རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-13




        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ནི་གཞི་གྲངས་ཆེན་མོའི་དུས་རབས་ཀྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱུ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་མཐོང་རྒྱ་དང་རྩོད་སྒྲུབ་ཀྱི་བསམ་ཕྱོགས་ལ་བརྟེན་ནས་གཞི་གྲངས་ཆེན་མོའི་དུས་རབས་ཀྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་གནད་དོན་ལ་ལྟ་ཚུལ་ཡང་དག་འཛིན་དགོས་ལ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་དང་ལས་རིགས་ཀྱིས་རང་གཅུན་བྱེད་པ། སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཆ་འཕྲིན་ཐོན་ཁུངས་བཀོལ་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱས་ནས། གཞི་གྲངས་ཆེན་མོས་སྤྱི་ཚོགས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།
        ཨུ་ཡོན་དང་ཆེད་མཁས་པ་བཅུ་བཞི་ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ལའོ་ཉིན་དང་ཨན་ཧོས། ཧུའུ་ནན། ཀོས་ཀྲིག་བཅས་ཚོགས་ར་ལྔ་དང་དེ་མིན་ཁ་པར་བརྒྱུད་དེ་གཏམ་བཤད་པ་དང་། ཨུ་ཡོན་བརྒྱ་དང་ཉི་ཤུ་ཙམ་གྱིས་ཡིས་ཏུང་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན། ཚང་མས་བལྟས་ན། ཏང་ཀྲུང་དབྱང་གིས་གཞི་གྲངས་ཆེན་མོའི་དུས་རབས་ཀྱི་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སུ་བྱ་བ་གང་མང་བསྒྲུབས་པས་ཕན་འབྲས་མངོན་གསལ་ཐོབ་ཡོད། ཡིན་ནའང་སྲོལ་རྒྱུན་མི་སྒེར་ཆ་འཕྲིན་སྲུང་སྐྱོབ་ལམ་ལུགས་དང་རྣམ་པ་དེ་མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་དང་གྲངས་འཛིན་ཐོན་ལས་མྱུར་དུ་འཕེལ་རྒྱས་བྱུང་བའི་གནས་བབ་གསར་བའི་རྗེས་ཆོད་ཀྱིན་མེད་པས་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་ཧ་ཅང་ལྕི་བར་སྙམ།
        ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་ལས་ཁུངས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་བསམ་བློ་བརྗེ་རེས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1