིས་ང་ཚོ་དང་གན་རྒྱ་བཞག་པ་རེད། དེའི་དུས་ཁྱབ་གདལ་བྱས་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་ཀྱི་སྙན་གྲགས་ཁྱབ་པའི་དུས་མཚུངས་སུ།  ཁུལ་ནང་ཁུལ་གྱི་ས་ཁུལ་དབུལ་པོའི་མི་སེར་ཚོར་དབུལ་ཐར་ཕྱུག་འགྱུར་གྱི་རེ་བ་ཁེངས་ཡོད་པ་རེད་ཅེས་ཏིང་ཧྥང་ལི་ཡིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

    ཉེ་བའི་ལོ་ཤས་རིང་ལ། སྲིད་གཞུང་གིས་འབྲེལ་བ་བྱེད་པ། ཁེ་ལས་ཀྱིས་གཙོ་གཉེར་བྱེད་པའི་བྱེད་སྟངས་འདི་སྤྱད་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་ཀྱི་སྙན་གྲགས་རྒྱུན་ཆད་མེད་པར་ཁྱབ་བཅུག་ནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་སྐྱིད་པོར་གྱུར་པ་རེད།

ཨང་དང་པོའི་ནས་ཆང་ལས་རིགས་ཀྱི་འགན་ཁུར་མི་སྣ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་ནས་བཤད་དོན། ས་གནས་རང་ཉིད་ཀྱི་ཁྱད་འཕགས་ཐོན་ཁུངས་འདི་ཁྱད་འཕགས་རྒྱུ་ནོར་ལ་སྒྱུར་བའི་ཆེད་དུ། ཨང་དང་པོ་ནས་ཆང་ལས་རིགས་ཀྱིས་སྔོན་མའི་ནས་ནག་རྒྱ་མ་གང་ལ་རིན་གོང་སྒོར1.2ཀྱི་རྨང་གཞིའི་ཐོག  རྒྱ་མ་གང་ལ་སྒོར2.8སྟེར་རྒྱུའི་རིན་གོང་ཚད་གཞིའི་ཐོག་སྤར་ནས་གཅིག་གྱུར་གྱིས་ཉོ་སྒྲུག་བྱས་ཏེ་ནས་ནག་ཨ་རག་བཟོས་པ་ཡིན།  དེང་སང་ནས་ནག་རྨོས་འདེབས་བྱས་པའི་ལས་གཞི་འདི་གྲོང་སྡེ་དབུལ་པོ71གི་དུད་ཚང་དབུལ་པོ950ཡི་མི་འབོར་དབུལ་པོ3865ལ་ཁྱབ་པ་རེད། གནས་མཆོག་དཀར་མཛེས་ཁུལ་གྱི་ཚོང་རྟགས་བརྒྱུད་ནས་ད་ལོར་ང་ཚོས་དུད་ཚང་དབུལ་པོ་རེའི་ཡོང་སྒོར3000རེ་འཕར་སྣོན་བྱུང་ཡོད་པ་རེད།

དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་མཉམ་དུ་སྤེལ།

   ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་སྔར་ལྷག་གིས་ཚོང་རྟགས་འཛུགས་སྐྱོང་བྱས་ནས་སྙན་གྲགས་ཁྱབ་པ་བྱ་དགོས། ལྷག་པར་དུ་གནས་མཆོག་དཀར་མཛེས་ཁུལ་གྱི་སྤུས་དག་ཞིང་ལས་ཁྱད་ཆོས་དབུལ་སྐྱོར་ཐོན་རྫས་འགྲེམ་ཚོང་བྱས་ནས་ཁུལ་ཡོངས་ཀྱི་ས་ཁུལ་དབུལ་པོའི་ཞིང་འབྲོག་མང་ཚོགས་ལ་དངོས་གནས་ཀྱི་ཁེ་ཕན་ཐོབ་པ་བྱ་རྒྱུ་དེ་རེད། 2019ལོར་ང་ཚོས་གནས་མཆོག་དཀར་མཛེས་ཁུལ་གྱི་ཐོན་རྫས་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་སོགས་ཀྱི་ས་གནས་སུ་འགྲེམ་ཚོང་བྱས་མཐར།  ས་གནས་དེ་གའི་རྒྱ་ཆེ་བའི་འཛད་སྤྱོད་པ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་རེད།  ཕྱིན་ཆད་ང་ཚོས་རིགས་སྣ་ཚོགས་ཀྱི་འགྲེམ་ཚོང་འདུས་ཚོགས་ནང་ཞུགས་ནས་རྒྱུན་ཆད་མེད་པར་ཚོང་ར་རྒྱ་སྐྱེད་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་འཕར་སྣོན་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་ངོ་སྤྲོད་བྱས་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1