༄༅།། ངའང་འཁྲིད་རོགས།

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-13


        ཁ་བ་ལྷབ་ལྷུབ་ཏུ་བབས་རྗེས་རླུང་བུ་འུར་འུར་དུ་ལྡང་། རླུང་བུ་ལྡངས་མཚམས་བཞག་རྗེས། ཆར་བ་ཤག་ཤག་ཏུ་བབས་ཏེ་དུས་བཞིའི་གནམ་གཤིས་དུས་གཅིག་ནང་འཛོམས་པ་ལྟ་བུའི་དུས་ཚིགས་ཤིག་ལ། ང་ཁ་བ་ཐོག་འདྲེད་བཞིན། ཆར་པ་ཡིས་སྦངས་ཤིང་། རླུང་བུ་ཡིས་དེད་དེ་ལམ་གྱི་སུམ་མདོར་ལྷགས།
        ལམ་གྱི་སུམ་མདོར་ཨ་མས་བྱིས་པའི་ལག་པ་ལ་འཇུས་ཏེ་སློབ་གྲྭར་སྐྱེལ། དད་ལྡན་གྱིས་ཡན་ལག་ལྔ་པོ་ས་ལ་ཕབ་སྟེ་དགོན་པའི་ཕྱོགས་སུ་ནུར། གཞོན་ནུ་ཡིས་ཡིད་མཐུན་གྱི་བུ་མོ་ལག་པས་འཁྱུད་དེ་གཉེན་ལམ་དུ་འགྲོ། དཔོན་པོ་ཡིས་ལག་པ་རྒྱབ་ལག་བྱས་ཏེ་ཕོ་བྲང་དུ་ཕེབས།
        ང་ནི་སུམ་མདོ་རུ་བདག་མེད་ཀྱི་དྭ་ཕྲུག་བཞིན། ཁྱིམ་མེད་ཀྱི་རྐུ་མ་བཞིན་ཁེར་རྐྱང་དུ་ལུས། བྱིས་པའི་ལམ་དུ་ང་ནི་ཨ་མའི་རྣམ་ཤེས་དང་། ཨ་ཕའི་བླ་སྲོག་རུམ་པའི་སྒོག་ཤུན་ལྟ་བུ་ཡིན་ལ། བྱམས་དང་སྙིང་རྗེའི་ཞིང་སར་འདྲེན་པའི་ཡུར་ཆུ་དང་། ལས་དང་རྒྱུ་འབྲས་ཀྱི་ས་ཤུན་བརྟོལ་ཏེ་འབུས་པའི་མྱུ་གུ་ལགས་ན། ཁྱེད་རྒས་འཁོགས་གཉིས་གསོན་དུས་ཁ་འཇམ་ཚིག་བརྩི་དང་། འདས་དུས་མ་ཎི་ཚིག་གསུམ་ནི་ང་ལས་མེད་པས། ངའང་བུ་དང་བུ་མོ་ཚོ་དང་མཉམ་དུ་འཁྲིད་རོགས།
        དཔོན་པོའི་མདུན་དུ་ང་ནི་གཅིག་ཐོག་གཅིག་བརྩེགས་ཀྱི་སྐས་རིམ་དེ་ཡིན་ཡང་། ཁྱེད་རང་ཕོ་བྲང་གི་ཁྲི་སྟེགས་སུ་འགྱིང་མཐར་ཕྱི་བལྟས་ཙམ་ཡང་མེད་ན། རི་མཐོན་པོ་འདྲ་བའི་ཟིལ་ཤུགས་དང་། ཆུ་ཆེན་པོ་ལྟ་བུའི་གཤོང་རྒྱ། ཐང་ཡངས་མོ་ནང་བཞིན་གྱི་དཀྱེལ་ཡངས་ཀྱང་དམའ་སར་འབེབས་སྲིད་པས། རྡོ་སྐས་རེ་རེ་ནས་ཕྱི་བལྟས་རེ་རེ་དང་། ཕོ་བྲང་རེ་རེ་ནས་འབོད་སྐུལ་ལན་གསུམ་གྱིས་ངའང་ཐོབ་ཐང་དང་ལྷན་དུ་ཁྲིད་རོགས།
        དད་ལྡན་གྱི་ཕྱག་ནང་ང་ནི་གནས་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་དང་། གླེགས་བམ་སྡོམ་བྱེད་ཀྱི་གླེགས་ཐག་ཡིན་མོད། ཁྱེད་ཚོས་ས་ནག་པོ་གོམ་པས་འཇལ་ཡང་ཟབ་ཚད་མ་ཤེས། སྤྲིན་དཀར་པོ་ཐོད་པས་འཇལ་ཡང་ནང་སྙིང་མ་མཁྱེན་ན། འཁར་བ་མེད་པའི་གྱོལ་བོ་དང་རྒྱབ་རི་མེད་པའི་བྲག་ཕུག་དང་མཚུངས་པས། ངའང་གུས་ཕྱག་དང་ལྷན་དུ་གནས་མཇལ་གྱི་ལམ་དུ་འཁྲིད་རོགས།
        ན་གཞོན་གྱི་མིག་ལམ་ན་ང་ནི་སྙིང་གི་ཐིག་ལེར་དུང་བ་རྗོད་བྱེད་སྙན་མོ་དང་། རང་སའི་ཕྱོགས་སུ་འགྲོ་བའི་རི་ལམ་བདེ་མོ་ཡིན་དགོས་ཏེ། བརྩེ་སེམས་ཐབས་ཀྱིས་མཚོན་པའི་ལ་གཞས་དང་། དགའ་སྐྱོ་རྡོག་བྲོར་མཆོད་པའི་བྲོ་ཚིག གསང་བ་གབ་ཏུ་སྦས་པའི་ཚངས་མགུར། མི་ཆོས་ཞུན་མར་འཁྱིལ་བའི་ལེགས་བཤད། མི་སེམས་ཚུགས་སུ་བསླངས་པའི་གླིང་སྒྲུང་བཅས་ངས་རུམ་ནང་སྒོམ་ཞིང་སྤྱི་གཙུག་ཏུ་འདེགས་བཞིན་ཡོད་པས། སྙིང་ལ་རུས་པ་ཅན་མྱང་ཚ་དཀར་རྒྱན་དང་སེམས་ཀྱིས་བསྲན་ཚུགས་པ་ཀླུ་མོ་འགོག་བཟའ་ལྟ་བུའི་བུད་མེད་འདོད་ན། ངའང་མཛེས་མ་དང་ལྷན་དུ་འཁྲིད་རོགས།
        ང་ཡི་སེམས་ནང་ང་རང་ནི་ཕྱི་ཡི་ཤ་ཁྲག་དང་ནང་གི་རུས་སྙིང་། མཁའ་ལ་ལྡིང་བྱེད་ཀྱི་གཤོག་པ་དང་ས་ལ་འགྲོ་བྱེད་ཀྱི་རྐང་པ་ཡིན་ཡང་། ཁྱེད་ཚོས་ཕ་ཡུལ་ལ་རྒྱབ་བསྟན། ལོ་རྒྱུས་དང་རྒྱང་གྱེས་ཏེ་མཐོ་ས་མཐོ་སར་འདུག་ན། སུ་ཞིག་ཇི་ལྟར་ཡོང་ཞིང་། གང་ལྟར་གནས་ལ། ཅི་ལྟར་འགྲོ་རྒྱུའང་བརྗེད་སྲིད་པས། ངའང་དམའ་ས་དམའ་ས་རུ་མི་ཡི་འགྲོ་འདུག་ཉལ་ཆགས་དང་ལྷན་དུ་རྟ་ཡི་འབབ་སྟེགས་བྱས་ཏེ་དབུས་ལམ་དུ་འཁྲིད་རོགས།
        ཅི་བྱས་ཀྱང་། མེས་པོ་ཚོས་ང་དེད་ཅིང་དྲུད་ནས་ལམ་གྱི་སུམ་མདོར་ལྷགས་པས། ཁྱེད་ཚོས་གཡས་ཀྱི་བུ་དང་མཉམ་དུ། བྱ་རྒོད་ཀྱི་འཕུར་ལམ་དང་སེང་ཕྲུག་གི་མཆོངས་ལམ་དུ་འཁྲིད་དང་། ང་འཁྲིད་པ་ནི་རིགས་རྒྱུད་གཅིག་འབྱུང་འགྱུར་ལ་འཁྲིད་པ་ཡིན། གཡོན་གྱི་བུ་མོ་དང་ལྷན་དུ། ཆུ་བོའི་བཞུར་ལམ་དང་རླུང་ཁའི་ལྡང་ཕྱོགས་སུ་འཁྲིད་དང་། ང་འཁྲིད་པ་ནི་ལམ་ཆས་གྱ་ནོམ་པ་ཞིག་འཁུར་བ་དང་འདྲ།
        དེ་ལྟར་ན། ཁ་བ་ཇི་ལྟར་འཚུབ་ཀྱང་། ང་ནི་གངས་ལྷ་མེ་ཏོག་གི་ཚུལ་དུ་སྡུག་གུར་བཞད་ཆོག ཆར་བ་ཇི་ལྟར་བབས་ཀྱང་། ང་ནི་རྡོ་ཕ་བོང་བཞིན་དུ་ལྷན་ནེར་བཞུགས་ཆོག རླུང་ཁ་ཇི་ལྟར་ལྡང་ཡང་། ང་ནི་གསོམ་སྡོང་སྔོན་མོ་ལྟར་ཀྲོང་ངེར་འགྱིང་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1