གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༣ཉིན།

༄༅།། ཁ་བཏགས་ནག་པོ།


ཡོན་ཏན་དར་རྒྱས་ཀྱིས་བརྩམས།སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།
         དེ་ནི་ཁ་བཏགས་ཤིག་རེད་ཅེས་ང་རང་གིས་ཀྱང་ཚིག་ཐག་ཆོད་པོས་སྨྲ་མི་ཐུབ་ལ། དེ་ཉིད་ལྕེབས་པའི་ལས་གང་ཞིག་དང་འབྲེལ་བ་འདུག་ཅེས་ཚོད་ཚོད་དུ་བརྗོད་མི་ཕོད། སྤོ་བོ་གྲགས་པ་ནི་ལྷད་མེད་དག་གཙང་གི་གནས་ནས་འཚར་ཞིང་ལོ་ན་གཞོན་པའི་དུས་ནས་སེམས་ན་དད་པ་བརྟན་པོ་ཡོད་པ་ཞིག་ཡིན། དེ་བས་ངང་ཚུལ་འདི་འདྲ་བ་ནི་འབྱུང་མི་རུང་མོད། འོན་ཏེ་དངོས་གནས་ཟིང་ཆ་ཆེ་བའི་དོན་ཞིག་བྱུང་སོང་།
        དོན་འདི་ཐོག་མར་ནད་ཐོ་ཞིག་ནས་དབུ་བརྩམས་ཏེ་བཤད་ཆོག
        སྤོ་བོ་གྲགས་པའི་ཆུང་མའི་ལུས་པོ་ཇེ་ལོད་ནས་ཇེ་ལོད་དུ་གྱུར། དང་པོ་མགོ་ཡོམ་འཁོར་བ་ཙམ་ཡིན་ཡང་། རྗེས་སུ་དྲན་པ་ཐེངས་འགར་ཤོར། སྨན་ཁང་ནས་བརྟག་དཔྱད་བྱས་པས་རྨོ་མོ་བདེ་སྐྱིད་ལ་ད་གཟོད་ནད་ངན་པ་ཞིག་ཕོག་ཡོད་པ་ཤེས། སྤོ་བོ་གྲགས་པ་ནི་གཏམ་ངན་དེ་ཐོས་མཁན་དང་པོ་ཡིན་ལ། ནད་ཀྱི་རྒྱུ་མཚན་གསལ་པོར་ཤེས་རྗེས། ཁོང་གི་སེམས་པ་སྐད་ཅིག་རིང་སྐྱོ་བས་ཁེངས་པ་དང་། སེམས་སུ་འཕྱུར་བའི་ཁྲག་དྲོན་ནི་གློ་བུར་འཇིབས་སོང་བ་ལྟར་གྱུར་ཏེ། ཤུལ་དུ་བེམ་གོག་སྟོང་པ་ཉིད་ལས་མ་ལྷག་ཀྱང་། དེ་ཉིད་རྨོ་མོ་བདེ་སྐྱིད་ཀྱི་གྲོགས་སུ་བྱོན།
        དེ་ནས་བཟུང་སྤོ་བོ་གྲགས་པ་ཁྱིམ་མི་གང་པོ་སེམས་ཁྲལ་གྱི་ཀློང་དུ་ཚུད། སྤོ་བོ་གྲགས་པས་བུ་ཕྲུག་ཚོ་དང་ལྷན་ཅིག་རྨོ་མོ་བདེ་སྐྱིད་སྨན་ཁང་ཆེ་ཆུང་མང་པོའི་ནང་ཁྲིད་ནའང་། བུ་ཕྲུག་ཚོ་སྡུག་ལ་གཏད་པ་དང་དངུལ་མང་པོ་བརླགས་པའི་ཁར་རྨོ་མོ་བདེ་སྐྱིད་འོ་བརྒྱལ་ལ་གཏད་ཅིང་སྤོ་བོ་ཁོང་རང་ཉིད་སེམས་སྐྱོ་བར་བྱས་ལ། དེ་ལས་ཀྱང་ཚབས་ཆེ་བ་ནི་ནད་གཞི་ཇེ་དགར་མི་འགྲོ་བ་དེ་རེད།
        སྨན་པར་བསྟན་ནའང་འབྲས་བུ་ཅི་ཡང་མ་བྱུང་བས། རྨོ་མོ་བདེ་སྐྱིད་ཀྱིས་རང་ཁྱིམ་ནས་ནད་མི་གསོ་ཀ་མེད་བྱུང་། སྤོ་བོ་གྲགས་པས་ལག་པ་སྨན་སྒམ་གྱི་ནང་དུ་བསྲིངས་ཤིང་། མཛུབ་མོ་ལྔ་པོ་སོ་སོར་བགྲད་དེ་སྨན་སྒམ་ནང་ཡར་སྲེ་མར་སྲེ་བྱས་པའི་སྨན་ལེབ་དག་ལ་རེག སྨན་ལེབ་དག་ནི་སྡོང་པོའི་ལོ་མ་ཐར་ཐོར་དུ་སྤུངས་པ་དང་འདྲ་ལ། སྤོ་བོའི་ལག་པས་སྨན་སྒམ་ནང་མར་བསྲིངས་ཏེ་ཐུན་གཅིག་གི་སྨན་བླངས་ཤིང་། རེངས་ཤིང་མཁྲེགས་པོའི་དཔུང་བ་བརྐྱངས་ནས་དེ་ཉིད་མལ་ཁྲིར་ཉལ་བའི་ཆུང་མ་བདེ་སྐྱིད་ཀྱི་ཕྱོགས་སུ་གཏད། ཁོང་གི་གདོང་ནི་ཤིན་ཏུ་ཐང་ཆད་པའི་ཉམས་ཀྱིས་ཀུན་ནས་བཟུང་འདུག མིག་ཟུར་དང་དཔྲལ་བར་སྔར་ནས་ཡོད་པའི་གཉེར་མ་དག་ལས་གཞན་མཆུ་འགྲམ་དུའང་སེམས་ཁྲལ་གྱི་དབང་གིས་གཉེར་མ་ཕྲ་མོ་འགའ་ཆགས་འདུག སེམས་པའི་གཏིང་ནས་བྱུང་བའི་སེམས་ཁྲལ་དེ་མཆུ་འགྲམ་དུ་སྤུངས་རྗེས་གདོང་ལ་སྐྱོ་ཉམས་དོད་བྱེད་ཀྱི་གཉེར་མར་གྱུར་འདུག
        རྨོ་མོ་བདེ་སྐྱིད་ཀྱིས་ཉི་མ་རྟག་པར་སྨན་བཏུང་དགོས། བུ་ཕྲུག་དག་གིས་རེས་བསྐོར་ཏེ་མོ་ལ་ནད་གཡོག་བྱས་ཤིང་དེའི་མཚུངས་སུ་རྫོགས་རྒྱུ་མེད་པའི་སྨན་སྣ་ཚོགས་ཁྱེར་ཡོང་བ་དང་། སྨན་དེ་དག་གིས་ཤོག་སྒམ་གཉིས་བཀང་འདུག རྨོ་མོ་བདེ་སྐྱིད་ཀྱིས་གཞོགས་གཅིག་ཏུ་ཉལ་ཏེ་སྨན་བལྡད་ནས་ཆུ་ཡིས་དེད་པ་དང་། ཁ་ཤ་ལྷེམ་ལྷེམ་དུ་འགུལ་བར་བྱས་ཏེ་སྐད་དམའ་མོས་ཁ་ཏོན་འདོན་གྱིན་འདུག མོའི་ངོ་མདངས་ཀྱང་དེ་འདྲ་ཤོར་མི་འདུག དེ་ལས་ལྡོག་སྟེ་སྤོ་བོ་གྲགས་པའི་ངག་ནས་ཤོར་བ་ནི“ང་རང་ཤི་ན་འགྲིག་འདུག”ཅེས་པའི་ཚིག་དེ་རེད། དེས་ཆུང་མ་བདེ་སྐྱིད་དང་བུ་ཕྲུག་དག་གི་སེམས་མི་སྐྱིད་པ་བྱས་པས། ཁོ་ཚོས་ད་ནས་བཟུང་ཚིག་ངན་པ་དེ་འདྲ་བཤད་མི་ཆོག་ཅེས་སྡིགས་སྨོད་བྱས།
        མཚན་དཀྱིལ་ཞིག་ལ། རྨོ་མོ་བདེ་སྐྱིད་སྔ་མོ་ནས་གཉིད་དུ་ཡུར། མོའི་སྣ་ནང་གི་སྔུར་སྒྲས་དབུགས་གཏོང་ལེན་བྱེད་པ་དང་ལྷན་ཅིག་མཚན་མོའི་རྐྱང་དབྱངས་འཁྲོལ་གྱིན་འདུག སྤོ་བོ་གྲགས་པས་གཉིད་མ་ཁུག་པར་གམ་གྱི་ཁང་མིག་ནང་ན་ཉལ་ཁྲིའི་མགོ་རུ་ཙོག་སྟེ་ནད་ཐོར་ཞིབ་ཏུ་ལྟ་བཞིན་ཡོད། ལྟེབ་གཉེར་ཆགས་པའི་ནད་ཐོ་ནི་སྐམ་ཐན་གྱིས་བཟུང་བའི་ས་གཞི་དང་འདྲ་ལ། ནད་ཐོའི་ངོས་ཀྱི་ཡིག་འབྲུ་གཉིས་ནི་མིའི་ཚེ་སྲོག་འཕྲོག་པའི་གཡང་ས་ཉིད་དང་འདྲ་སྟེ། གློག་འོད་སེར་ནག་གི་འོག་ཏུ། ཚུར་འབུར་ཡོད་པ་ལྟར“སྐྲན་ནད”ཅེས་མངོན་འདུག སྤོ་བོ་གྲགས་པས་ཕལ་ཆེར་ཟླ་བ་འགའ་ལ་འདི་འདྲའི་གཉིད་མི་ཁུག་པའི་མཚན་ལམ་དག་བརྒལ་ཟིན།
        སྤོ་བོ་གྲགས་པའི་ནད་ཐོར་འཇུས་པའི་ལག་ཟུང་ཉིད་བརླ་སྟེང་དུ་མར་ལྷུང་བ་དང་། ནད་ཐོའང་བར་སྣང་ནས་ཚད་ཆུང་ངུས་ཕར་གཡོ་ཚུར་གཡོ་བྱས་རྗེས་ཁོང་གི་རྐང་པའི་འགྲམ་དུ་ལྷུང་། ཁོང་གིས་མིག་ལམ་གྱི་ཚོན་མདོག་ཡོད་ཚད་ཀྱང་ཡལ་སོང་བ་ཇི་བཞིན་མདངས་ཤོར་བའི་མིག་གིས་རྐང་པའི་འགྲམ་ལ་བལྟས་ཤིང་མིག་ནང་དུ་འོད་ཕྲན་བུ་ཙམ་ཡང་མེད་པ་འདྲ། ཁོང་གི་སེམས་ནང་འཆར་སྒོ་ཅི་ཡང་མེད་མོད་རྣ་བའི་ནང་དུ་འབྲུ་མི་གསལ་བའི་མཚན་མོའི་ཁེར་ལབ་དག་གྲག་འོང་གིན་འདུག ཁོང་ནི་མཚན་མོ་ཅི་འདྲ་རིང་བ་ལའང་སྣང་དོགས་མེད་པར་ཧད་དེ་བསྡད་འདུག མིག་གི་རྒྱལ་མོ་ནི་སྨག་ནག་གི་མཚན་མོ་དང་ཀུན་ནས་མཚུངས་ཏེ། དེས་མཚན་མོའི་སྨག་རུམ་མཐའ་དག་འཇིབས་ཟིན་པ་འདྲ། དེ་ལྟར་དུས་ཐུན་འགའ་ཕར་བསྐྱལ་རྗེས། ཤར་ཕྱོགས་ཀྱི་རི་རྩེ་ནས་སྐྱ་མདའ་བཀྱགས་པ་དང་། རྒྱང་རིང་གི་རི་བོའི་ཕྲག་པར་སེར་མདངས་ཅན་གྱི་འོད་སྣང་ཕོག་བྱུང་། དེ་ནི་དཔྱིད་མགོ་མའི་ཉི་གཞོན་རང་རེད། འོན་ཀྱང་དེ་ཉིད་སྤོ་བོ་གྲགས་པར་སྐྱ་ཐིང་ཐིང་གི་སྣང་བ་ཙམ་ལས་མི་འདུག ཁོང་ཡར་ལངས་པའི་སྐད་ཅིག་མ་དེར། སེམས་སུ་འཆར་སྒོ་མེད་ལ་ཚོར་བའང་མི་འདུག སེམས་ཁུར་བྱེད་སའང་མི་འདུག ཁོང་གིས་དུས་ཡུན་རིང་པོར་རང་ཉིད་སྡུག་ལ་སྦྱོར་བྱེད་ཀྱི་འཚོ་ཐབས་དེའི་མཇུག་བསྒྲིལ་ན་འདོད།
        ལག་པས་ཁ་བཏགས་ཤིག་ལ་རེག་ཞོར་དུ། ཁོང་སྒོར་བུད་པ་དང་དེ་ནས་ཟམ་སྣེ་ཞིག་ཏུ་སླེབས། ཁ་བཏགས་ཀྱི་སྣེ་གཅིག་ཟམ་པའི་ཀ་བར་བཏགས་པ་དང་། སྣེ་གཅིག་རང་གི་སྐེ་ལ་དཀྲིས་ནས་ལུས་པོ་ཟམ་འོག་ཏུ་དཔྱངས་པར་བྱས། ཁོང་གིས་དྲག་ཏུ་ཁོང་འདར་མ་བརྒྱབ་པར་ཁ་བསུམས་ཏེ་སོ་འཐམ་བཞིན་བསྡད། ཆུ་རྒྱུན་དྲག་པོ་ནི་ཁོང་གི་མིག་ལམ་ནས་ཇེ་དལ་ནས་ཇེ་དལ་དུ་གྱུར་ཅིང་མཐར་བཞུར་མཚམས་ཆད། ཆུ་ངོགས་ཀྱི་སྡོང་པོའི་སྟེང་དུ་ལྕགས་ལེབ་མོ་དང་འདྲ་བའི་སྡོང་ལོ་ནག་པོ་དག་བཀལ་འདུག་ལ་དེ་དག་ནི་རླུང་དང་ལྷན་ཅིག་གཡོ་བར་མི་བྱེད། ཁོང་གི་མིག་གི་རྒྱལ་མོ་ཇེ་ཆེར་སོང་སྟེ་ནག་པོར་གྱུར་པ་དང་།ལྕེ་ནི་མཆུ་ཡི་ཕྱི་རུ་དལ་གྱིས་ལྷགས། ཁ་བཏགས་དེའང་ནག་པོར་གྱུར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1