གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༨ཉིན།

ཞི་ཅིན་ཕིང་གིས་ཁེ་རི་པ་སིའི་ཙུང་ཐུང་མ་མའོ་དང་གྲོས་མོལ་གནང་བ།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་6ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁེ་རི་པ་སིའི་ཙུང་ཐུང་མ་མའོ་དང་གྲོས་མོལ་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ལོ་གསར་པ་ཤར་བའི་སྐབས་སུ། འཛམ་གླིང་ཐོག་གནས་ཚུལ་བཟང་ངན་གཉིས་ཀ་འདྲེས་མར་ཐོན་ཞིང་། བརྟན་ལྷིང་མེད་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། ཙུང་ཐུང་སྐུ་ཞབས་ནས་ཀྲུང་གོར་འཚམས་འདྲི་གནང་སྐབས་པེ་ཅིང་དུ་ལོ་གསར་པའི་ཁ་བ་ཐེངས་དང་པོ་དེ་བབས་ཡོད། ཀྲུང་གོ་བའི་ངག་རྒྱུན་དུ། དུས་ཐོག་འབབ་པའི་ཁ་བ་ནི། ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་ཞེས་བརྗོད་སྲོལ་ཡོད། སྤྱི་ལོ་2020ལོར་ཀྲུང་གོ་གོང་འཕེལ་སྔར་བས་ལེགས་པ་ཡོང་ རྒྱུར་ང་ཚོར་སེམས་ཤུགས་ཡོད་ཅེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ན་ནིང་སྤྱི་ཟླ་9པར། ཀྲུང་གོ་དང་ཁེ་རི་པ་སིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གྱི་ལེའུ་གསར་པ་བཏོད་ཡོད། ཙུང་ཐུང་སྐུ་ཞབས་དང་ཁེ་རི་པ་སི་སྲིད་གཞུང་གིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དེས་འཐབ་ཇུས་ཀྱི་མིག་རྒྱང་དང་ཆབ་སྲིད་ཀྱི་བློ་སྤོབས་གང་ལེགས་མངོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད། ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱུང་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་དང་། བང་རིམ་ཁག་གི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས། དུས་མཚམས་སྔ་མའི་གྲུབ་འབྲས་མང་པོ་ཞིག་ཐོབ་ཡོད། དོན་དངོས་ལས། ཀྲུང་ཁེའི་འབྲེལ་བ་སླར་གསོ་བྱུང་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་གྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་རེ་སྤྲོད་ཐུབ་ཡོད། ཙུང་ཐུང་སྐུ་ཞབས་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པ་ནི་ཀྲུང་ཁེའི་འབྲེལ་བ་གོང་འཕེལ་གྱི་གལ་ཆེའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན། ང་ཚོས་ཁེ་རེ་པ་སི་ཕྱོགས་དང་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་མང་བ་ཐོབ་པ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་སྔར་ནས་བཟུང་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཁག་གིས་ཕན་ཚུན་བར་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་དགོས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། ཀྲུང་གོས་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས། རྒྱལ་ཁབ་སྟོབས་ཆེན་པོ་ཆགས་ན་བཙན་དབང་བྱེད་པའི་བྱ་ཐབས་མི་བཟུང་ལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་གཞན་ནས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་དུ་འཇུག་གི་མེད། ཀྲུང་གོའི་ཕྱོགས་ནས་ཁེ་རི་པ་སི་ཕྱོགས་ཀྱིས་རང་བདག་ངང་རང་ཉིད་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་གདམ་ག་བྱེད་པར་བརྩི་འཇོག་བྱེད་ཀྱི་ཡོད། ཁེ་རི་པ་སི་ཕྱོགས་བར་མཐོ་རིམ་དང་བང་རིམ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱ་འདོད་ཡོད། ད་ཐེངས་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བསམ་ཤེས་བརྗེད་ཐོ་སོགས་ཡིག་ཆར་མིང་རྟགས་བཀོད་པ་བརྒྱུད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་དང་ཁེ་རི་པ་སིའི་ལོ་ངོ་20ཡི་གོང་འཕེལ་འཆར་འགོད་ཅེས་པ་ཕན་ཚུན་སྦྲེལ་མཐུད་བྱས་ནས། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་རེད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ཁེ་རི་པ་སིར་བསྐྱོད་ནས་མ་འཇོག་ལས་སྤེལ་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཁེ་རི་པ་སི་དེ་ཉིད་ཀྲུང་གོའི་སྤྱི་དམངས་ཚོགས་པ་སྒྲིག་ནས་ཕྱི་ཁོངས་སུ་ཡུལ་སྐོར་ལ་འགྲོ་སའི་རྒྱལ་ཁབ་དུ་གྱུར་བའི་ཆོག་མཆན་སྤྲད་ཟིན་པས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆོག་གི་ཡོད། ཀྲུང་གོའི་ཕྱོགས་ནས་ཁེ་རི་པ་སི་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟོགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་སྒྲོམ་གཞིའི་ནང་ཁེ་རི་པ་སི་ཕྱོགས་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
          མ་མའོ་ཡིས། ཁེ་རི་པ་སི་ཕྱོགས་ཀྱིས་འགོག་རྐྱེན་སེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱ་རྒྱུའི་གལ་ཆེའི་གཏན་འབེབས་བྱས་པ་ནི། ཀྲུང་གོར་བློས་འཁེལ་བ་དང་ཡིད་ཆེས་བྱེད་པ་ཞིག་ཡིན། ཁེ་ཀྲུང་བར་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ནས་དུས་ཚོད་རིང་པོ་ཕྱིན་མེད་ཀྱང་། ཕྱོགས་གཉིས་མཉམ་ལས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། རང་ཉིད་ནས་ཁེ་རི་པ་སི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་བཀུར་བྱ་རྒྱུ། ཀྲུང་གོའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོས་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཀྱི་བསྐྱར་བཤད་བྱ་རྒྱུ་ཡིན། ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ནས་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་བར་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཡུལ་སྐོར། ཉ་ལས། སློབ་གསོ། འཕྲོད་བསྟེན། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཁེ་རི་པ་སི་ཕྱོགས་ནས་ཀྲུང་གོས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་ཞུ་བ་དང་། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་རི་པ་སི་སོགས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆུང་འབྲིང་རྣམས་གོང་འཕེལ་མྱུར་པོ་འགྲོ་རྒྱུར་རོགས་རམ་བྱེད་པ། ཐུན་མོང་ཐོག་གནམ་གཤིས་འགྱུར་བ་སོགས་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁེ་རི་པ་སི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཁེ་ཀྲུང་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།
          གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
          གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མ་མའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། ཕེང་ལི་ཡོན་དང་། ཡང་ཅེ་ཁྲེ། ཅི་པིང་ཤོན། ཝང་དབྱི། ཧོ་ལི་ཧྥུང་། ལིའུ་ཤིན་ཁྲེང་སོགས་ལྷན་ཞུགས་གནང་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1