༄༅།། པྲ་ཁྱོམ་དཔལ་བཟང་།

དཔལ་རྩལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-09


མི་སྨུག་པོ་དུང་གི་སོ་སྒོ་ཅན___པྲ་ཁྱོམ་དཔལ་བཟང་།

དཔལ་རྩལ།
          སྤྱི་ཕན་གྱི་ལམ་བུ་ཞེས་པའི་བྱེད་སྒོ་འགྲུབ་ནས་བདུན་ཕྲག་གཅིག་ལ་ཉེ་བ་ཞིག་འགོར་སོང་། ངས་བྱེད་སྒོ་འདི་དང་ཐེངས་འདིའི་བྱེད་སྒོའི་མི་སྣ་གཙོ་བོ་དཔལ་བཟང་དང་འབྲེལ་བའི་མྱོང་ཚོར་ཞིག་ཟིན་ཐོར་འགོད་འདོད་ནས་ཀྱང་བདུན་ཕྲག་གཅིག་ལྷག་འགོར་སོང་ནའང་སྔར་བཞིན་ཡིག་འབྲུ་གང་ཞིག་ནས་མགོ་རྩོམ་དགོས་པའི་སོམ་ཉི་ལས་ཐར་ཐབས་མ་བྱུང་། གཟའ་མཇུག་ལ་དཔལ་བཟང་གིས་ཁ་པར་བཏང་ཡོང་ནས་ཐེངས་འདིའི་བྱེད་སྒོའི་གནས་ཚུལ་དང་ཞལ་འདེབས་ཀྱི་ཁ་གྲངས་སོགས་སྡོམ་རྩིས་བྱ་བར་བསྐུལ་བྱུང་བས། གཞི་ནས་ཟིན་ཐོ་འདིའང་འགྱངས་ཐབས་མེད་པ་ཤེས་བྱུང་།

པྲ་ཁྱོམ་དཔལ་བཟང་།
          ངས་ཐོག་མར་དཔལ་བཟང་ངོ་ཤེས་དུས་ནི་ཁོང་གིས《རྒྱལ་མོ་མཱ་རེ》ཞེས་པའི་དབྱིན་ཡིག་གི་དེབ་ཅིག་བོད་དུ་བསྒྱུར་ཞིང་། ལོ་ཙཱ་བའི་མིང་ལ་མྱི་རྩ་བ་དཔལ་བཟང་ཞེས་བྲིས་ཡོད་པའི་སྐབས་དེ་ཡིན་མོད། དེ་དུས་ད་དུང་ཁོང་ལ་དེ་འདྲ་དོ་སྣང་བྱས་མྱོང་མེད། ཕྱིས་སུ་ཁོང་གི་སྐད་གྲགས་དྲ་བའི་སྒང་ལ་ཆོད་ཅིང་། བོད་མི་མང་པོ་ཞིག་གིས་བྱེ་འགོག་དཔའ་བོ་ཞེས་འབོད་པའི་སྐབས་སྟེ《མཛོད་དགེ་འཚོལ་བ》ཞེས་པའི་དངོས་བཤུས་གློག་བརྙན་དེ་སྐད་གྲགས་ཆོད་པ་ནས་བཟུང་ཁོང་གི་ལས་ཀ་ལ་དོ་སྣང་བྱ་བའི་མགོ་བཙུགས་པ་ཡིན། དངོས་བཤུས་གློག་བརྙན་དེའི་ནང་དུ་དཔལ་བཟང་གིས་རང་དང་ལས་ཀ་མཐུན་པའི་གྲོགས་པོ་སྐོར་ཞིག་མཛོད་དགེའི་ཡུལ་དུ་གདན་དྲངས་ཤིང་། རང་གི་མི་ལོ་དུ་མའི་ལས་ཀའི་འབྲས་བུ་ལ་མཉམ་དུ་རྒྱུས་ལོན་བྱ་བའི་བརྒྱུད་རིམ་མངོན་ཡོད་ཅིང་། ཉིན་དུ་མའི་བགྲོ་གླེང་དང་འགྲུལ་བཞུད་མཇུག་སྒྲིལ་རྗེས་མཚམས་སྤྲིན་གྱིས་སྤྲིས་མ་སེར་བོ་རྩྭ་ཐང་ལ་བཀླུབས་པའི་ས་སྲོད་ཅིག་ལ། ཁོང་གིས་རྟ་ཕོ་རྣམ་རིག་བཀྲ་བ་ཞིག་ལ་ཞོན་ནས་རྟ་རྒྱུགས་ཀྱི་ལྟད་མོ་ཡིད་དབང་འཕྲོག་པ་ཞིག་བསྟན་པ་ཡིད་ནས་བརྗེད་ཐབས་མི་འདུག ད་དུང་དངོས་བཤུས་གློག་བརྙན་དེའི་མཇུག་དུ་ཁོང་དང་ཨ་མའི་བར་གྱི་གཏམ་རྒྱུད་ཅིག་བརྗོད་པས། དངོས་བཤུས་གློག་བརྙན་དེར་བལྟས་མྱོང་མཁན་མང་པོ་ཞིག་གི་མཆི་མ་དྲངས་ཡོད། 
          ཕྱིས་སུ་ཁྲིན་ཏུའུ་ཡི་ཟ་ཁང་གྲལ་གཙང་ཞིག་ནས་ཁོང་དང་དངོས་སུ་འཕྲད་དུས། གདན་བཞུགས་ཀྱི་གྲོགས་པོ་ཞིག་གིས་ང་ལ་ཁོའི་མིང་ལ་དཔལ་བཟང་ཟེར་ཞེས་ངོ་སྤྲོད་སྐབས། ངས་སྔ་མོ་ནས་ངོ་ཤེས་ཞེས་ལན་བཏབས་པ་ཡིན། གྲོགས་པོ་དེ་དགོད་བཞིན། དེ་ལོས་ཡིན། དེང་སང་ཁོ་སྐད་གྲགས་ཆེན་པོ་ཆོད་ཡོད་ཅེས་ལན་བཏབས་སོང་ལ། སྐབས་དེ་ནས་བཟུང་གུས་ཞབས་ཆེ་ཞིང་། བྱ་བ་ཚགས་དམ་པོ་བསྒྲུབ་པའི་ཕོ་སར་འདིའི་བར་ལ་སྒེར་གྱི་འབྲེལ་བ་མང་པོ་བྱུང་སོང་། 
          ད་ལོ་ང་ཚོར་སྤྱི་ཕན་གྱི་ལམ་བུ་ཞེས་པའི་སྤྱི་ཕན་བྱེད་སྒོ་ཞིག་སྤེལ་རྒྱུའི་གོ་སྐབས་བྱུང་ཞིང་། བྱེད་སྒོ་སྤེལ་སའི་ས་གནས་གཏན་འཁེལ་བྱེད་རན་ལ་ཐུག་པས། ང་ཚོས་གྲོས་བསྡུར་མང་པོ་བྱས་པ་བརྒྱུད། དཔལ་བཟང་དང་འགྲོགས་ནས་འབྲོག་ཁུལ་དུ་བྱེ་ས་སྔོན་འགོག་དང་རྩྭ་ས་སླར་གསོའི་ལས་ཀ་དོན་སྙིང་དང་ལྡན་པ་ལ་ཞུགས་རྒྱུར་ཐག་བཅད་པ་ཡིན། འདི་ནི་གཅིག་ནས་ལས་ཀ་འདི་ནམ་ཟླ་དཔྱིད་ཀ་ལ་འཚམས་པས་ཡིན་ལ། ཡང་ཕྱོགས་གཅིག་ནས་སྨྲས་ན་ང་ཚོའི་བྱེད་སྒོ་འདི་གསར་བ་གསར་རྐྱང་ཡིན་ཞིང་། ད་དུང་རྐང་བརྟན་པོ་ཞིག་ཚུགས་མེད་པས། སྔར་ནས་རྐང་བརྟན་པོ་ཟིན་ཞིང་ལས་ཀ་ལམ་ལྷོངས་འགྲོ་བཞིན་པ་ཞིག་དང་མཉམ་འབྲེལ་བྱས་ན་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་རེ་བ་ཡོད་པས་ཀྱང་ཡིན། 

བགྲོ་གླེང་ཁང་།
དབུགས་གསར་བ་རྙེད་པའི་བགྲོ་གླེང་ཁང་།
          ང་ཚོས་ཁོང་ལ་བྱེད་སྒོའི་འཆར་གཞི་དག་སྨྲས་དུས་ཁོང་གིས་དགའ་བས་དང་ལེན་གནང་ཞིང་། བྱེ་བྲག་གི་ཟླ་ཚེས་དང་། ལས་རིམ་ཡོངས་ཀྱི་བཀོད་སྒྲིག ཐ་ན་གུང་ཚིགས་ཚུན་ཆད་ཀྱི་དོན་དག་མང་པོ་ཞིག་ཞིབ་ཆར་ཕབས་བྱུང་བས། གཞི་ནས་ལས་ཀ་འདི་ལེགས་པོར་འགྲུབ་པར་ཡིད་ཆེས་རྙེད་བྱུང་། དེ་ལྟར་ང་ཚོ་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་མཛོད་དགེའི་ཕྱོགས་སུ་ལམ་ལ་ཆས་པ་ཡིན་ལ། ཉིན་གཅིག་གི་འགྲུལ་བཞུད་བརྒྱུད་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་ཁོང་གི་པྲ་ཁྱོམ་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ཁང་དུ་འབྱོར་སོང་། བགྲོ་གླེང་ཁང་ནི་སྟག་ཚང་ལྷ་མོ་ཞེས་པའི་གྲོང་བརྡལ་དེའི་ནང་རོལ་གྱི་གདོང་ཁ་ཞེས་པའི་སྡེ་བ་དེའི་སྟོད་ཀྱི་དེའུ་འབུར་ཞིག་གི་མཐོ་ས་རུ་བསྐྲུན་ཡོད་ཅིང་། དཔལ་བཟང་རང་གིས་ངོ་སྤྲད་པ་ལྟར་ན། རོང་ཕྱོགས་ཀྱི་རི་ཁ་ཞིག་ཏུ་གཞན་གྱིས་དོར་ཞིང་ལུས་པའི་ཁང་རྙིང་ཞིག་ཉོས་ནས་ཀ་བ་དང་གདུང་མ་སོགས་གཅིག་ཀྱང་མ་དོར་བར་ཚུར་སྤར་ནས་བསྐྲུན་པ་ཡིན་ཟེར། ཕར་བལྟས་ཚོད་ལ་འདི་དག་ནི་གད་སྙིགས་ཡིན་པ་དང་མ་དགོས་པར་དོར་བའི་ཤུལ་ཅུང་ཟད་ཀྱང་མེད་པ་མ་ཟད། ཀ་བ་དག་ནི་སྦོམ་ཞིང་མཁྲེགས་ལ་ཤིང་སྤུས་བཟང་བས། དེང་སྐབས་འདི་ལྟ་བུའི་ཤིང་ཁང་ཚད་ལྡན་ཞིག་དབུབ་དགོས་ན་འགྲོ་སོང་ནི་ཕོན་ཆེན་པོ་ཞིག་དགོས་པ་སྨོས་མེད་རེད། 
          དཔལ་བཟང་གིས་ཁོ་རང་ནགས་གསེང་བརྒྱུད་ནས་འགྲོ་དུས་ཁང་བ་འདི་བདག་པོ་མེད་པར་ཁ་ཆར་གྱིས་འཇིག་བཞིན་ཡོད་པ་མཐོང་བས། བདག་པོ་རྩད་བཅད་དུས་དེ་ཉིད་རི་གཤམ་དུ་སྤར་ཞིང་། ཨར་འདམ་དང་ངར་ལྕགས་ཀྱི་ཁང་བ་གསར་བ་ཞིག་དུ་གནས་བཅས་འདུག་ཟེར། དེ་ནས་བདག་པོ་ལ་རིན་གོང་མོལ་ནས་ཚུར་ཉོས་པ་ཡིན་ཞིང་། སྔར་གྱི་སྒྲིག་གཞི་ཇི་བཞིན་དུ་སྤོས་པ་ལས་འགྱུར་བ་ཅི་ཡང་བཏང་མེད་ཟེར། ཤིང་ཁང་འདི་ད་ལྟ་པྲ་ཁྱོམ་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ཁང་གི་དཔེ་ཁང་དང་བགྲོ་གླེང་སོགས་སྤེལ་སའི་གནས་ཡིན་ལ། ཕྱོགས་གཅིག་སྒེའུ་ཁུང་ལ་ཕྱོགས་གསུམ་གྱི་གྱང་ངོས་ཡོད་ཚད་གྲུ་བཞིར་བཅད་པའི་དཔེ་སྒྲོམ་གྱིས་བཀང་ཡོད་ཅིང་། སྒོ་ཐད་ཀྱི་གྱང་ངོས་སུ་ཚོགས་འདུ་སོགས་སུ་བཀོལ་བྱའི་བརྙན་ཡོལ་དང་། བརྙན་ཡོལ་གྱི་གཤམ་དུ་ནུབ་ལུགས་ཀྱི་ཐབ་ཀ་མེ་ལྕེ་ལམ་ལམ་མཐོང་ཐུབ་པ་ཞིག་བཙུགས་ཡོད་པས། ཁང་བ་ཡོངས་ལ་དྲོད་སྣང་ཁྱབ་ཡོད། 
          བགྲོ་གླེང་ཁང་གི་དཀྱིལ་ཁང་དེའི་གཡོན་འགྲམ་གྱི་ར་སྐོར་ཕུག་ཏུ་གྱང་ངོས་སུ་ཨ་ལོང་གི་རི་མོ་བབས་པའི་ཁང་བ་ཁྱད་མཚར་བོ་ཞིག་ཡོད་ཅིང་། ཞིབ་པར་བཅར་ནས་བལྟས་དུས་དེ་ནི་ཝུ་ཆང་སོགས་ཀྱི་ཤེལ་དམ་བརྩེགས་ཤིང་འདམ་བག་གིས་སྦྱར་བའི་ཁང་བུ་ཞིག་རེད། དཔལ་བཟང་གིས་འདི་ཉིད་ཨ་རིའི་ཝིར་རྗི་ཉི་ཡ་སློབ་ཆེན་གྱི་སློབ་མ་འགའ་ཤས་ཡོང་ནས་བཟོ་རོགས་བགྱིས་པ་ཡིན་ལ། ཁང་བུ་འདིར་བཀོལ་བའི་རྒྱུ་ཆ་ཡོད་ཚད་ཡུལ་འདི་ནས་ཁོ་ཚོས་བཏུས་པ་དང་། གཞན་གྱིས་དོར་བ་ལ་རིན་གོང་འོས་འཚམ་རེ་སྤྲད་ནས་བསྡུས་ཤིང་བཟོས་པ་རེད་ཟེར། གད་སྙིགས་ཀྱིས་བཟོས་པའི་ཁང་བུ་འདི་ཡི་ཕྱི་དབྱིབས་སྙིང་རྗེ་ཞིང་། ནང་བཀོད་སྤུས་ལེགས་ལ། ད་ལྟ་བགྲོ་གླེང་ཁང་གི་ཐབ་ཚང་གི་འགན་ལེགས་པར་ཁུར་འདུག་པས། འདིའི་ཆ་ཤས་སུ་གྲུབ་པའི་ཤེལ་དམ་དང་སྡོང་དུམ། སོ་ཕག་དུམ་བུ་སོགས་ཀྱིས་རང་ལ་ཚེ་སྲོག་གསར་བ་ཞིག་བསྐྱར་དུ་བྱུང་བར་དགའ་བ་སྒོམ་བཞིན་ལོས་ཡོད་སྙམ་བྱུང་། 
          དགོང་ཟས་སྟབས་བདེ་ཞིག་ལ་རོལ་རྗེས་ང་ཚོས་བྱེད་སྒོའི་ཆ་ཤས་སུ་གྱུར་བའི་བགྲོ་གླེང་གི་མགོ་བརྩམས་པ་ཡིན། དཔལ་བཟང་གིས་རང་གི་ལས་ཀ་ངོ་སྤྲོད་གནང་ཞིང་། ང་ཚོས་སྐབས་སྐབས་སུ་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བགྲོ་གླེང་གི་རིམ་པ་ལེགས་པར་བསྐྱངས། རི་གྲོང་གི་མཚན་མོ་ལྷིང་ཤིང་འཇགས་ལ། མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་ཤིང་ཁང་གྲུ་བཞི་འདིར་དྲོད་སྣང་ཞིག་འཁྱིལ་འདུག ཐག་རིང་ནས་མཆེད་པའི་སྒོ་ཁྱིའི་ཟུག་སྐད་དང་། ནུབ་ལུགས་ཀྱི་ཐབ་ཀ་དེ་ནས་མཆེད་པའི་མེ་ཤིང་གི་ཙག་སྒྲ་བཅས་ནི་སྐབས་འདིར་ལྷིང་འཇགས་ཀྱི་སྣོན་མ་ལས་མ་མཆིས། ཕྱོགས་སོ་སོའི་གྱང་ངོས་ཀྱི་དཔེ་སྒྲོམ་དག་ནི་སྲིད་པའི་ཐང་ཆེན་མོ་བརྒལ་ཞིང་ཡོང་བའི་ལྟད་མོ་བ་རེ་རེ་དང་འདྲ་བར། ཕོ་སར་འདི་དང་ཡུལ་སྡེ་འདིས་བཏེགས་པའི་རླབས་ཆེ་བའི་འགན་འཁུར་འདི་ལ་ཉན་ཞིང་མཆིས། ང་ཚོས་ཁོང་ལ་སྐད་ཆ་མང་པོ་དྲིས་པ་ཡིན་ལ། དྲི་བ་དང་དྲིས་ལན་དག་གི་བར་གསེང་ནས་ཁོང་གི་ལས་ཀ་སྤྱི་དང་སང་ཉིན་གྱི་ང་ཚོའི་བྱེད་སྒོའི་སྐོར་ལའང་སྔར་མེད་པའི་བསམ་ཚུལ་མང་པོ་སྐྱེས་བྱུང་། 
          དགོང་མོ་ཕྱིར་ཉལ་ཁང་དུ་ལོག་རྗེས་ངའི་མིག་ལམ་དུ་བསུབ་ཐབས་བྲལ་བ་ནི་མི་རབས་དུ་མའི་དགའ་སྐྱོ་དང་དར་རྒུད་རུམ་ཞིང་ཡོང་བའི་ཤིང་ཁང་ཞིག་རིམ་གྱིས་རྒུད་པར་གྱུར་ཞིང་། ཆར་རླུང་གི་ཁྲོད་དུ་གྲ་ཆག་གྲུ་ཉམས་སུ་འགྲོ་བཞིན་པ་ལ། སྟེས་དབང་ཞིག་གིས་ཕྱིར་དབུགས་རྙེད་ཅིང་། དུས་རབས་གསར་བ་ཞིག་དང་དཀའ་ཁག་གསར་བ་ཞིག་གི་མདུན་དུ་འགྲེང་ནས་རང་ཉིད་ཀྱི་འགན་ཁུར་ཡང་སྔར་དང་མ་འདྲ་བ་ཞིག་སྐྱོང་བཞིན་པའི་སྣང་བརྙན་མཛེས་པོ་དེ་རེད། ཁང་བ་འདི་ལོ་བརྒྱ་ལོན་པའི་བགྲེས་པོ་ཞིག་ཡིན་ན་ད་ལྟ་ཁོང་ལ་མི་རྒ་བར་ཚེ་བསྲིང་བའི་གཟུངས་ཁྱད་པར་བ་ཞིག་ཐོབ་ཅིང་། སྲ་ཞིང་བརྟན་པའི་འཁར་བ་ལ་བརྟེན་ནས་མི་ཚེ་གསར་བ་ཞིག་གི་ལེའུ་སྐྱོང་བཞིན་ཡོད། ཁོང་ནི་ཆར་རླུང་ཁྲོད་ཞིག་པའི་ཁང་བ་མང་པོའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོང་དང་འདྲ་བའི་ཁང་བ་ཡིད་དུ་འོང་བ་དང་གཏམ་རྒྱུད་སྣ་ཚོགས་ཀྱིས་ཕྱུག་པ་མང་པོ་ཞིག་མི་ཚོའི་དྲན་འཛིན་གྱི་ངོས་ནས་བོར་བར་གྱུར་ཡོད་པའི་ཕངས་སེམས་དང་། འདི་ཉིད་གཅིག་པུ་འདི་ལྟར་མཚར་སྡུག་དང་ལྡན་པར་འགྲེང་བའི་སྤྲོ་སྣང་བཅས་ཚོར་འདུ་མང་པོ་ཞིག་ཁང་བ་འདི་གཅིག་པོའི་སྟེང་ལ་མ་བཀལ་ཐུ་མེད་རེད། 

བྱེ་མས་ཟ་བཞིན་པའི་ཁང་བ།
དབུགས་གསར་བ་རྙེད་པའི་རྩྭ་ས།
          ཕྱི་ཉིན་ཞོགས་པར་ང་ཚོ་ལམ་ལ་ཆས་ཤིང་དཔལ་བཟང་གི་བྱེ་འགོག་ལས་ཀའི་རྟེན་གཞི་ཆེ་ཤོས་སྟེ་མཛོད་དགེ་རྫོང་གི་ཀིརྟི་རུ་བའི་ཕྱོགས་སུ་ཕྱིན། ཡུལ་དེ་ནི་རྨ་ཆུ་དང་རྨེ་ཆུའི་འདྲེས་མདོའི་ཁུག་ཏུ་ཆགས་ཡོད་ཅིང་། རྩྭ་ཐང་ཁོད་ཡངས་ས་ཞིག་ཡིན་པ་མ་ཟད། མིག་གིས་ཁེབས་ཚོད་དུ་ནོར་ལུག་གི་ཁྱུ་ཚོགས་བག་ཡངས་ངང་རྒྱུ་བ་མཐོང་ཐུབ་པའི་ཡུལ་སྐྱིད་པོ་ཞིག་རེད། ང་ཚོ་ཚང་མས་སྤང་ཐང་སྐྱིད་པོ་ཞིག་རེད་ཅེས་དགའ་སྤྲོའི་ངང་བརྗོད་ཅིང་། རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་པར་སྣ་ཚོགས་བླངས་པ་ཡིན། འོན་ཀྱང་མིག་གིས་ལྟ་ཕྱོགས་ཤིག་གིས་རླངས་འཁོར་གྱི་འཁོར་ལོའི་རྗེས་སུ་བྱེ་རྡུལ་རིང་བོ་ཞིག་དྲངས་ཡོད་པ་མཐོང་བས། གཞི་ནས་རྩྭ་ས་རྒྱ་ཆེན་པོ་འདི་བྱེ་མར་འགྱུར་ཚབས་ཆེ་བ་ཤེས་བྱུང་།
          ང་ཚོ་འཆར་གཞི་ལྟར་སྔར་གྱི་བྱེ་འགོག་གི་རྟེན་གཞི་ཞིག་ནས་རླངས་འཁོར་ལས་བབས་པ་ཡིན་ལ། རྒྱང་ནས་བལྟས་ཚེ་དཔྱིད་ཀྱི་དྲོད་འཇམ་བསླེབས་ཤིང་ལྗང་མདོག་གི་ངོ་མདངས་བབས་པའི་སྤང་ཐང་འདི་དོན་དངོས་སུ་རྡོག་པས་བརྫི་དུས། རྩྭ་རྐང་རེ་རེའི་རྩད་པར་བྱེ་རྡུལ་བབས་ཤིང་། ས་ཤུན་ནི་ཅི་ཞིག་གིས་བསམ་བཞིན་དུ་སོབ་སོབ་བགྱིས་པ་བཞིན་མི་རྣམས་ཀྱི་རྐང་བའི་ལྗིད་མི་ཐེག་པར་སྐབས་སྐབས་སུ་བརྡོལ་ནས་རྐང་མགོའང་ནང་ལ་ལྷུང་འགྲོ ཉེ་འཁོར་གྱི་འབྲོག་པ་ཚོའི་ཁང་བ་གསར་ཕུབ་དག་ནི་རྩི་དཀར་བཏང་པས་ཅུང་ཟད་ཉམས་བཟོ་དོད་པོ་ཞིག་ཡིན་མོད། སྔར་གྱི་ས་ཁང་རྙིང་བ་རེ་གཉིས་ཀྱི་རྐེད་པ་ཡན་ལ་བྱེ་མ་བཏབས་པས་ཁང་བའང་ཅུང་ཟད་དམའ་བར་གྱུར་འདུག་པའི་སྣང་བ་སྟེར། ང་ཚོས་སྤང་ས་དེ་དག་སྤར་མོས་བསློགས་དུས་བྱེ་མ་བཏབས་པའི་ཕྱི་ཤུན་ནི་ཉི་འོད་ཀྱིས་བསྲོས་ནས་ཚ་ལམ་ལམ་བྱེད་པ་ལས་ཆུ་ཡིས་བརླན་པའི་ཆ་ཅུང་ཟད་ཀྱང་མེད། མུ་མཐུད་དུ་གཏིང་ལ་བསློག་དུས་རིམ་གྱིས་བྱེ་མའི་གཏིང་རིམ་དུ་བརླན་གཤེར་ཅུང་ཟད་ས་ནག་དང་མཉམ་དུ་གནས་ཡོད་པ་མཐོང་བྱུང་། དེ་ནས་ཁོང་གི་བྱེ་འགོག་རྟེན་གཞིའི་ལྕགས་དྲ་ལ་འཛུལ་དུས་འདིའང་ལྕགས་དྲའི་ཕྱི་རོལ་གྱི་ས་ཤུན་བཞིན་དུ་དེ་འདྲ་སྲ་མོ་ཆགས་མི་འདུག་མོད། སྔར་གྱི་འདྲ་པར་སྒང་གི་བྱེ་མ་དཀར་བོང་བོང་དང་བསྡུར་ན་ད་ལྟ་ནི་ཇེ་ལེགས་ལ་ཚད་ངེས་ཅན་ཕྱིན་ཡོད་པ་མ་ཟད། དཔྱིད་ཉི་རིང་བོའི་དུས་སུ་ཕྱུགས་ཟོག་ཤ་ཤེད་ཞན་ཤོས་འགའ་རེ་འཚོའང་ཆོག་པས་ཕན་ཐོགས་ཀྱང་ངེས་ཅན་འབྱུང་གི་འདུག 
          དཔལ་བཟང་གིས་རྟེན་གཞི་འདི་ནི་སླར་གསོ་བྱུང་བ་ལེགས་ཤོས་མ་རེད། ང་ཚོས་རྩྭ་སོན་དང་ལྕང་མ་བཏབས་ཚར་རྗེས་ལོ་རྗེས་མ་དག་གི་བདག་དམ་དེ་འདྲ་ལེགས་པོ་མ་བྱུང་བས་གནོད་ཅུང་ཟད་ཐེབས་སོང་ཟེར། དཔལ་བཟང་དང་འབྲོག་པ་སུ་ལ་དྲིས་ཀྱང་། བྱེ་ས་ལ་རྩྭ་སོན་དང་ལྕང་ཕྲན་འདེབ་རྒྱུ་ལས་སླ་བོ་ཞིག་རེད། འོན་ཀྱང་ཆེས་དཀའ་མོ་ནི་ལོ་ངོ་བཅུ་གྲངས་རིང་གི་སླར་གསོའི་གོ་རིམ་ཁྲོད་ཀྱི་བདག་དམ་རེད་ཅེས་ལན་འདེབ་བཞིན་འདུག ཁོ་ཚོས་བཤད་པ་ལྟར་ན་སྲིད་གཞུང་གིས་ཀྱང་བྱེ་ས་སྔོན་འགོག་གི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་ཅིང་། ལས་གཞི་རེ་རེའི་རྒྱ་ཁྱོན་ལ་མུའུ་སྟོང་ཕྲག་དུ་མ་ཡོད་པ་མ་ཟད། འགྲོ་སོང་ཡང་ཕོན་ཆེན་པོ་གཏོང་ཐུབ་པས་ལས་གཞིའི་ལོ་དང་པོ་ལ་རྩྭ་སྐྱེས་པ་བཟང་ནའང་། ལོ་གཉིས་པ་ནས་བཟུང་ཕྱོགས་གཅིག་ནས་ཕྱུགས་རིགས་གི་འགྲོ་འོང་བཅད་པ་དང་། ཡུལ་མི་རང་གི་བདག་དམ་མི་དགོས་པ་བྱས་པས་རིམ་བཞིན་ཇེ་ཞན་ནས་ཇེ་ཞན་དུ་ཕྱིན་ནས་གྲུབ་འབྲས་དེ་འདྲ་ལེགས་པོ་ཞིག་ཐོབ་ཐུབ་ཀྱིན་མི་འདུག དེ་དང་བསྡུར་ན་ཁོ་ཚོ་འབྲོག་པ་རང་གི་བྱེ་འགོག་རྟེན་གཞི་དེ་དག་ནི་མ་རྩ་ཉུང་ཞིང་། ཡོ་བྱད་སོགས་ཀྱི་ཆ་རྐྱེན་ཞན་ནའང་ལོ་དང་པོར་རྩྭ་དང་ལྕང་སོན་བཏབས་པ་ཙམ་མ་ཡིན་པར། ཆེད་དུ་དོ་དམ་ལེགས་པོ་བྱས་ཤིང་། ཕྱུགས་ཟོག་འོས་འཚམས་ཤིག་བཏང་ནས་ཕྱོགས་གཅིག་ནས་ལྕི་བ་སོགས་ཀྱི་ལུད་རྫས་རང་བཞིན་གྱིས་ཡོང་བ་དང་། ཕྱོགས་གཅིག་ནས་ཕྱུགས་ཟོག་གི་རྨིག་པས་ས་ཤུན་བཅག་བཅག་བཏང་ནས་སྲ་མོར་བསྒྱུར་བ་སོགས་ཀྱི་ཐབས་སྤྱད་ཡོད་ལ། དེ་ལྟར་ལོ་དང་ལོ་མཐུད་ནས་ལོ་རེ་རེའི་ས་ཤུན་གྱི་སྐྱེ་འཚར་ལ་དོ་དམ་ལེགས་པོ་བྱས་རྗེས་གཞི་ནས་བྱེ་མ་རུ་གྱུར་བའི་རྩྭ་ས་ཡིས་དབུགས་གསར་བ་རྙེད་ཐུབ་ཟེར། དོ་དམ་གླེང་དུས་ང་ཚོར་ཡིད་འགུལ་ཐེབས་པ་ཞིག་ནི། རྒན་པོ་སངས་རྒྱས་སྐྱབས་ཟེར་བ་ཞིག་གིས་ང་རང་ད་ལྟ་ལོ་བརྒྱད་ཅུར་བསླེབ་ཉེ་ཡིན། སྡེ་བའི་ནང་ནས་ཆེས་རྒན་ཤོས་ཀྱི་གྲས་ཡིན། ང་ཚོའི་མི་རབས་འདི་འདི་ལྟར་ཡོང་ཞིང་འཚོ་བ་རོལ་ནས་ཚར་སོང་བ་རེད། དེའི་ཕྱིར་ད་ལྟའི་ལས་ཀ་འདི་དག་གང་ཡིན་རུང་བུ་ཕྲུག་ཕྱི་རབས་པ་ཚོ་ལ་འཚོ་རྟེན་ཞིག་དང་། དེ་ཚོ་ལ་ང་ཚོའི་རྒན་རབས་པ་ཚོས་འདི་བྱས་པ་རེད་ཟེར་བ་ཞིག་འཇོག་རྒྱུ་ཡོད་ན་སྙམ་ནས་ལས་ཀ་བསྒྲུབས་པ་ཡིན། དོ་དམ་ཡིན་ནའང་ང་ཚོས་རང་འགུལ་གྱི་སྒོ་ནས་སྒྲིག་ལམ་གཏན་འཁེལ་བྱེད་ཀྱིན་ཡོད་ཅིང་། ལོ་རེ་བཞིན་རྩྭ་ས་སླར་གསོའི་གནས་ཚུལ་ལ་དཔག་ནས་ཕྱུགས་ཟོག་ག་ཚོད་འཚོ་ཆོག་པ་དང་། དུས་ཡུན་གང་ཙམ་ལ་འཚོ་ཆོག་པ། ཡང་ན་ཕྱུགས་རིགས་གང་ཞིག་འཚོ་བ། རྩྭ་ས་གཉོར་སྐྱོང་དང་། ལྕགས་དྲ་བདག་དམ་ལ་སོགས་པའི་ཞིབ་ཆ་ཚང་མ་ང་ཚོའི་སྡེ་བ་རང་གི་རྒན་གྲས་དང་འགོ་བ་སོགས་ཀྱིས་གྲོས་བྱས་ཤིང་ཐག་གཅོད་བཞིན་ཡོད་པ་དང་། གལ་སྲིད་གྲོས་ཆོད་ལས་འགལ་ན་དེར་བསྟུན་གྱི་ཆད་པའང་གཅོད་བཞིན་ཡོད། འདི་ལྟར་མི་ལོ་མང་པོར་འབད་པ་བྱས་པས། ད་ལྟ་བྱེ་མ་འདི་འགོག་ཐབས་བྲལ་བ་ཞིག་རེད་སུས་ཀྱང་སྙམ་བཞིན་མེད་པ་མ་ཟད། འདི་ལ་ལོ་རེ་བཞིན་འབད་པ་བྱས་ཤིང་སེམས་ཞིབ་མོས་གཉོར་སྐྱོང་བྱས་ན་རིམ་བཞིན་རྩྭ་ས་སླར་གསོ་ཐུབ་པའི་ཡིད་ཆེས་རྙེད་བཞིན་འདུག་ཅེས་ཟེར། 

ཕྱོགས་ཕྱོགས་ནས་འདུས་པའི་འབྲོག་པ།
          དེའི་འཕྲོར་ང་ཚོས་སླར་ཡང་སླར་གསོའི་འབྲས་བུ་ཅུང་བཟང་བའི་རྩྭ་ར་ཁག་གཅིག་ལ་བལྟས་པ་ཡིན་ལ། ད་ལྟ་ནམ་ཟླ་དཔྱིད་ཀྱི་འགོ་ཚུགས་ཙམ་ཡིན་པས་རྩྭ་རྫོང་མཐུག་པོ་དེ་འདྲ་རང་མི་འདུག་མོད། ས་ཤུན་མཐུག་ཅིང་སྲ་མོ་ཆགས་འདུག་པས། ང་ཚོས་ཕྱི་རྟིང་གིས་ཤེད་ཀྱིས་བརྫིས་ཀྱང་ས་ཤུན་བརྟོལ་དཀའ། ལྕང་ཕྲན་དག་ནི་གཞུང་རྟ་སྦོམ་ཞིང་འདབ་ལོས་ཚང་ཚིང་འཁྲིགས་པ་དེ་འདྲ་མིན་མོད། མཉེན་ལྕུག་གི་གཞུང་རྟའི་རྩད་པ་རུ་རྩྭ་རྫོང་གཞན་ལས་མཐུག་པ་འདྲ། དཔལ་བཟང་གིས་ང་ཚོས་རྩྭ་སོན་དང་ལྕང་ཕྲན་གང་གི་ཐད་ནས་ཡིན་རུང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཀྱི་དོ་མཉམ་ལ་མི་གནོད་པའི་ཐབས་འཚོལ་བཞིན་ཡོད། དཔེར་ན་རྩྭ་སོན་ལ་ཆ་མཚོན་ན་རིན་གོང་གཞན་ལས་མཐོ་བའི་མདོ་དབུས་མཐོ་སྒང་གི་འཇག་རྩྭའི་ས་བོན་བེད་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། དེ་ལ་ཡུག་པོ་བརྒྱ་ཆའི་ཚད་ངེས་ཅན་བསྲེ་བཞིན་ཡོད། ཡུག་པོ་ལ་བཟང་ཆ་ཞིག་ཡོད་པ་ནི་ལོ་དང་པོ་ལ་སྐྱེ་ཤུགས་ལེགས་པོ་བྱུང་རྗེས། ལོ་གཉིས་པ་ནས་ཤི་འགྲོ་བས་རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་གང་ཡང་མི་ཐེབས་ཟེར། དེ་བཞིན་ལྕང་སོན་ཡིན་ནའང་རྩྭ་ཐང་རང་ལ་སྔར་ཡོད་ཀྱི་ལྕང་སོན་བེད་སྤྱོད་ཅིང་། ལྕང་སོན་ར་བ་ནས་བལ་རྗེས་བྱེ་འགོག་གི་རྟེན་གཞི་ལ་སྤར་བའི་བར་ལ་ཆུ་ཚོད་གཅིག་ལས་མི་འགོར་བར་གཟུག་ཐུབ་པ་བྱེད་བཞིན་ཡོད་པས། ལྕང་སོན་གསོན་ཚད་བརྒྱ་ཆ་བདུན་ཅུ་དང་བརྒྱད་ཅུ་ལ་བསླེབ་ཐུབ་པ་མ་ཟད། ས་ཆ་གཞན་གྱི་ལྕང་སོན་དང་མི་འདྲ་བར་མཐའ་འཁོར་གྱི་གསོན་ཤུགས་མི་འཕྲོག་པས་རྩྭ་ས་རང་གི་སྐྱེ་འཕེལ་ལ་འཕྱར་བ་གྲུ་འདེག་གི་ནུས་པ་ཐོན་ཐུབ་ཟེར། 
          འདི་ལྟར་འབྲོག་པ་དང་ཕྱུགས་ཟོག ལྕང་ཕྲན། རྩྭ་སོན། ཐ་ན་ལྕི་བ་བཅས་ཀྱིས་རང་རང་གི་ཐད་ཀ་ནས་ནུས་པ་བཏོན་པས། ཉམས་ཞན་པའི་རྩྭ་ཐང་ལ་དབུགས་གསར་བ་ཐོགས་ཤིང་། སླར་ཡང་ལམ་ལ་ཆས་པའི་ཉམས་ཀྱིས་བཅུད་ཀྱི་སེམས་ཅན་གསོ་བའི་འགན་ཕྲག་པར་ལེན་བཞིན་ཡོད་ལ། རྩྭ་ས་དེར་གཞིས་ཆགས་པའི་འབྲོག་པ་ཚོས་ཀྱང་སྔོན་ཆད་བོར་ཟིན་པའི་ནོར་བུ་ཞིག་འབད་པས་བཙལ་རྗེས་ཕྱིར་ལ་རྙེད་པ་ལྟ་བུའི་དགའ་སྣང་གིས་རྩྭ་ས་དེ་ལ་སྔར་ལས་གཅེས་སྐྱོང་དང་བདག་དམ་བྱ་བཞིན་ཡོད་ལ། ཡུལ་དེ་རུ་ད་ནི་སྔར་ལྟར་མཆོད་མེ་རླུང་གིས་བསད་ན་དགོད་འཚེར་འཚེར་དང་། ལྷ་བཤོས་ཁྱིས་ཁྱེར་ན་འཛུམ་དམུལ་དམུལ་གྱི་ལོ་རྒྱུས་བསྐྱུར་ནས། རང་གི་ཕ་ས་ཕ་ཡུལ་གྱི་སྣོད་བཅུད་དོ་མཉམ་པར་བྱེད་པ་དང་། དེ་ལ་སྲུང་སྐྱོབས་དང་དེ་རུ་བློ་བདེ་བོའི་ངང་གཞིས་ཆགས་པའི་ཐད་འབད་པ་བྱེད་ཀྱིན་པའི་མཐོང་ཐོས་གཞན་ལ་བརྗོད་དུ་འོས་པ་ཞིག་ཤར་འདུག་གོ།

ཡུལ་དེའི་བགྲེས་པོར་སྐད་ཆ་དྲིས་པ།
རྩྭ་ས་དང་ཨ་མ་ཚོ། 
          དེ་ལྟར་ང་ཚོས་དཔལ་བཟང་དང་ཡུལ་དེའི་འབྲོག་པ་ཚོས་དཔུང་བ་མཉམ་གཤིབ་ཀྱིས་ལས་ཀ་བསྒྲུབས་པའི་སྔར་གྱི་གྲུབ་འབྲས་དང་ད་ལྟའི་གནས་བབས་བཅས་ལ་རྒྱུས་ལོན་རགས་ཙམ་བྱས་གྲུབ་ཙ་ན། འབྲོག་པ་ཚོ་ད་ལོའི་བྱེ་ས་སྔོན་འགོག་གི་རྟེན་གཞི་ལ་འཛོམ་ཡོད་པ་ཤེས་རྟོག་བྱུང་བས། དེ་མུར་ཡུལ་དེ་ཕྱོགས་སུ་ཕྱིན་ཞིང་། དེ་རིང་གི་ལས་ཀའི་གཞུང་དངོས་སྟེ་རྩྭ་སོན་དང་ལྕང་ཕྲན་འཛུག་པའི་ལས་ལ་ཞུགས་པ་ཡིན། ང་ཚོས་ཐོག་མར་འབྲོག་པ་ཚོ་རུབ་རུབ་བཟོས་རྗེས་ཡོང་དོན་བརྗོད་ཅིང་ལེགས་སྐྱེས་སོགས་ཕན་ཚུན་ལ་སྤྲད་པ་དང་། དེ་ནས་ཚོ་ཆུང་གཉིས་སུ་བགོས་རྗེས་ལས་ཀ་དངོས་ལ་ཞུགས་པ་ཡིན། དེ་རིང་གི་བྱེ་འགོག་རྟེན་གཞི་ཡུག་གཉིས་སུ་བགོས་ཡོད་ཅིང་། རྒྱ་ཁྱོན་ལ་ཁྱོན་བསྡོམས་མུའུ་ལྔ་བརྒྱ་ཡས་མས་ཤིག་འདུག འབྲོག་པ་ཚོས་ཉིན་ཤས་གོང་ནས་རྟེན་གཞི་ཡོངས་ལ་ལྕགས་དྲ་བསྐོར་ཞིང་། མི་སྐོར་ཞིག་གིས་ལྕང་སོན་བཏུས་ནས་གྲ་སྒྲིག་ཚགས་སུ་ཆུད་འདུག ཁོ་ཚོས་སྔ་མོ་ནས་བྱེ་ས་ལ་ཐིག་འཐེན་པ་དང་། ཤུར་བརྐོ་བ། རྩྭ་སོན་འདེབ་པ་སོགས་ཀྱི་ལས་ཀ་བཀོད་སྒྲིག་ཞིབ་མོ་བྱས་འདུག་པས། ང་ཚོའི་བྱེད་སྒོ་ཚན་ཆུང་གི་མི་ཚང་མ་ལྕང་སོན་འདེབ་པའི་ཚན་ཆུང་ལ་ཞུགས་པ་ཡིན། ཉིན་གུང་ལ་ཚད་པ་ཆེ་ཞིང་བྱེ་སའི་སྒང་གི་དྲོད་ཚད་ནི་ས་གཞན་ལས་མཐོ་བས་ལུས་པོ་ཅུང་ཟད་འགུལ་ནའང་རྔུལ་ནག་ཐོན་པར་བྱེད། འབྲོག་པ་ཚོས་རང་རང་གི་ས་ནས་འགན་འབབ་པའི་ལས་ཀ་བསྒྲུབ་བཞིན་པས་གོ་རིམ་ཡོད་ཅིང་། དཀའ་སྣང་ཆེར་མེད་པའི་སྣང་བ་ཞིག་ཤར། ད་དུང་ལས་ཀའི་ཞིབ་ཆ་ཞིག་མཐོང་བ་ནི། རྩྭ་འདེབས་པའི་ཚོ་ཆུང་ལ་ལྟ་སྐབས་འཇོར་གྱིས་ས་ཤུར་མོར་རྐོ་མཁན་ནི་ལོ་ན་གཞོན་པའི་བུད་མེད་ཅིག་རེད། ཁོ་མོས་སྐེད་པ་སྒུར་ཞིང་རྣམ་རིག་མི་གཡེང་བར་བྱེ་མའི་སྒང་ལ་ཤུར་མོ་ཟབ་ཚད་ལི་རྨིད་ཁ་ཤས་ཡོད་པ་ཞིག་བཏོད་ཅིང་འགྲོ དེ་ནས་རྩྭ་སོན་འདེབས་མཁན་ཡང་ན་ཚོད་ཅུང་བསེགས་པའི་བུད་མེད་ཅིག་རེད། མོས་རྩྭ་སོན་གྱི་སྒྱེ་མོ་ཞིག་མཆན་ལ་བཙུར་ཞིང་དེ་ནས་རྩྭ་སོན་སྤར་མོ་གང་རེ་བླངས་རྗེས་ཤུར་མོའི་གསེང་ལ་ཆ་མཉམ་པོར་གཏོར་ཞིང་འགྲོ དེའི་རྗེས་ལ་འབྲངས་ཤིང་རྐང་བས་ཕྱིར་ཤུར་མོ་བསུབ་མཁན་དེ་ནི་ཕོ་སར་ཞིག་རེད། ཁོས་མགོ་དང་གདོང་ཁ་རས་ཀྱིས་བཏུམས་ཡོད་པས། རྣམ་འགྱུར་དང་ལོ་ཚད་སོགས་གསལ་བོ་ཞིག་དཔག་དཀའ་མོད། ཚོ་ཆུང་འདིའི་ནང་གི་ལས་ཀ་ཡང་ཤོས་ནི་ཁོ་ཡིན་པ་སྨོས་མེད་རེད། གཞན་གཉིས་པོས་ལས་ཀའི་ཆེ་ཕྱོགས་བསྒྲུབས་ཟིན་རྗེས། ཁོས་རྐེད་པ་སྒུར་མི་དགོས་ལ། ལག་ལ་ཡོ་བྱད་ལྕི་མོའི་རིགས་ཀྱང་འཛིན་མི་དགོས་པར། རྐང་མགོས་ཤུར་མོ་བསུབ་བསུབ་གཏོང་བཞིན་མདུན་དུ་ཕྱིན་པས་འཐུས་པར་འདུག གནས་ཚུལ་དེ་མཐོང་རྗེས་ངས་རྒན་པོ་སངས་རྒྱས་སྐྱབས་ཀྱིས་བཤད་པས་སྐད་ཆ་དེ་ཝ་ལེར་དྲན་བྱུང་། ཁོང་གིས་བྱེ་ས་འགོག་པ་དང་རྩྭ་འདེབ་པའི་ལས་ཀ་འདིའི་ཐད་ལ་བུད་མེད་ཚོ་འཇོན་པོ་འདུག ཁོ་མོ་ཚོའི་སེམས་ཞིབ་ཅིང་། ལས་ཀ་ལ་དམ་ལྷོད་མེད་པས་གྲུབ་འབྲས་ཀྱང་སྐྱེས་པ་ཚོ་ལས་ལེགས་པོ་རེད་ཅེས་བཤད་བྱུང་།

ལྕང་སོན་སྐྱེལ་བཞིན་པ།
          དཔལ་བཟང་གིས་ཀྱང་ངས་བཟང་ངན་དང་སྤང་བླང་གི་ངོས་ཅུང་ཟད་ཤེས་པ་ཨ་མའི་བག་ཆགས་རེད། ཨ་མ་ལ་བག་ཆགས་འདི་འདྲ་རྩྭ་ཐང་གིས་བསྐྱེད་པ་རེད། ང་ལ་གཞན་གྱིས་ཁྱོད་ཀྱིས་བལྟས་ན་ཆེས་རླབས་ཆེ་བའི་མི་སྣ་སུ་རེད་ཅེས་དྲིས་བྱུང་། ངས་ཀྱང་མི་གཞན་པ་མང་པོ་ནང་བཞིན་དུ་ཨ་མ་རེད་ཅེས་ལན་བཏབས་པ་ཡིན། ཨ་མས་ང་ལ་ཐོག་དང་པོར་དགེ་བ་དང་། གྲོགས་པོ། ཡིད་རྟོན་ལ་སོགས་པ་མང་པོ་ཞིག་བསླབས་པ་རེད། དཔེར་ན་ཁོང་གིས་ང་ལ་ཟས་མིད་ཐག་བརྒལ་ན་སྐྱག་པ་ཡིན་ཞེས། ཟས་དང་ནོར་ལ་གཙིགས་ཆེར་ལྟ་མི་རུང་བ་དང་། དེའི་ཐད་ནས་མི་གཞི་སློད་གི་རེད་ཅེས་སློབ་གསོ་གཏོང་བ་རེད། ངས་གནས་ལུགས་འདི་དག་ནི་ཁྱད་དུ་འཕགས་པ་ཞིག་རེད་འདོད་བཞིན་ཡོད། ང་རང་ཕྱི་རུ་འཆམ་ཞིང་སྐད་ཆ་དང་གནས་ལུགས་མང་པོ་ཐོས་མོད། རིན་ཐང་འདི་འདྲ་ལས་བརྒལ་བ་ཐོས་མ་མྱོང་ཞེས་བརྗོད་ཆོག དེའི་ཕྱིར་ངས་འབད་བཞིན་པ་དང་བསྒྲུབ་བཞིན་པ་འདི་དག་ལ་ཨ་མས་ནུས་ཤུགས་ཤིག་བསྩལ་ཡོང་བས། ནམ་རྒྱུན་ལས་ཀ་འདི་གླེང་དུས་ཨ་མ་མི་གླེང་ཐུ་མེད་འདྲ་ཞིག་ཆགས་འགྲོ་ཡིན་འདུག་ཟེར། ཡང་ཁོང་གིས་ངས་ལས་ཀ་འདི་འགོ་བཙུགས་པ་ནས་རྒྱུན་པར་སྡེ་བའི་ནང་ལ་འགྲོ་དགོས་པ་དང་། སྡེ་བའི་ནང་དུ་ཟ་ཁང་ཞིག་ཀྱང་མེད་པས། གྲོགས་པོ་ཚོ་དང་འགྲོག་ནས་ལས་ཀར་འགྲོ་ཐེངས་རེར་ཁ་ལག་སོགས་ཟ་རན་དུས་ནམ་ཡང་ཨ་མ་ལ་ཁ་པར་བཏང་བ་ཡིན། ཨ་མ་དགུང་ལོ་མཐོ་ནའང་དཀའ་ཁག་ལ་འཛེམ་མྱོང་མེད་པ་མ་ཟད། ཐ་ན་གྲོགས་པོ་སུ་ཡིན་དང་། མི་རིགས་གང་ཡིན་སོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་འདྲི་མ་མྱོང་། ཁོང་གིས་སྐད་ཆ་ཚིག་གཅིག་འདྲི་བ་ནི་མི་ག་ཚོད་ཡོད་ཅེས་པ་དེ་རེད་ཟེར། 
          ཨ་མ་དེ་ཚོས་རྩྭ་ཐང་གི་ཕྱི་རབས་པ་བསྐྱེད་ཅིང་། ཕྲུ་གུ་དེ་ཚོའི་བློ་ངོར་མེས་པོ་སྔ་མ་ནས་བརྒྱུད་ཡོང་བའི་སྤང་བླང་དག་བཀོད་ནས། དེ་དག་རི་ཆུ་དང་སྒང་གཤོང་གི་ལྟེབ་གཉེར་བློ་ལ་ཤོང་བའི་མཐོ་སྒང་གི་ཕོ་རྒོད་པོ་ཞིག་ཆགས་པར་བྱས་ཡོད་ལ། རང་གི་ཁྱིམ་བཟའ་ཚང་དང་མི་ཚེའི་སྐྱ་ཡ་ཡི་མདུན་དུ་ནམ་ཡང་ངག་མི་སྨྲ་བའི་རྡོ་ཕ་བོང་ཞིག་ལྟར་དཀའ་ཚེགས་སྣ་ཚོགས་ཀྱི་གདོང་ལ་སྤོབས་པ་མ་འགྱུར་བར་འགྲེང་ལ། ནག་དྲེག་གིས་ཟིན་པའི་སེན་མོ་ཁྲག་ལ་བསྒྲེས་ཀྱང་བློ་འགྱོད་དང་ཡུས་གཏམ་ཚིག་གཅིག་མི་བརྗོད་པར། སྦྲ་ནག་གྲུ་བཞི་རེ་རེའི་དགོད་སྒྲ་ལ་སེར་ཁ་མ་ཤོར་བ་བྱས་ཡོད། 

ང་ཚོས་བགྲོ་གླེང་ཁང་ལ་ཕུལ་བའི་དཔེ་དེབ།
མཇུག་ཏུ།
          ཕྱིར་ལམ་ལ་མ་ཆས་པའི་སྔ་ཉིན་གྱི་མཚན་མོར། ང་རང་ཡང་བསྐྱར་བགྲོ་གླེང་ཁང་ལ་ཕྱིན་ནས་དཔལ་བཟང་དང་ཁ་བརྡ་ལྷོད་པོར་གློད་པ་ཡིན། ཁ་ཉིན་ལ་འཁོར་བའི་ཤིང་ཁང་གི་ཉིན་མོའི་ཚ་དྲོད་མ་ཡལ་བས། གོས་སྲབ་མོ་ལས་མ་བགོས་ཀྱང་གྲང་སྣང་མེད་ལ། དཔལ་བཟང་གིས་རང་གི་བགྲོ་གླེང་ཁང་དང་། བྱེ་འགོག ན་འདམ་སླར་གསོ་སོགས་ཀྱི་ལས་ཀ་དག་རང་གི་ཚེ་ནོམ་བཞིན་མཛུབ་རྩེར་བགྲངས་ཤིང་། མི་ཚེ་འདིར་ནུས་ཚོད་ཀྱི་འབད་པ་ཞིག་བྱས་ཡོད། གལ་སྲིད་མ་འཇོན་ནའང་ང་ལ་འགྱོད་པ་སྤུ་ཙམ་ཡང་མེད། སྐབས་སྐབས་སུ་ང་རང་བྱེ་སར་ཕྱིན་དུས། བྱེ་མང་དཀར་བོང་བོང་གི་ངོས་སུ་རྩྭ་རྐང་གཅིག་རེ་སྐྱེས་ཤིང་། གཉོམ་ཞིང་ཕྲ་བའི་ལྗང་མདོག་རྐང་གཅིག་རླུང་གིས་འཁྱེར་ལ་ཁད་དང་བྱེ་མས་བསྲེག་ལ་ཁད་བྱེད་པ་མཐོང་ཐུབ། ངས་སེམས་གཏིང་ནས་དེ་ལ་སྙིང་རྗེ་ཞིག་སྐྱེ་བཞིན་འདུག འདིས་འདི་ལྟར་ཚེ་སྲོག་ཅིག་སྲུང་ཕྱིར་འབད་པ་བྱེད་བཞིན་ཡོད་ན། ང་ཚོས་ཅིས་ཕྱིར་ནུས་ཚོད་ཀྱིས་དེ་ལ་རོགས་རམ་ཞིག་བྱེད་མི་ཐུབ་པ་རེད་སྙམ་པའི་སེམས་ཤིག་སྐྱེ་བཞིན་འདུག དེའི་ཕྱིར་རང་གི་ལས་ཀ་འདི་ལ་མི་ཚེ་དང་དུས་ཚོད་ཕུལ་ཟིན་པ་ཡིན་ལ། ཕ་མ་དང་གཉེན་ཉེ། གྲོགས་པོ་སོགས་སྡུག་ལའང་མང་པོ་གཏད་པ་ཡིན། འོན་ཀྱང་ང་ལ་འདིའི་ཐད་ལ་འགྱོད་པ་མེད་ཅིང་། འདི་ཉིད་དགེ་བ་ཞིག་རེད་སྙམ་བཞིན་ཡོད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། གལ་སྲིད་བྱེ་མ་དང་ངེད་གཉིས་ཀྱི་འཐབ་མོ་འདི་ལས་ང་རང་ཕམ་སོང་ན། སླར་ཡང་ཡར་ལངས་སའི་གཞི་རྟེན་ཞིག་རྙེད་ངེས་རེད། དཔེར་ན་བྱེ་མ་དང་སྤང་སའི་འདྲེས་མཚམས་གསར་བ་ཞིག་རྙེད་ངེས་རེད། ང་རང་སླར་ཡང་དེ་རུ་འགྲེང་ནས་འབད་པ་འདི་མཇུག་སྐྱོང་འདོད་ཡོད། མི་ཚེ་འདི་ནི་ང་ཚོ་ཆུང་ངུའི་དུས་སུ་རྩེད་རྡོ་སྒྲིག་པ་དང་འདྲ་བོ་རེད། རང་གིས་ཅིག་བསྒྲིགས་ནས་ཚད་ངེས་ཅན་ཞིག་ལ་ཐོན་དུས་ནང་མི་ཚོས་ཕྱིར་ཤོག་ཅེས་བོས་འགྲོ་བ་རེད། ད་ལྟ་ངའི་འཆར་གཞི་ནི་ཕྱིར་ཤོག་མ་བོས་བའི་སྔོན་དུ་རང་གིས་ནུས་ཚོད་ཅིག་སྒྲིག་རྒྱུ་དང་། དེའི་གོ་རིམ་གྱི་བདེ་སྐྱིད་ཅིག་འཚོལ་རྒྱུ་དེ་རེད་ཟེར།

གད་སྙིགས་ཀྱིས་བཟོས་པའི་ཁང་བུ།
          ཁོའི་སྐད་ཆ་དེ་དག་ནི་ལྷོད་ཅིང་རང་བཞིན་དུ་བརྡོལ་བ་རེད་མོད། ཤུགས་སུ་རྩྭ་ས་དང་འབྲོག་པའི་འཚོ་བ། ཡུལ་དེའི་མི་རྣམས་ཀྱི་རྩིས་ཐང་བཅས་ལ་དབུགས་གསར་བ་ཞིག་སྩོལ་ཕྱིར་སྒུལ་ཐབས་བྲལ་བའི་སྟོབས་ཤུགས་ཤིག་ནམ་ཡང་ལྷོད་བཞིན་མེད་པ་མཐོང་ཐུབ། ཁ་བརྡའི་སྐབས་སུ་ཁོང་གིས་ཡང་དང་བསྐྱར་དུ་མི་སྨུག་པོ་དུང་གི་སོ་སྒོ་ཅན།། དྲིན་ཕ་མ་གཉིས་ཀྱི་སེམས་རྟེན་རེད།།ཅེས་པའི་འབྲོག་ཕྱོགས་ཀྱི་གཏམ་དཔེ་ཞིག་དྲངས་བྱུང་། ངས་ནི་སེམས་གཏིང་ནས་གཏམ་དཔེ་དེ་ནི་ཁོང་ཚད་དུ་བཞག་ནས་བཤད་པ་འདྲ་སྙམ་བྱུང་།

རྩོམ་ཡིག་རྗེས་མ།
སྤྱིའི་དེབ33པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1