རྔ་བ་ཁུལ་དུ་《མི་རིགས་རྩོམ་རིག》གི་གསར་རྩོམ་རྟེན་གཞི་འཛུགས་པའི་གན་རྒྱ་འཇོག་པ་དང་སྒོ་བྱང་གནང་བའི་མཛད་སྒོ་དེ་གཟི་རྩ་སྡེ་དགུ་རྫོང་དུ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-14


    སྤྱི་ཟླ་11པའི་ཚེས་11ཉིན། ཀྲུང་གོའི་《མི་རིགས་རྩོམ་རིག》དུས་དེབ་ཁང་དང་རྔ་བ་ཁུལ་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་མཉམ་དུ། རྔ་བ་ཁུལ་གསར་རྩོམ་རྟེན་གཞི་འཛུགས་པའི་གན་རྒྱ་འཇོག་པ་དང་སྒོ་བྱང་གནང་བའི་མཛད་སྒོ་དེ་གཟི་རྩ་སྡེ་དགུ་རྫོང་དུ་སྤེལ། ཐེངས་འདིའི་མཛད་སྒོ་བརྒྱུད་《མི་རིགས་རྩོམ་རིག》གི་གསར་རྩོམ་རྟེན་གཞི་རྔ་བ་ཁུལ་དུ་དངོས་སུ་ཚུགས་པ་མཚོན།

    གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། 《མི་རིགས་རྩོམ་རིག》དུས་དེབ་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་བདག་བྱས་ཤིང་། ཀྲུང་གོའི་རྩོམ་པ་པོའི་དཔེ་སྐྲུན་ཚོགས་པས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་རང་བཞིན་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་གཅིག་པུ་དེ་ཡིན། དུས་དེབ་འདི་ནི་1981ལོར་གསར་དུ་བསྐྲུན་པ་ཡིན་ལ། ད་ལྟའི་བར་རྒྱ་དང་བོད། སོག་པོ། ཡུ་གུར། ཧ་སག ཁྲའོ་ཞན་བཅས་ཡིག་རིགས་དྲུག་གི་པར་གཞི་ཡོད། འདིའི་དམིགས་ཡུལ་ནི། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་གསོ་སྐྱོང་དང་རོགས་སྐྱོར་བྱེད་ཆེད་ཡིན། འདི་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ་དེ་ཡིན་ལ། གྲངས་ཉུང་མི་རིགས་ཀྱི་རྒྱ་ཆེའི་རྩོམ་པ་པོ་དག་གི་རིག་པའི་ལྡིང་ཁང་ཡང་ཡིན། ཐེངས་འདིར་བཞག་པའི་གན་རྒྱ་ཡིས་རྔ་བ་ཁུལ་དུ་རྒྱལ་ཡོངས་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟེན་གཞི་མཉམ་འཛུགས་བྱ་རྒྱུ་ཐག་གཅོད་བྱས་ཤིང་། དེར་བརྟེན་ནས་མཉམ་འབྲེལ་སྒོས་རྔ་བ་ཁུལ་དྲིལ་བསྒྲགས་བྱས་ཏེ་རྔ་བ་ཁུལ་གྱི་མཚན་སྙན་མཐོར་འདེགས་གཏོང་བ་དང་། མི་རིགས་རྩོམ་རིག་གི་བརྩམས་ཆོས་ལེགས་པོ་སྔར་ལས་མང་པོ་ཐོན་པ། མི་རིགས་རྩོམ་རིག་གི་རིག་གནས་བྱ་བཞག་དང་རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1