༄༅།། ལོ་ངོ་བཅུ་ཕྲག་རིང་ལ་གནང་བ་ཉིན་གཅིག་ཀྱང་ཞུས་མ་མྱོང་བའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན།

གཅོད་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-13



མཚོ་ལྷོ། གཅོད་པ་ཚེ་རིང་།
        གཅོད་པ་ཚེ་རིང་། དགེ་རྒན་ཁྱེད་རང་སློབ་མཐར་ཕྱིན་པ་ནས་དགེ་རྒན་གྱི་ལས་གནས་སུ་ཞུགས་པའི་བར་གྱི་གནས་ཚུལ་རགས་བསྡུས་ཤིག་གསུང་རོགས།
        སྒྲོལ་མ་མཚོ། 2000ལོར་འབྲིང་རིམ་སློབ་མཐར་ཕྱིན་རྗེས། ལས་ཞུགས་ཀྱི་གོ་སྐབས་མེད་པར2006ལོའི་བར་དུ་འགོར། དེའི་རིང་ངས་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་བྱེད་ཞོར་མཚོ་སྔོན་མི་རིགས་སློབ་གླིང་གིས་གཙོ་སྒྲུབ་མཛད་པའི་རང་སྦྱོང་རྒྱུགས་ལེན་གྱི་བོད་སྐད་ཡིག་ཆེད་སྦྱོང་བསླབ་གནས་ལ་སློབ་གཉེར་བྱས། 2006ལོར་ལས་གནས་ལ་རྒྱུགས་སྤྲོད་པའི་ལམ་ལུགས་དངོས་སུ་ལག་ཏུ་བསྟར་བས། ངའང་སྐབས་དེའི་རྒྱུགས་ལ་ཞུགས་ཏེ་གཞུང་ཕྱོགས་ཀྱིས་ཁས་ལེན་པའི་དགེ་རྒན་དངོས་མ་ཞིག་ཏུ་འགྱུར་བའི་གོ་སྐབས་རེག་སོང་། དེ་ནས་ད་ལྟའི་བར་དུ་དགེ་རྒན་གྱི་ལས་ཀ་འདི་གཉེར་བ་ཡིན།

        གཅོད་པ་ཚེ་རིང་། ཁྱེད་རང་གིས་དགེ་རྒན་གྱི་ལས་གནས་སྟེང་འབྲས་བུ་གཡུར་དུ་ཟ་བ་བླངས་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དུ་བདམས་ཐོན་བྱུང་ཡོད། འོ་ན་དེ་ལྟ་བུའི་གྲུབ་འབྲས་ལེན་ཐུབ་པའི་རྒྱུ་མཚན་གཙོ་བོ་གང་ཡིན་བསམ་གྱིན་ཡོད།
        སྒྲོལ་མ་མཚོ།དེའི་ཐད་ལ་རྒྱུ་མཚན་གཙོ་བོ་འདི་ཡིན་ངེས་ཟེར་རྒྱུ་ཞིག་མེད་པ་འདྲ། གང་ལྟར་དགེ་རྒན་གྱི་བྱ་བ་འདིར་ཞུགས་པ་ནས་བཟུང་རང་ནུས་ཅི་ལྕོགས་བྱས་པའི་ཚུལ་ཡིན་ཞིང་། ལྷག་པར་དགེ་རྒན་གྱི་ལས་ཀ་གཉེར་བའི་ལོ་བཅུ་དྲུག་གི་རིང་ལ་སྒེར་དོན་དུ་ཉིན་གཅིག་ལའང་གནང་བ་ཞུས་མ་མྱོང་ཞིང་། སྔ་ལོག་འཕྱི་སླེབས་ཐེངས་གཅིག་ཀྱང་བྱས་མ་མྱོང་། དེ་ལྟར་ཧུར་བརྩོན་བྱས་པས་འདི་ལྟ་བུའི་རྒྱལ་ཡོངས་རང་བཞིན་གྱི་མཚན་སྙན་ཞིག་གནང་བ་ཡིན་ངེས་སྙམ།

        གཅོད་པ་ཚེ་རིང་། དེས་ན་རྒན་ལགས་ཀྱིས་དེ་ལྟར་ཧུར་བརྩོན་བྱེད་འདོད་ཀྱི་རྒྱུ་མཚན་གང་ཡིན་ནམ།
        སྒྲོལ་མ་མཚོ། རྒྱུ་མཚན་འདི་ཡིན་ཟེར་རྒྱུ་གསལ་པོ་ཞིག་ང་ལའང་མེད་མོད། གང་ལྟར་ང་རང་ཆུང་དུས་ནས་དགེ་རྒན་གྱི་ལས་གནས་འདིར་ཤིན་ཏུ་དགའ་མཁན་ཞིག་ཡིན་སོང་། འབྲིང་རིམ་སློབ་མཐར་ཕྱིན་རྗེས་སྲིད་གཞུང་གིས་བྱ་བ་བཀོད་སྒྲིག་མ་བྱས་ནའང་། ང་རང་ཁྱིམ་དུ་མ་བསྡད་ཅིང་། བྱ་བ་གཞན་པ་གང་ཡང་མ་གཉེར་བར་ཚབ་ཁྲིད་དགེ་རྒན་བྱེད་དུ་སོང་བ་ཡིན། ལྷག་པར2006ལོར་དགེ་རྒན་གྱི་ལས་རྐང་ལ་རྒྱུགས་འཕྲོད་དུས་བུ་ཆུང་ཟླ་གསུམ་ལོན་མ་ཐག་ཡིན་ཡང་། ཉིན་འགའི་རྗེས་སུ་ལས་གནས་བཀོད་སྒྲིག་བྱས་པ་ན། ངས་གནང་བ་ཉིན་གཅིག་ལ་ཡང་མ་ཞུས་པར་བུ་ཆུང་ལ་ཆེས་མཐའ་མཇུག་གི་ནུ་མ་ཐེངས་གཅིག་བསྣུན་རྗེས། དགའ་དགའ་སྤྲོ་སྤྲོའི་ངང་གཞི་རིམ་འབྲོག་ཁུལ་དུ་ལས་ཀར་སོང་བ་ཡིན། ངའི་ཨ་མས་ད་ལྟའང་དོན་དེ་གླེང་སྐབས། ཞོགས་པ་དེར་ཁྱོད་ཅིས་ཀྱང་ངུ་སྲིད་སྙམ་མོད། འོན་ཀྱང་ཁྱོད་ལ་སྐྱོ་སྣང་ཙམ་ཡང་མེད་པ་འདྲ་ཟེར། ད་ལྟ་ཕྱིར་དྲན་རེ་བྱས་ཚེ་ང་ནི་དངོས་གནས་ཨ་མ་སེམས་མེད་ཅིག་ཡིན་པ་འདྲ། གང་ལྟར་དགེ་རྒན་གྱི་ལས་རིགས་འདི་ལ་དགའ་བ་དང་། ཉིན་གཅིག་ལ་གནང་བ་ཞུས་ནའང་བྱིས་པ་ཚོའི་སློབ་སྦྱོང་ལ་བར་ཆད་བཟོས་འགྲོ་སྙམ་པའི་འདུ་ཤེས་དྲག་པོ་ཞིག་གིས་ངས་ནམ་ཡང་བྱ་བ་ཆེ་མ་ཆུང་གསུམ་ཚང་མ་ཁྱིམ་མིར་དཀའ་ལས་བཟོ་བ་ལས་རང་གིས་གནང་བ་ཞིག་ཞུ་མ་ཕོད། ལྷག་པར2014ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་རྗེས། སྐབས་དེའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མ་ཅཱ་དང་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཞུའེ་ཅན་ཧྭ་སོགས་ཀྱིས་གཙོས་པའི་ཁུལ་དང་རྫོང་གི་མགོ་ཁྲིད་གང་མང་ངའི་ཁྱིམ་དུ་འཚམས་འདྲིར་ཕེབས་ཏེ། ང་ལ་གཟེངས་བསྟོད་བྱས་ཤིང་། མུ་མཐུད་དུ་རྒྱུན་འཁྱོངས་ཧུར་ཐག་བྱེད་པའི་རེ་བ་བཏོན། སྒོས་སུ་པུའུ་ཀྲང་ཟུར་པ་ཅི་ཏིས་མ་ཅཱས་ཁྱོད་ད་དུང་ལོ་ན་གཞོན་པས། མ་འོངས་པར་མུ་མཐུད་དུ་མི་རིགས་སློབ་གསོའི་བྱ་གཞག་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་རེ་བ་ནན་མོ་བཏོན་པར་ངས་ཀྱང་འབད་བརྩོན་ཅི་ནུས་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པས། ངས་མུ་མཐུད་དུ་ཧུར་ཐག་འབད་བརྩོན་བྱས་པ་ཡིན།

        གཅོད་པ་ཚེ་རིང་། དེ་ན་རྒན་ལགས་ལ་མཚོན་ན་ལས་རིགས་ཀྱི་སྐྱིད་སྣང་ཅི་འདྲ་ཞིག་ཚོར་ཐུབ་བམ།
        སྒྲོལ་མ་མཚོ། ལས་རིགས་ཀྱི་སྐྱིད་སྣང་ཟེར་ནའང་མི་ཤེས་མོད། གང་ལྟར་ལས་ཀ་འདིའི་ཆེད་དུ་གནང་བ་ཐེངས་གཅིག་ཀྱང་ཞུས་མ་མྱོང་ལ། ཐ་ན་བྱིས་པ་རྗེས་མ་ཞིག་བཙའ་དགོས་སྙམ་པའི་སེམས་འདུན་དེའང་མ་འགྲུབ་པར་ལུས་སོང་། དཔེར་ན་ངས་ད་ལྟ་སྐྱོང་བཞིན་པའི་བྱིས་པ་འདི་དག་ལ་མཚོན་ན། ལོ་རིམ་གཉིས་པའི་སྟེང་ནས་ང་ལ་སྤྲད་པ་ཡིན། འདི་འདྲའི་བྱིས་པ་ལོ་ཆུང་དག་བཅའ་སྡོད་བྱས་ཏེ་སློབ་གྲྭར་བསྡད་ཡོད་སྐབས། ང་ནི་དེ་དག་གི་ཨ་མ་ལྟ་བུ་ཡིན་པས། ངས་དུས་དང་རྣམ་པ་ཀུན་ཏུ་དེ་དག་གི་འགྲོ་འདུག་སྤྱོད་ལམ་དང་འཚོ་བའི་བདེ་སྡུག་ལ་སོགས་པ་ཚང་མར་སེམས་ཁུར་བྱེད་ལོས་དགོས། གལ་ཏེ་ངས་འདི་དག་བསྐྱུར་ཏེ་བྱིས་པ་བཙས་ཏེ་ཟླ་ལྔ་དྲུག་ཅིག་ལ་གནང་བ་ཞུས་ཚེ། ཁོ་ཚོར་དལ་འགོར་བྱས་འགྲོ་ལ། ང་ལ་རེ་བ་ཆེན་པོ་བཅངས་མཁན་གྱི་ཁྱིམ་བདག་དེ་དག་ལ་ཁྲེལ་མེད་བཟོས་སོང་བ་མ་ཡིན་ནམ། བྱིས་པ་འདི་དག་གི་ཆེད་དུ་ཅི་ཞིག་བསྒྲུབས་ཀྱང་འགྱོད་པ་སྤུ་ཙམ་ཡང་ཡོད་མི་དཔེ་བས། དེ་ནི་ཕལ་ཆེར་ལས་རིགས་འདིའི་ཁྲོད་དུ་ང་ལ་སྐྱིད་སྣང་ཆེན་པོ་ཞིག་ཡོད་པ་དེ་ཡིན་རྒྱུ་རེད།

        གཅོད་པ་ཚེ་རིང་། ཁྱེད་ཀྱིས་བསམས་ན། ཁྱིམ་བདག་དང་དགེ་རྒན་བར་གྱི་འབྲེལ་བ་དེ་གང་འདྲ་ཞིག་ཡིན་དགོས་པ་དང་། ཁྱིམ་བདག་གིས་སློབ་མའི་སྦྱངས་འབྲས་ལ་ནུས་པ་ཅི་འདྲ་ཐོན་གྱིན་འདུག
        སྒྲོལ་མ་མཚོ། བྱིས་པ་ཞིག་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་ན་དགེ་རྒན་དང་ཁྱིམ་བདག་བར་གྱི་འབྲེལ་བ་ལེགས་པོ་ཞིག་ཡོད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རེད། ངས་ཉིན་གཉིས་རེ་གསུམ་རེའི་ནང་ནས་ཁྱིམ་བདག་རེ་རེ་ལ་ཁོ་ཚོའི་བུ་ཕྲུག་གི་གནས་ཚུལ་ཡར་ཞུ་བྱས་པ་ཡིན་ལ། ཡར་ཞུ་བྱེད་དུས་ཀྱང་ཁྱོད་ཀྱི་བྱིས་པས་ཅིག་མ་འགྲིག་ཐལ་དང་། ཉིག་མ་འཁྱོངས་ཐལ་ཞེས་གཏན་ནས་ཟེར་མ་མྱོང་། ཐོག་མར་བྱིས་པ་དག་གི་ཡར་རྒྱས་ཆེ་ཆུང་ཅི་རིགས་བཙལ་ཏེ་ཡར་ཞུ་བྱས་རྗེས། ཞོར་དུ་ང་ཚོས་མཉམ་དུ་འདིའི་ཐད་ནས་བྱིས་པར་རོགས་རམ་འདི་ལྟར་བཅའ་དགོས་ཚུལ་བཤད་པ་ཡིན། དེ་ལྟར་བྱས་ན་ཁྱིམ་བདག་གི་སེམས་སུ་རང་གི་བྱིས་པར་ཡར་རྒྱས་ཡོད་པ་དང་། ཚང་མས་ཧུར་ཐག་བགྱིས་ན་བྱིས་པ་བཟང་པོ་ཞིག་ཆགས་ངེས་སྙམ་པའི་ཀུན་སློང་ཞིག་འཇོག་ཐུབ་པས། ཧུར་ཐག་གིས་སློབ་མར་རོགས་རམ་བྱས་ཏེ་ཡར་རྒྱས་ཆེན་པོ་འབྱུང་ངེས།

        གཅོད་པ་ཚེ་རིང་།རྒན་ལགས་ཀྱིས་བསྐྱངས་པའི་སློབ་བུ་རྣམས་ཀྱི་སློབ་སྦྱོང་གི་སྦྱངས་འབྲས་ཤིན་ཏུ་ལེགས་པ་ནི་སྲིད་གཞུང་དང་ཁྱིམ་བདག་ཚང་མས་ཁས་ལེན་དང་གཟེངས་བསྟོད་ཆེན་པོ་ཐོབ་ཀྱིན་ཡོད་པ་ལས་གསལ་པོར་རྟོགས་ཐུབ། འོ་ན་ཁྱེད་ཀྱི་སློབ་ཁྲིད་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅི་ཞིག་ཡོད་དམ།
        སྒྲོལ་མ་མཚོ། ཧ་ཧ། བདག་ལ་གཞན་དང་མི་འདྲ་བའི་ཐབས་ལམ་དང་ཁྱད་ཆོས་དམིགས་བསལ་བ་གང་ཡང་མེད། གཙོ་བོ་སློབ་མ་རེ་རེ་རང་གི་བུ་དང་བུ་མོ་བཞིན་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ཏེ། བརྩོན་པ་ཡུན་རིང་རྒྱུན་འཁྱོངས་བྱས་པ་ལས་གཞན་མེད། ངས་ལོ་ངོ་འདི་དག་གི་རིང་ལ་སློབ་མ་གཅིག་ཀྱང་འདིས་ཡི་གེ་མི་ཤེས་པས་བསྐྱུར་འཇོག་ཅེས་དྲན་མ་མྱོང་ལ། བསྐྱུར་དེ་བས་ཀྱང་མ་མྱོང་། དངོས་གནས་ཀླད་པ་སྐྱོན་ཅན་གྱི་བྱིས་པ་ཞིག་ཡིན་ནའང་། ཕྲལ་ཀློག་ཙམ་ཡིན་ཡང་ཨེ་ཤེས་ལ་བརྩོན་པ་བྱས་པ་ཡིན་ལ། གཤིས་ཀ་ཡག་པོ་ཞིག་ཆགས་རྒྱུའི་ཕྱོགས་ལ་དེ་བས་དོ་སྣང་བྱས་པ་ཡིན། དེ་དག་གི་ཕ་མ་ལའང་བྱིས་པ་འདི་འདྲ་ཞིག་ཡིན་པའི་དབང་གིས་ང་ཚོས་ལྷག་ཏུ་རོགས་རམ་བྱེད་དགོས། མ་འོངས་པར་ཁོ་ཚོས་ཀྱང་འཚོ་བ་རོལ་དགོས་པ་མ་ཡིན་ནམ་ཞེས་སྙིང་རུས་བསྐྱེད་པ་ཡིན། གཞན་ཡང་། ཁྱིམ་བདག་རྣམས་ཀྱིས་བདག་ལ་རེ་བ་ཆེན་པོ་བཅངས་ཀྱིན་ཡོད་པ་དེ་ནི་བདག་ལ་མཚོན་ན་གནོན་ཤུགས་ཤིག་ཡིན་ལ། སྒུལ་ཤུགས་ཤིག་ཀྱང་ཡིན། དེ་ལྟར་སེམས་ཞིབ་མོ་དང་ཚེགས་ཡང་མོ་བྱས་པའི་འབྲས་བུ་ལ་སློབ་མ་ཚོའི་སྦྱངས་འབྲས་ཅུང་བཟང་པོ་བྱུང་བ་ལས། ལས་ཉུང་ཆོད་ཆེའི་ཐབས་ལམ་ཞིག་བདག་གིས་ད་དུང་མ་རྙེད།

        

        གཅོད་པ་ཚེ་རིང་། རྒན་ལགས་ཀྱིས་ཇུས་འགོད་བྱས་པའི་སྨྱན་མང་གཟུགས་ཀྱི་བསླབ་ཆས་ལ་ཞིང་ཆེན་དང་ཞིང་ལྗོངས་ལྔ་གཙོ་བྱས་པའི་རིམ་པ་སོ་སོའི་དགའ་རྟགས་སྣ་ཚོགས་ཐོབ་མྱོང་། འོ་ན་ཁྱེད་ཀྱིས་བསམས་ན་སྨྱན་མང་གཟུགས་ཀྱི་བསླབ་ཆས་ཀྱིས་སློབ་ཁྲིད་ཀྱི་འབྲས་ཕྱོད་ལ་ནུས་པ་ཅི་འདྲ་ཐོན་གྱིན་ཡོད་དམ།

        སྒྲོལ་མ་མཚོ། གཙོ་བོ་སྨྱན་མང་གཟུགས་ཀྱི་ཁྲིད་ཆས་ཤིག་ཇུས་འགོད་བྱེད་པ་ལ་ངེས་པར་སློབ་ཁྲིད་ཀྱི་དཀའ་གནད་སེལ་བ་དང་། གཙོ་གནད་འབུར་དུ་ཐོན་པར་ཕན་པ། སློབ་ཁྲིད་ཀྱི་དམིགས་འབེན་ལེགས་འགྲུབ་ལ་རྔོ་ཐོགས་པའི་སྒྲ་རིས་བརྙན་གསུམ་འདུས་པའི་ཁྲིད་ཆས་ཤིག་ཅིས་ཀྱང་ཡིན་དགོས། དེ་ལྟ་མ་ཡིན་པར་སྤྱིར་བཏང་གི་ཁྲ་ཁྲ་རིག་རིག་ཅིག་ཡིན་ཚེ་སློབ་ཁྲིད་ལ་ཕན་ལས་གནོད་ཆེ། དེ་བས་ངས་དུས་རྟག་ཏུ་ཁྲིད་ཆས་ཇུས་འགོད་ལ་དུས་ཚོད་དང་ནུས་པ་མང་པོ་བཏོན་པ་ཡིན།

        གཅོད་པ་ཚེ་རིང་། རྒན་ལགས་ཀྱིས་སློབ་མའི་ལས་བྱར་ཞུ་དག་བྱེད་སྟངས་སྐོར་ནས་ཅུང་ཙམ་གསུང་རོགས།
        སྒྲོལ་མ་མཚོ། ནམ་རྒྱུན་ལས་བྱར་ལྟ་སྐབས་སློབ་མ་རང་རང་གི་ལས་བྱ་རང་རང་གིས་ཁྱེར་འོངས་ཏེ་ང་ལ་སྟོན་དགོས། དེ་ལྟ་ན་ངས་ལས་བྱར་ལྟ་སྐབས་ཁོ་ཚོས་བྲིས་པའི་ཡིག་གཟུགས་ཡག་མིན་དང་ནོར་འཁྲུལ་ཡོད་མེད་སོགས་རེ་རེར་མཛུབ་སྟོན་བྱེད་བདེ། བྲིས་མི་ལེགས་པ་དང་མི་འགྲིག་ས་ཡོད་ཚེ་སྐབས་ཐོག་ཏུ་དག་བཅོས་བྱེད་དུ་བཅུག་རྗེས་འགྲིག་རྟགས་བརྒྱབ་པ་ཡིན། ངས་སློབ་མའི་ལས་བྱར་འཆུག་རྟགས་བརྒྱབ་མ་མྱོང་། གལ་ཏེ་སུ་ཞིག་གིས་ལས་བྱ་ནན་ཏན་དང་གྲལ་དག་གིས་མ་བྲིས་ཚེ་ཡང་བསྐྱར་འབྲི་དགོས་པས། ལས་ཀ་ཉིས་ལས་བྱེད་མི་དགོས་པའི་ཆེད་དུ་སློབ་བུ་རྣམས་ལ་ལས་བྱ་ནན་ཏན་འབྲི་བའི་གོམས་གཤིས་ཡག་པོ་ཆགས་ཡོད།

        གཅོད་པ་ཚེ་རིང་། དེ་རིང་སྐུ་ཉིད་ཀྱིས་དུས་ཚོད་བཀོད་སྒྲིག་བྱས་ཏེ་ངའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཞུ། མཐར་ཁྱེད་ཀྱི་སྐུ་ལུས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
        སྒྲོལ་མ་མཚོ། ཡ་ཡ། བཀྲ་ཤིས་བདེ་ལེགས། །


རྩོམ་ཡིག་སྔོན་མ།
༄༅།། ཁ་བཏགས་ནག་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1