རྒྱལ་ཁབ་མང་པོའི་སློབ་མ་འདུས་པའི་རོང་བྲག་ནགས་ཚལ་སློབ་གྲྭ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-09




  ལོ་ན26ལ་སླེབས་པའི་བོད་རིགས་བུ་མོ་ཟླ་བ་མཚོས་རང་ཉིད་གྲོང་ཚོ་ནས་ཁ་འབྲལ་རྒྱུའི་རེ་བ་བྱས་མྱོང་མོད། ད་ཆ་མོ་རང་འདུག་རྒྱུ་སེམས་ཐག་བཅད་པར་མ་ཟད། ས་གནས་དེ་གའི“ནགས་ཚལ་སློབ་གྲྭའི”གཉེར་སྐྱོང་ཚོགས་པའི་ཁོངས་མི་ཞིག་ཏུ་གྱུར་ཡོད། 
  ཁོ་མོའི་ཕ་ཡུལ་ནི་སྤྲོ་སྣང་བོད་གྲོང་སྟེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ཡིན། རོང་བྲག་རྫོང་མཁར་དང་བར་ཐག་སྤྱི་ལེ12ཙམ་ཡོད་པའི་གནའ་བོའི་བོད་གྲོང་དེ་ནི་རོང་ཁུལ་གྱི་རི་ཁུལ་ཞིག་ཏུ་ཆགས་ཡོད་པ་དང་། དམུ་རྡོ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོགས། སྲོལ་རྒྱུན་གྱི་རྒྱལ་རོང་བོད་གྲོང་དག་རྒྱབ་བྲག་རིར་བརྟེན་ནས་གཅིག་ཐོག་གཅིག་བརྩེགས་ཀྱིས་བསྐྲུན་འདུག་ཅིང་། ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་མཁར་རྫོང་ཞིག་ཏུ་གྱུར་ཡོད།    
    རྒྱང་ལྟ་བྱས་ན་རོང་ཁུལ་གྱི་གྲོང་ཚོའི་ཡུལ་ལྗོངས་ཧ་ཅང་མཛེས་མོད། འོན་ཀྱང་སྔ་དུས་ཀྱི་ཡུལ་སྐོར་གསར་སྤེལ་གྱིས་ས་གནས་མི་དམངས་ལ་ཁེ་ཕན་ཆེན་པོ་མ་བྱུང་། གྲོང་ཚོའི་ནང་གི་ཆུ་འཐག་ལོ་མང་རིང་བསྐྱུར་པ་དང་། གནའ་གྲོང་གི་གཞུང་ལམ་ཡང་ལོ་ཟླའི་ཁྲོད་ནས་འདམ་རྫབ་ཏུ་གྱུར། 
 “ནགས་ཚལ་སློབ་གྲྭ”ཞིག་གིས་གནའ་བོའི་བོད་གྲོང་དེར་གསོན་ཤུགས་གསར་པ་བསྣན་ཡོད། “ནགས་ཚལ་སློབ་གྲྭ”དེ2015ལོར་བཙུགས་པ་རེད། ས་གནས་སྲིད་གཞུང་གི་གདན་ཞུས་ལྟར་འཆར་འགོད་འཛུགས་སྐྲུན་དང་། སྣོད་བཅུད་ཡུལ་སྐོར། སྡེ་ཁུལ་འཕེལ་རྒྱས་སོགས་ཁྱབ་ཁོངས་ནས་ཡོང་བའི་ཆེད་ལས་མི་སྣ་དག་གིས་རོང་བྲག་རྫོང་སྤྲོ་སྣང་ཤང་དུ་འཆར་འགོད་བརྟག་ཞིབ་བྱས་པ་བརྒྱུད“ནགས་ཚལ་སློབ་གྲྭ”འཛུགས་རྒྱུའི་བསམ་ཚུལ་སྐྱེས་པ་རེད། 
  “ནགས་ཚལ་སློབ་གྲྭའི”སློབ་མ་ཚོས་ལམ་ཁྲིད་པ་དང་མཉམ་དུ་ཕྱི་རོལ་དུ་རྩི་ཤིང་དབྱེ་འབྱེད་དང་། ཤ་མོ་འཐུ་བ་ལས་གཞན། མཁར་རྫོང་སྟེང་འཛེགས་ནས་ས་གནས་དེ་གའི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པ་དང་། དམངས་ཁྲོད་ཀྱི་ལག་རྩལ་པ་དང་མཉམ་དུ་འཚེམ་དྲུབ་དང་བསླས་འཐག་ཀྱང་བྱས་ཆོག གཞན་ཡང་སློབ་གྲྭས་ གནའ་གྲོང་གི་གཞུང་ལམ་དང་ཆུ་འཐག་སོགས་སླར་གསོ་བྱེད་པའི་ལས་གཞི་འཆར་འགོད་བྱས་ཏེ། སློབ་མའི་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱས་པ་དང་ཆབས་ཅིག ས་གནས་དེ་གའི་སྡོད་གནས་ཁོར་ཡུག་ཀྱང་ཇེ་ལེགས་སུ་བཏང་ཡོད། ལྟ་སྐོར་དུ་ཡོང་མཁན་སློབ་མའི་ཚོགས་པ་རིང་ཤོས་དེ་གར་ཉིན10རིང་སྡོད་ཀྱིན་ཡོད། 
    ས་གནས་དེ་གར་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་རྒན་པོ་དང་། ལག་བདེ་འཚེམ་དྲུབ་མ། མཁར་རྫོང་རྩིག་ཤེས་པའི་ལག་ཤེས་པ་ཚང་མ་ཉམས་མྱོང་རྣམ་པའི་སློབ་ཚན་གྱི་རུ་སྣེ་འཁྲིད་མཁན་དགེ་རྒན་དུ་གྱུར་ཏེ། རྒྱལ་ཁབ་ཕྱི་ནང་གི་ཆུང་འབྲིང་སློབ་མར་སློབ་ཚན་འཁྲིད་ཀྱིན་ཡོད། 

   སློབ་གྲྭས་བསྡུས་པའི་དང་བླངས་པས་གྲོང་མི་རྣམས་ལ་རོགས་རམ་སྒོས་ཆུ་འཐག་དང་སྡེ་ལམ་ཉམས་གསོ་བྱས་ཏེ། མི་མང་པོ་ཞིག་གིས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་བཙལ་ས་ཡག་པོ་ཞིག་རྙེད་བྱུང་བས། གནས་སྤོ་བྱེད་པའི་བསམ་བློ་མེད་པར་གྱུར། 
   “ནགས་ཚལ་སློབ་གྲྭའི”སློབ་གཙོ་གཞོན་པ་ཧྲེན་ཧྲུའུ་ཆིན་གྱིས་བཤད་རྒྱུར། ཁོང་ཚོས་སྲོལ་རྒྱུན་གྱི་བོད་གྲོང་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་ཏེ། གྲོང་མིའི་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་ཆབས་ཅིག  ཕ་ཡུལ་དུ་བདེ་སྡོད་ལས་བརྩོན་ཡོང་བ་བྱས་ཏེ། གཞིས་ཁྱིམ་སྲུང་མཁན་ཞིག་ཡིན་པའི་ངོས་ནས་རང་བྱུང་དང་རིག་གནས་ཤུལ་བཞག་རྒྱུདན་འཛིན་བྱ་རྒྱུའི་རེ་བ་ཡོད་ཟེར། 
  ལོ་ངོ་བཞི་ལྷག་གི་རིང་དུ། སྡེབ་རྩིས་བྱས་ན“ནགས་ཚལ་སློབ་གྲྭས”གྲོང་མི་རྣམས་ལ་ཡོང་འབབ་སྒོར་ས་ཡ་4ལྷག་དང་། ལས་ཞུགས་གོ་སྐབས1000ལྷག་བསྐྲུན་པས། སྤྲོ་སྣང་ཤང་ཡང་དཀར་མཛེས་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་གཞིའི་ཚོད་ལྟ་བྱེད་ཡུལ་དུ་གྱུར་ཏེ། སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ། 
   “ནགས་ཚལ་སློབ་གྲྭ”དེ་སྲོལ་རྒྱུན་གྱི་བོད་རིགས་གྲོང་ཚོ་འགྲེམ་སྟོན་བྱེད་སའི་སྐར་ཁུང་ལྟ་བུར་གྱུར་ཅིང་། ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ཧྥིན་ལན་སོགས་རྒྱལ་ཁབ་དང་ས་ཁུལ10ལྷག་ནས་ཡོང་བའི་སློབ་མ550དེ་གར་རང་བྱུང་སློབ་གསོ་དང་བོད་ཀྱི་རིག་གནས་འཚོ་བ་ཉམས་སུ་མྱོང་བར་ཡོང་།  

   དེ་གར་འཚོ་བ་ཉམས་སུ་མྱངས་མྱོང་བའི་ནོར་ཝེའི་སློབ་མ་ཞིག་གིས་སྐད་འཇོག་སའི་དེབ་ཆུང་དུ་ “ང་ཚོས་འདི་གར་མཁར་རྫོང་འཛེགས་ནས་བོད་ཟས་ལས་ཤིང་། གྲོང་མི་དང་མཉམ་དུ་དཔྱིད་འདེབས་བྱས་པར་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོང་གི་ལས་འགུལ་ཡང་སྤེལ་པ་ཡིན། བྱ་འགུལ་འདི་དག་ལ་དོན་སྙིང་ཆེན་པོ་འདུག  ངའི་བསམ་པར་ང་ཚོ་རྒྱལ་ཁབ་ཀྱི་སློབ་གྲོགས་ཚང་མ་འདི་ལ་དགའ་ངེས“ཞེས་བྲིས་འདུག

   ཨ་རིའི་མཐོ་རིམ་སློབ་འབྲིང་གི་སློབ་མའི་ཟབ་སྦྱོང་ཡུལ་སྐོར་ལ་དོ་སྣང་བྱེད་པའི་ལས་ཁུངས་ག་གེ་མོའི་འགན་འཁུར་པ་ཁེ་ལི་སི·ཧྥུའུ་ལན་ཙེས་འོས་སྦྱོར་ཡི་གེའི་ནང་དུ“‘ནགས་ཚལ་སློབ་གྲྭའི’རྣམ་གྲངས་དང་ང་ཚོའི་དགའ་ཕྱོགས་གཅིག་མཐུན་བྱུང་བ་དང་། སློབ་མར‘ནགས་ཚལ་སློབ་གྲྭ’ནས་སྣོད་བཅུད་སྲུང་སྐྱོང་དང་། རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས། དེ་མིན་ཀྲུང་གོ་པ་དང་རང་བྱུང་ཁོར་ཡུག་བར་གྱི་བརྩེ་བ་ཟབ་མོ་ཤེས་རྟོགས་བྱུང་དུ་བཅུག“ཅེས་བྲིས་འདུག 

   ཧྲེན་ཧྲུའུ་ཆིན་གྱིས་ “ནགས་ཚལ་སློབ་གྲྭ”བརྒྱུད་ནས་ཟླ་བ་མཚོ་ལྟ་བུའི་ས་གནས་ཀྱི་ན་གཞོན་ཁག་ཅིག་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། མ་འོངས་པར་ཁོ་ཚོ་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཏེ། ས་གནས་འདིའི་རྒྱུན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་འདུག 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1