གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

གཡང་རྒྱལ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༩ཉིན།

༄༅།། གཅིན་སྙི་ཟ་ཁུའི་ནད་རྟགས་དང་གསོ་བཅོས་སྐོར་རགས་ཙམ་གླེང་བ།


གཡང་རྒྱལ་འབུམ། སྡེ་དགེ་རང་སྨན་རྩིས་ཁང་།
        ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་དཔྱད་ལྔའི་དུགས་ལས་རྡོ་དུགས་ཀྱི་ལག་ལེན་ཉིད་ནད་ཐོག་དངོས་ལ་བཀོལ་སྤྱོད་བྱེད་སྐབས་སྔོན་འགྲོ་སུ་ཇི་ལྟར་གྲ་སྒྲིག་བྱེད་སྟངས་དང་། དངོས་གཞིའི་ལག་ལེན་བྱེད་ཚུལ།ལག་ལེན་ཁྲོད་དུ་དོ་སྣང་བྱེད་དགོས་པའི་གནད་དོན་བཅས་ལ་རང་གི་ཤེས་ཚོད་དང་ནུས་ཚོད་ཀྱི་གླེང་བར་བྱས་ཡོད།
        གནད་ཚིག རྡོ་དུགས། གྲ་སྒྲིག ལག་ལེན།

        དེ་ཡང་རྒྱུད་བཞིའི་དཀའ་འགྲེལ་ལས། དུགས་ནི་རང་རང་ལ་ཕན་པའི་རྫས་གང་ཞིག་ནད་དམིགས་སྟེང་དུ་སྦྱར་བ་ལ་དུགས་ཟེར་ཞིང་།ནང་གསེས་སུ་དབྱེ་ན་བསིལ་དུགས་དང་དྲོད་དུགས་གཉིས་སུ་མཆིས་སོ། །ཞེས་གསུངས་པ་ནང་བཞིན་ནད་ཀུན་ལུས་ལ་འཇུ་བར་བྱེད་པའི་གསོ་ཐབས་ཅིག་ཏུ་མཐོང་བ་དང་དེ་ལས་དྲོད་དུགས་ནི་ཚྭ་དང་བྱེ་མ་སོགས་མེར་བསྲོས་པས་ནད་དམིགས་ལ་བདུག་པ་སྟེ། པོད་དམར་ལས།དྲོད་དུགས་དུག་རྫས་མེ་ལ་ལེགས་བསྲོས་ནས། །གང་ནའི་སྟེང་དུ་བདུག་དགོས་དུགས་ཀྱི་མིང་། །ཞེས་གསུངས་པ་ལྟར་དང་ཡང་སྙན་བརྒྱུད་བེ་བུམ་ནག་པོ་ལས། ཡན་ལག་རེངས་ན་བསྐུ་མཉེ་བྱ། ཁོལ་བར་ན་ན་མེ་བཙའ་བསྲེག །ཡང་ན་དུགས་ཀྱིས་བསྲོ་བར་བྱ། །ཞེས་པ་ལྟར་དང་། དྲང་སྲོང་ཙ་ར་ཀས། དུགས་ཀྱིས་གསོ་བར་བྱ་བའི་ནད། །རླུང་ལ་བད་ཀན་བདག་ཉིད་ཅན། །སྣུམ་གྱིས་དངོས་སུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། ཞེས་གསུངས་པ་ལྟར་རླུང་དང་རྩ་དཀར་གྱིས་ཡན་ལག་རེངས་པ་དང་། བད་རླུང་གྲང་བའི་ཕོ་བ་སྦོས་པ། གླང་ཐབས་ན་བ་སོགས་ལ་དྲོད་དུགས་ཕན་ལ། བསིལ་དུགས་ནི་ཚ་བའི་མགོ་གནོན་པ་དང་ཚ་གཟེར་གཅོག་པ་སོགས་ལ་བསྔགས། དེ་བས་རྡོ་དུགས་ཡང་དེ་ལས་མི་འདའ་བར་བསིལ་དྲོད་ཀྱི་ནུས་པའི་སྟོབས་དང་ལྡན་པའི་རྡོ་གང་ཞིག་གིས་ལུས་ཀྱི་གནས་གང་འོས་སུ་ཁག་སོ་སོར་གླན་པའམ་བཅིངས་ནས་ནད་སེལ་བར་བྱེད་པའི་གསོ་ཐབས་ཏེ། དེ་ལ་ཡང་ཚ་བའི་ནད་ལ་བསིལ་བའི་ནུས་པའམ་ཡང་ན་ཐོག་མ་ཉིད་ནས་བསིལ་བའི་རང་བཞིན་ལྡན་པའི་རྡོ་རིགས་གླན་ནས་བཅོས་པ་བསིལ་དུགས་དང་། གྲང་བའི་ནད་ལ་དྲོད་ཀྱི་ནུས་པ་དང་ལྡན་པའི་རྡོ་རིགས་སམ་ཡང་ན་དེ་འདྲའི་རྡོ་ལ་ཆང་གིས་བྲན་ཏེ་གླན་ནས་བཅོས་པ་དྲོད་དུགས་ཞེས་དབྱེ་བ་རིགས་གཉིས་ཡོད།

གཅིག ཐོག་མར་གཅིན་སྙི་ཟ་ཁུའི་གོ་དོན་དང་རྒྱུ་རྐྱེན། དབྱེ་བ་བཅས་བཤད་པ།

        གཅིན་སྙིའི་ནད་འདི་ནི་བད་ཀན་ས་ཆུའི་ཁམས་འཕེལ་བ་ལས་དྭངས་མ་ཟུངས་སུ་མ་སྨིན་པར་སྙིགས་མ་དང་འདྲེས་ཏེ་ལྒང་བའི་ལམ་ནས་མར་ཟགས་པ་ཞིག་ཡིན། རྒྱུད་ལས། རྒྱུ་རྐྱེན་ལན་ཚ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་འདུལ་བད་ཀན་ཚིལ་འཕེལ་བ། །ལྒང་པར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད། །ཞེས་ཟས་སྐོམ་གྱི་རིགས་རོ་ལན་ཚ་བ་དང་། རོ་མངར་བ། ནུས་པ་བསིལ་ཞིང་ལྕི་བའི་རིགས་བསྟེན་དྲགས་པ། སྤྱོད་ལམ་རླན་ཅན་གྱི་ས་ཐོག་ཏུ་བསྡད་དྲགས་པའམ་ཡང་ན་མ་འགུལ་བར་དལ་བར་བསྡད་དྲགས་པ་སོགས་ཀྱིས་བད་ཀན་དང་ཚིལ་འཕེལ་བ་དེ་ལུས་ཟུངས་སུ་མ་འགྱུར་བར་ལྒང་བར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད་དོ། །དེ་ལ་སྤྱིའི་དབྱེ་བ་གསུམ་སྟེ། དབྱེ་བ་བད་མཁྲིས་རླུང་དང་རྣམ་པ་གསུམ། །བྱེ་བྲག་ཏུ་དབྱེ་བ་ཉི་ཤུ་ཡོད་དེ། བད་ཀན་ཟ་ཁུ་ཆུ་ཆུང་བུར་ཤིང་དང་། །གར་པོ་འབྲས་ཕྱེ་ཁུ་ཆུ་བྱེ་མ་དང་། །བསིལ་དང་པགས་འབྱུང་ཁ་ཆུ་བཅུ་རུ་བཤད། །མཁྲིས་པའི་ཟ་ཁུ་ནས་ཚིག་སྣག་ཚ་དང་། །སྔོན་པོ་སྐྱེར་ཁུ་བཙོད་ཁུ་ཁྲག་འདྲ་དྲུག །རླུང་གྱུར་རྐང་ཞག་གླང་ཆེན་སྦྲང་འདྲ་བཞི། །ཞེས་སོགས་དབྱེ་བ་ཉི་ཤུ་ཡོད། དེ་དག་ནི་བད་ཀན་ཟ་ཁུ་ལ་དབྱེ་བ་བཅུ་སྟེ་ཆུ་འདྲ། ཆང་དང་འདྲ་བ། རོ་མངར་བ་བུར་ཤིང་དང་འདྲ་བ། གར་པོ་ཅན། དཀར་པོ་འབྲས་ཕྱེ་ལྟ་བུ། ཁུ་ཆུ་ཅན། ཟ་ཁུའི་ནང་དུ་བྱེ་མ་འདྲེས་པ་ལྟ་བུ། ཆུའི་རེག་བྱ་གྲང་ལ་བསིལ་བ་ཅན་ལྟ་བུའི་ཟ་ཁུ། པགས་འབྱུང་གི་ཟ་ཁུ། སྤྱིན་བག་ཅན་ནལ་ནལ་ཁུ་ཆུ་དང་འདྲ་བའི་ཟ་ཁུ་བཅས་བཅུ་ཡོད། མཁྲིས་པའི་ཟ་ཁུ་ལ་ནས་ཚིག་པའི་ཁུ་བ་དང་འདྲ་བའི་ཟ་ཁུ། མདོག་ནག་པོ་སྣག་ཚ་དང་འདྲ་བ། མདོག་སྔོན་པོ་ཅན། མདོག་སེར་པོ་སྐྱེར་ཁུ་དང་འདྲ་བ། མདོག་དམར་སྨུག་བཙོད་ཀྱི་ཁུ་བ་དང་འདྲ་བ། མདོག་དམར་ནག་ཁྲག་དང་འདྲ་བ་བཅས་དྲུག་ཡོད།
        རླུང་གི་ཟ་ཁུ་ལ་རྐང་མར་དང་འདྲེས་པ་རྐང་གི་ཟ་ཁུ་དང་། ཞག་མདངས་འདྲེས་པ་ཞག་གི་ཟ་ཁུ། ཆུ་སེར་རྙོག་ཅན་དང་འདྲེས་པ་གླང་ཆེན་ཟ་ཁུ། སྦྲང་རྩི་ལྟར་མངར་བ་སྦྲང་རྩིའི་ཟ་ཁུ་བཅས་དབྱེ་བ་བཞི་སྟེ་སྡོམ་པས་གཅིན་སྙི་དབྱེ་བ་ཉི་ཤུའོ། །སྤྱིར་བོད་ཀྱི་གསོ་བ་རིག་པའི་ལུགས་ལ་རླུང་ནད་ཐོག་མར་བསྟན་ཡོད་ཅིང་། གཅིན་སྙིའི་དབྱེ་བའི་སྐབས་སུ་བད་ཀན་ཐོག་མར་བཞག་ཡོད། དེའི་རྒྱུ་མཚན་གཅིན་སྙི་ནད་འདི་ཉིད་བད་ཚིལ་འཕེལ་བ་ལས་བྱུང་ཞིང་ངོ་བོ་བད་ཀན་ཤས་ཆེ་བས་དབྱེ་བ་ལའང་བད་ཀན་རིགས་མང་ཞིང་ཐོག་མར་བཞག་པ་ཡིན་ནོ། །
གཉིས། བར་དུ་གཅིན་སྙིའི་ནད་ཀྱི་རྟགས་དང་མངོན་ཚུལ་བཤད་པ།
        རྒྱུད་ལས། དེ་རྟགས་མངོན་ཚུལ་མལ་བསྟན་གཉིད་ལ་རྩི། །རྔུལ་མང་དྲི་མནམ་སྐྲ་དང་སེན་མོ་རིང་། །ཁ་མངར་གྲེ་བ་རྐན་སྐམ་བསིལ་ལ་རྩི། མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང་གཅིན་གྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ། །མངོན་ཚུལ་མི་གསལ་མདོག་ལ་ངེས་མ་ཡིན། །ཞེས་པ་སྟེ་དེའི་རྟགས་སུ་གཉིད་ཉལ་བར་དགའ་ཞིང་འགུལ་བསྐྱོད་ལ་མི་དགའ་བ། ལུས་ལ་རྔུལ་མང་དུ་འབྱུང་ལ་དྲི་ངན་མནམ་པ། སྐྲ་དང་སེན་མོ་རིང་བ། ཁར་རོ་མངར་བ་བྲོ་བ། གྲེ་བ་དང་རྐན་སྐམ་ཞིང་བསིལ་ཟས་ལ་རྩི་བ། རྐང་ལག་གི་མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་མ་ཅན་འབྱུང་བ། ཁྱད་པར་དུ་གཅིན་བཏང་རྗེས་ཀྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ་བ་སོགས་ཀྱི་རྟགས་མངོན་ཡོང་།
གསུམ། མཇུག་ཏུ་གཅིན་སྙིའི་ནད་ཀྱི་བཅོས་ཐབས་བཤད་པ།
        གཅིན་སྙིའི་ནད་འདི་ནི་བད་ཚིལ་ཤས་ཆེ་བ་ལས་བྱུང་བས་བད་ཚིལ་གཙོ་བོར་བཅོས་དགོས་ཏེ། དེ་ལ་སྤྱིའི་བཅོས་ཐབས་སུ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་བཅོས་དགོས། ཟས་སུ་འབྲུ་རྙིང་དང་སྐམ་སའི་ཤ་སོགས་ཡང་ཞིང་རྩུབ་པའི་ཟས་སྐོམ་རིགས་བསྟེན་ཞིང་རོ་མངར་བ་དང་ནུས་པ་ལྕི་བསིལ་རིགས་གཏན་ནས་མི་བསྟེན་པ། སྤྱོད་ལམ་རྩོལ་བཅག་རན་པར་བྱ་དགོས་ཤིང་ཉིན་པར་གཉིད་མི་ལོག་པ། 《 མན་ངག་ལྷན་ཐབས།》ལས། སྤྱོད་ལམ་དྲོ་བའི་གནས་སུ་རྩོལ་བས་བཅག། གྲང་དང་རྟ་ཞོན་རླན་སྟེང་ཉིན་གཉིད་སྤང་། །ཞེས་པའོ། །སྨན་དུ་ཡུང་བ་བཞི་ཐང་དང་གཅིན་སྙི་ཨ་རུ་བཅོ་བརྒྱད། སེ་འབྲུ་དྭངས་གནས། གཅིན་སྙི་བདེ་བྱེད་སོགས་བསྟེན་ན་ཕན། གྲང་བ་ཤས་ཆེ་བ་ལ་སུག་སྨེལ་བཅུ་བ་བསྟེན་དགོས། དཔྱད་དུ་ཚ་ཤས་ཆེ་ན་རུ་ཐུང་གཏར་དགོས་ཞིང་གྲང་བ་ཤས་ཆེ་བ་ལ་ཚིགས་པ་བཅོ་བརྒྱད་དང་བཅུ་དགུ་སྟེང་མེ་བཙའ་བཞག་ན་ཕན། གཞན་ད་དུང་ལུས་ཚོ་ཆེ་བ་རྣམས་ལ་ལུམས་བཅོས་བྱས་ན་ཕན་ཆེའོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1