གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ལ་ཁ་གནམ་ལྷ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༤ཉིན།

༄༅།། བོན་གྱི་ཡིག་ཚང་རྙིང་གྲས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལོ་རྒྱུས་དཔྱད་གཞིའི་རིན་ཐང་དང་མཛད་པ་པོའི་ཐད་ཀྱི་དོགས་གནད་འགའ།


ལ་ཁ་གནམ་ལྷ་ཚེ་རིང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་བོན་གྱི་ལོ་རྒྱུས་ཡིག་ཚང་རྙིང་གྲས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གེ་དཔར་གཞི་ཁག་གཅིག་ངོ་སྤྲོད་བྱས་པ་བརྒྱུད་དེ། ཡིག་ཚང་འདིའི་དཔྱད་གཞིའི་རིན་ཐང་དང་ཁྱད་ཆོས་སོགས་གཙོ་བོར་བརྗོད་ཡོད་ལ། ཞོར་དུ་ཡིག་ཚང་འདི་ནི་སྲིད་པའི་གདུང་རྒྱུད་ཅིག་གིས་བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་གྱི་ཚུལ་དུ་མཛད་པའི་ཡིག་ཚང་རྙིང་པ་ཞིག་ལ་ཕྱིས་དུས་རབས་བཅུ་བཞི་པ་ནས་བཟུང་མི་མང་པོས་ཆད་པ་ཁ་གསབ་དང་བཟོ་བཅོས་བྱས་པ་ཞིག་ཡིན་སྐོར་དོགས་སློང་གིས་དཔྱད་བརྗོད་ཀྱང་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》 རིན་ཐང་། མཛད་པ་པོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]G256[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)02-077-13
          གླེང་གཞི།
          བོན་གྱི་ཡིག་ཚང་རྙིང་གྲས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ཞེས་པ་འདི་ལ་དཔར་གཞི་མི་འདྲ་བ་ཁག་ལྔ་ཙམ་ཡོད་ཅིང་། སྔོན་གྱི་མཁས་པ་ལ་ལས་ཡིག་ཚང་འདི་ནི་བོན་གྱི་མཁས་པ་མང་པོ་ཞིག་གིས་རྫུན་བཟོ་བྱས་པ་ཡིན་པས། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་མི་འདུག་ཅེས་ཟེར་བ་དང་། དེ་མིན་ཡིག་ཚང་འདི་ཉིད་དུས་རབས་ནམ་ཞིག་ལ་སྐྱེས་བུ་སུ་ཞིག་གིས་བརྩམས་པའི་ཐད་བཞེད་པ་མི་མཐུན་པ་ཡོད་དེ། ཅུང་གྲགས་ཆེ་བ་ནི་བོན་གྱི་བླ་ཆེན་དྲན་པ་ནམ་མཁས་བརྩམས་ཞེས་པ་དང་། ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན་ཞེས་པ་གཉིས་ཡིན། བཤད་རྒྱུན་དེ་དག་གིས་ཡིག་ཚང་འདིའི་རིན་ཐང་མག་མོག་ཏུ་སོང་ནས་དཔྱད་རིན་མེད་པ་ལྟ་བུར་གྱུར་ཡོད། ང་ཚོས་སླར་ཡང་ཡིག་ཚང་འདི་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཅི་ཙམ་ཡོད་པ་དང་། དུས་རབས་ནམ་ཞིག་ལ་མཁས་པ་སུ་ཞིག་གིས་མཛད་པ་སོགས་ཀྱི་ཐད་དོགས་སློང་མི་བྱ་ཐབས་མེད་ཡིན་པས། འདིར་ཕྲན་གྱིས་ཡིག་ཚང་འདིའི་ལོ་རྒྱུས་རིན་ཐང་དང་རྩོམ་པ་པོའི་ཐད་ལ་དོན་དུ་མ་སྨིན་པའི་དོགས་འཆར་འགའ་ཤས་གླེང་བར་འདོད་དེ།
དང་པོ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ཡིག་ཚང་ངོ་སྤྲོད།
          མིག་སྔའི་བར་དུ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ལ་དཔར་གཞི་མི་འདྲ་བ་ཁག་ལྔ་ཙམ་འདུག་སྟེ། རྒྱ་གར་སྨན་རི་དགོན་གཡུང་དྲུང་བོན་གྱི་དཔེ་མཇོད་ཁང་ན་བཞུགས་པའི་བལ་ཡུལ་དོལ་པོའི་ཡུལ་ནས་རྙེད་པའི་《སྲིད་པ་རྒྱུད་ཀྱི་ཁ་བྱང་བཞུགས་སོ་》ཞེས་པའི་ཡིག་རྙིང་བྲིས་མ་དང་། ནག་ཆུའི་བོན་གྱི་བླ་མ་གྲུབ་དབང་བསྟན་པའི་ཉི་མས་བསྒྲིགས་པའི་《བོན་པོའི་བརྟེན་འགྱུར་དུམ་པ་སུམ་བརྒྱ་ཅན་》གྱི་ནང་ན་བཞུགས་པའི་དབུ་མེད་ལག་བྲིས་མ། སྟེང་ཆེན་བོན་གྱི་བླ་མ་རྒྱ་མཚོ་ནོར་བུས་བསྒྲིགས་པའི་《བོན་གྱི་བརྟེན་འགྱུར་དུམ་པ་བརྒྱ་དང་བཅོ་ལྔ་ཅན་》གྱི་ནང་དུ་བཞུགས་པའི་ལྕགས་དཔར་མ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་(Buddhist Digital Resource Center)སུ་བཞུགས་པའི་ཁྲོ་སྐྱབས་དཔར་མ་སྟེ《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཞེས་བྱ་བ་དབུ་ཡི་གཟིགས་ཕྱོགས་སོ་》ཞེས་པའི་ཤིང་དཔར་མ་ལྡེབས་བརྒྱ་དང་བཅུ་གཅིག་ཅན། དེ་བཞིན་ཉེ་ལམ་འབར་ཁམས་ནས་《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོའི་དབུ་ཕྱོགས་བཞུགས་སོ་》ཞེས་དབུ་མེད་ལག་བྲིས་ཚོན་ལྡན་མ་ཞིག་རྙེད་འདུག་པ་བཅས་ཡིན། དེ་མིན་ད་ལྟ་ཉག་རོང་དབྲ་ཁྱུང་དགོན་དུ་ཡོད་པའི་བོན་གྱི་བཀའ་འགྱུར་དཀར་ཆག་གི་ནང་དུ་ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེ་ཆུང་》ཞེས་པ་ཞིག་ཡོད་མོད། དེ་ལ་གཏེར་སྟོན་པ་དང་རྩོམ་པ་པོ་སོགས་ཀྱི་སྐོར་ཅི་ཡང་བཀོད་མེད་ཚུལ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་ལྕགས་དཔར་མའི་རྗེས་ན་གསལ། མིག་སྔར་ཡིག་ཚང་འདིའི་ལྕགས་དཔར་མའི་སྐོར་ལ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་གྲུབ་དབང་བསྟན་པའི་ཉི་མའི་ལག་བྲིས་མ་ལ་གཞི་བཅོལ་ཏེ་༢༠༡༢ལོར་ལྕགས་དཔར་དུ་བཏབ་པ་ཞིག་དང་། གཞན་བལ་ཡུལ་དོལ་པོའི་དཔེ་རྙིང་དང་གྲུབ་དབང་བསྟན་པའི་ཉི་མ་གཉིས་ཀྱི་དཔར་གཞིར་གཞི་བཅོལ་ནས་དཔེ་བསྡུར་བྱས་ཏེ་ཅང་ཧོའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༡ལོར་ལྕགས་དཔར་དུ་བཏབ་པ་བཅས་གཉིས་ཡོད། ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། ཡིག་ཚང་འདི་ནི་དུས་རབས་བཅུ་བཞིའི་དུས་འགོར་(སྤྱི་ལོ་༡༣༠༣)བོན་གྱི་གཏེར་སྟོན་བླ་མ་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཞེས་པ་དང་། གཙོ་བོ་བོན་གྱི་བསྟན་པ་སྔ་དར་གྱི་ལོ་རྒྱུས་སྤྱི་དང་སྒོས་སུ་བསྟན་པ་ཕྱི་དར་གྱི་དུས་སུ་བོན་གྱི་གཏེར་སྟོན་པ་དག་གིས་གཏེར་ཆོས་ཇི་ལྟར་གཏེར་ནས་བཞེས་ཚུལ་གྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན། ཡིག་ཚང་འདིར་ཐོག་མར་འབྱུང་ཚུལ་བསྟན་པ་བཞག་པའི་ལེའུ་དང་། བོན་གྱི་བསྟན་པ་བཞག་པའི་ལེའུ། འཛམ་གླིང་བསྟན་པ་བཞག་པའི་ལེའུ། རྒྱལ་རབས་རིན་ཆེན་བསྟན་པའི་ལེའུ།  བན་བོན་ཆེ་ཐབས་འགྲན་ཞིང་བདེན་རྫུན་བརྩི་བའི་ལེའུ།  བར་དུ་བོན་བསྣུབ་ལུགས་ཀྱི་ལེའུ། སྔ་ཕྱི་ཡི་ཁ་བྱང་ཞུས་ལན་བྱུང་ཚུལ་རྣམ་ཐར་ལེའུ། དབུ་ཡོག་བྱུང་ཚུལ་གྱི་ལེའུ། དྲན་པ་ནམ་མཁའི་སྔ་ཕྱི་ཡི་དུས་ངན་མཚན་ཉིད་བསྟན་པའི་ལེའུ། རྣམ་ཐར་ཁ་དབྱེ་རྩིས་བྱང་བསྟན་པའི་ལེའུ།  མཐའ་མར་སྒོ་དབྱེ་རྣམ་ཐར་བསྟན་པའི་ལེའུ། གསང་གཏེར་བོན་སྒོ་ཞེས་བྱ་བ་ཕ་བོང་བོན་སྒོ་འབྱེད་པའི་ལེའུ་བཅས་ཁྱོན་ལེའུ་བཅུ་གཉིས་ཡོད། མིག་སྔར་རྨེ་རུ་ཡུལ་ལྷ་ཐར་གྱིས་བརྩམས་པའི་《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་བྱུང་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག་》ཅེས་པའི་ནང་དུ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་སྤྱིའི་གནས་བབས་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཡོད་པ་དང་། བོན་གྱི་གྲྭ་བཙུན་རིག་པ་སྨྲ་བ་ཁྲི་གཡུང་དྲུང་མཆོག་གིས་འདིའི་སྐོར་གྱི་དཔེ་ཀློག་ཟིན་བྲིས་ཤིག་འདུག་ལ། བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་ལ་སོགས་ཀྱིས་ཡིག་ཚང་འདི་ལ་གཞི་བཅོལ་ཏེ་དཔྱད་འབྲས་སྤེལ་དང་སྤེལ་བཞིན་ཡོད།
གཉིས་པ། ཡིག་ཚང་འདིའི་ལྟ་བ་བཙུན་པའི་སྐོར།
          སྔོན་གྱི་ཡིག་ཚང་རྙིང་གྲས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ཞེས་པ་འདིའི་གཞུང་དཀྱུས་སུ་དཔེ་རྙིང་གི་ཁྱད་ཆོས་མངོན་པར་གསལ་བ་དང་དུས་རབས་བཅུ་བཞི་པའི་སྔོན་གྱི་ཡིག་ཚང་མང་པོ་དང་བསྡུར་ན། དེ་དག་སོ་སོའི་ལུང་རྒྱུན་དང་ལྟ་བ་ཕན་ཚུན་ཐོད་ཐུག་པ་མ་ཟད། ཁུངས་གཏུགས་ས་ཡོད་དེ།《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། “ལྷོ་འཛམ་བུ་གླིང་གི་དཀྱིལ། རྒྱལ་པོ་ཆེན་པོ་བཞི་ཡི་དབུས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་བོ། ཀླུའི་རྒྱལ་པོ་མལ་ཏྲོས་ཀྱི་འཆག་ས། རི་མཐོའ་ལ་ས་གཙང་ས་སྤུ་རྒྱལ་བོད་ཀྱི་ཡུལ། མཐའ་མ་གངས་རི་དཀར་པོས་བསྐོར་བ། ལྷ་རྒོད་གཉན་པོ་གནས་ཞིང་འཆག་སའི་ས་”①ཞེས་བོད་ཡུལ་གྱི་ཡུལ་ཁམས་སྤྱིའི་ཁྱད་ཆོས་བརྗོད་པ་འདི་ནི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་“གནམ་གྱོ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱྀ་ནི་ར་བ། ཆུ་བོ་ཀུན་ཀྱི་ནི་མགོ་བོ་། རྀ་མཐོ་ས་གཙང་”②ཞེས་པའི་ཚིག་འགྲོས་དང་ཧ་ཅང་འདྲ་ཞིང་། དུས་རབས་ཀྱི་སྔ་ཕྱིའི་རྐྱེན་གྱིས་ཚིག་རྒྱན་འཇོག་སྟངས་ཐད་འགྱུར་ལྡོག་ཅུང་བྱུང་ཡོད་པ་ཙམ་ལས། ཚིག་གི་དོན་ཇི་མ་ཇི་བཞིན་ཐོན་འདུག དེ་མིན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས། “ཡབ་བླ་བདལ་དྲུག་གདུང་རྒྱུད་ལས། བདུན་ཚིགས་ཁྲི་སད་འབར་གྱི་སྲས། གནམ་དགུ་བྱོན་པའི་མིང། རྗེ་ལྡེ་གཉའ་ཁྲི་བཙད་པོ་ཡིན། གནམ་ནས་ས་ལ་བྱོན་པོའི་མཚན་རྒྱལ་པོ་ལྡེ་སྲས་བ་ཙམ་ལགས། མགོ་ནག་མིའི་སྤྱི་རྗེ་དང་། དུད་འགྲོ་རྔོག་ཆགས་ཀྱི་རྒྱན་དུ་གཤེགས། ཡུལ་གླིང་གི་སྙིང་པོ་གངས་ཀྱི་ར་བར་བྱོན། རྔུལ་སྐས་ཐེམ་དགུ་ལས་བབས་ཏེ། ཁྲུས་ཀྱི་རྫིང་བུ་ལ་བག་ཆགས་དྲི་མ་བཀྲུས། མི་དང་ལྷ་སྲས་དང་ཡང་མཇལ། ཡུལ་ཡར་ལུང་སོག་ཀ་ར། མཁར་ཕྱི་བ་སྟག་རྩེར་བཞུགས། ཡུལ་དུ་རྗེ་གཤེགས་དེ་རང་སྐྱིད། དེའི་དུས་སུ་སྐུ་སྲུང་གཤེན་པོ་ནི། ཕྱྭ་བོན་ཐང་ཡག་དང་། ཕ་བ་མཚེ་རྩེ་(གཅོ་)གཉིས་ཀྱིས་མཛད། བློན་པོ་ལྟོ་རི་བགྲེས་པོ་ཡིན། འབངས་ནི་ཡར་གྱི་ལྷོ་རྔེག་གིས་བྱ། ཕྱག་ཚང་ཤེ་དང་ཡུག་གིས་མཛད་”③ཅེས་གཉའ་ཁྲི་བཙན་པོ་ནི་ཡབ་ལྷ་བརྡལ་དྲུག་གི་སྲས་ཡིན་པ་དང་བོད་ཡུལ་དུ་ཕེབས་པའི་ལམ་གྱི་གཤེགས་རིམ་སོགས་བརྗོད་ཡོད་པ་འདིའི་ཐོག་མའི་འབྱུང་ས་ནི་ཏུན་ཧོང་ཡིག་རྙིང་ལས། “གནམ་ལྷབ་ཀྱྀ་བླ་ན་ཡབ་བླ་བདག་དྲུག་བཞུགས་པ་འྀ་སྲས། ། གཅེན་གསུམ་གཅུང་གསུམ་ན་། ཁྲི་འི་བདུན་ཚྀགས་དང་བདུན། ། ཁྲྀ་འི་བདུན་ཚྀགས་ཀྱྀ་སྲས་། ལྡེ་ཉག་ཁྲྀ་བཙན་པོ་”④ཞེས་པ་དང་། ཡང་། “གནམ་རྀམ་པ་བཅུ་གསུམ་གྱྀ་སྟེང་ན། ཁྲྀ་བར་ལ་བདུན་ཚྀག ། ཤེས་བགྱྀ། །གནམ་གྀ་ལྷ་ལས། ། ས་ག་དོག་དྲུག་དུ། ། འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ། ། དུད་རྔོག་ཆག་བླ་མྱེད་ཀྱྀ་བླར། ། བློན་པོ་ལྷོ་རྔེགས། བོན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག། ། མྱྀ་རྗེ་ལྷ་དང་བདུད། དུ་བརྒྱྀས་ནས། ། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ། །”⑤ཞེས་པ་འདི་གཉིས་ཡིན་པར་འདོད་ཅིང་། ཕྱིས་སུ་ལོ་རྒྱུས་སྨྲ་བ་མང་པོས་གཉའ་ཁྲི་བཙན་པོ་ནི་ལུགས་འདི་བཞིན་བོད་རང་གི་མི་ཞིག་ཡིན་པར་ངོས་བཟུང་ཡོད་ལ། འདིས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལོ་རྒྱུས་ལྟ་བའི་གཞི་བཅོལ་ས་ནི་ཁུངས་བཙན་པོ་ཡོད་པ་རྟོགས་ཐུབ། གཞན་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་གྲས་དག་དང་ཡོངས་གྲགས་ཀྱི་བཤད་རྒྱུན་ལྟར་ན། གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་གཉིས་ནི་སྟོད་ཀྱི་སྟེང་གཉིས་ཡིན་མོད། བོད་ཡིག་ཡིག་ཚང་རྙིང་ཤོས་དང་རྡོ་བརྐོས་ཡི་གེ་སོགས་ཁག་གཅིག་ཏུ་གྲི་གུམ་བཙན་པོ་ནི་གནམ་གྱི་ཁྲི་བདུན་གྱི་གྲས་སུ་བརྩི་བ་དང་སྟོད་ཀྱི་སྟེང་གཅིག་ཏུ་བགྲངས་ཡོད་དེ། དཔེར་ན་ཏུན་ཧོང་ཡིག་རྙིང་དུ། “དྲི་གུམ་བཙན་པོ་འོ་སྲས། སྤུ་དེ་གུང་རྒྱལ་གནམ་ལ་དྲི་བདུན། ས་ལ་ལེགས་དྲུག་བཤོས་ན་། སྤུ་དེ་གུང་རྒྱལ་གྲོངས་ན། གྲང་མོ་གནམ་གསེར་བརྩིག ། གསེར་བརྩིག་གྀ་སྲས། ། ཐོ་ལེག་བཙན་པོ་”⑥ཞེས་གྲི་གུམ་བཙན་པོ་ནི་“གནམ་གྱི་ཁྲི་བདུན་”⑦གྱི་མཐའ་མར་བགྲངས་ཡོད་ལ། རྗེ་གྲི་གུམ་ནས་བཟུང་སྤུ་རྒྱལ་བཙན་པོར་བང་སོ་བརྩིགས་པའི་སྲོལ་བྱུང་ཚུལ་བརྗོད་ཡོད་པ་ལྟ་བུ་དང་། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བརྐོས་པའི་《ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་ཡི་གེ་》ཡི་སྟེང་བ “ཉ་ཁྲྀ་བརྩན་པོ་མྱི་ཡུལ་གྱྀ་རྗེར། །ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད། དྲི་གུམ་བཙན་པོ་ཕན་ཆད་གདུང་རབས་བདུན་གྱྀ་བར་དུ། །”⑧ཞེས་བཀོད་ཡོད་པ་དང་། སྤྱི་ལོ་༡༢༨༣ལོར་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་《ནེའུ་ཆོས་འབྱུང་》ངམ་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》ཞེས་པའི་ནང་། “རྗེ་གཉའ་ཁྲི་བཙན་པོའི་བུ་དིང་ཁྲི་བཙན་པོ། དེ་ལྟར་མུ་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། ཁྲི་སོ་བཙན་པོ། ཁྲི་(གྲི་) གུམ་བཙན་པོ་སྟེ་བདུན་ནོ།  ། སྟེང་གཅིག་ནི་འོ་ལྡེ་སྤུ་རྒྱལ་ལོ་”⑨ཞེས་འཁོད་ཡོད་པ། ས་སྐྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《རྒྱལ་རབས་》ཞེས་པའི་ནང་དུ་ཡང་། “གཉའ་ཁྲི་བཙན་པོ་དིང་ཁྲི་བཙན་པོ་དང་། ། མུ་ཁྲི་བཙན་པོ་སྲིབས་ཁྲི་བཙན་པོ་དང་། ། གདགས་ཁྲི་བཙན་པོ་ཡེ་ཁྲི་བཙན་པོ་དང་། ། གྲི་གུམ་བཙན་པོ་གནམ་གྱི་ཁྲི་བདུན་ཡིན། ། སྤུ་ལྡེ་གུང་རྒྱལ་ལྡེང་གཅིག་བྱ་བའོ། །”⑩ཞེས་འཁོད་ཡོད་པ། ད་དུང་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་། མང་ཐོས་ཀླུ་སྒྲུབ་ཀྱིས་མཛད་པའི་《བསྟན་རྩིས་ཉིན་བྱེད་》 དུས་རབས་བཅོ་ལྔ་པའི་སྐབས་སུ་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《ཉི་མའི་རིགས་ཀྱི་རྒྱལ་རབས་》 བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་ཁག་གཅིག་གིས་རྩོམ་སྒྲིག་གནང་བའི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》སོགས་སུ་ཡང་གྲི་གུམ་བཙན་པོ་ནི་“གནམ་གྱི་ཁྲི་བདུན་” གྱི་བདུན་པ་ཡིན་པའི་ལྟ་བ་བཏོན་གནང་ཡོད། དེས་ན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས་ཀྱང་། “གྲི་གུམ་བཙད་པོ་ཡན་ཆད་གནམ་གྱི་ཁྲི་བདུན་ཡིན། ......གྲི་གུམ་བཙན་པོའི་སྤུར་ས་ལ་དུར་བཏབ་པས། བོད་དུ་ས་ལ་དུར་བཏབ་པ་དེ་བས་སྔ་བ་མེད། དེ་ཡི་ས་ལ་དུར་འདེབས་ལེགས་པས་ས་ཡི་ཡག་དྲུག་བྱུང་”⑾ཞེས་བསྟན་པ་སོགས་ལས། ཡིག་ཚང་འདི་ནི་གྲུབ་མཐའ་རྐྱང་པ་ཞིག་གི་ཆོས་འབྱུང་ཙམ་མ་ཡིན་པར། ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ལྟ་བ་གལ་ཆེན་མངོན་པའི་དེབ་ཐེར་འགངས་ཆེན་ཞིག་ཡིན་པ་ཡང་རྟོགས་ཐུབ་པ་ཡིན། གཞན་ཡང་ཡིག་ཚང་འདི་ལས་འཛམ་བུ་གླིང་གི་སྤྱིའི་ཆགས་ཚུལ་དང་མིང་གི་ཐོགས་ཚུལ་སྐོར་ལ་སྟོང་པའི་ཁམས་བཅོ་བརྒྱད། དེ་ཆགས་པའི་རྒྱུ་འབྱུང་བ་ལྔ་ལས་གྲུབ་པ། གླིང་བཞི་གླིང་ཕྲན་བརྒྱད། གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན། ཆུ་བོ་ཆེན་པོ་བཞི། རི་བོ་མཐོན་པོ་ལྔ། ས་ཡུལ་ཆེན་བཅུ་དྲུག མཐའ་འཁོབ་དགུ་བཅུ་རྩ་གཅིག ཡང་འཁོབ་བཅོ་བརྒྱད་ཅེས་དང་། འཛམ་བུ་གླིང་དང་འཇམ་བུ་གླིང་། ཡང་ན་བོན་ཆོས་འཛོམས་པའི་འཛོམས་བུ་གླིང་ཞེས་སོགས་བྱུང་ལ། བྱེ་བྲག་བོད་ཡུལ་ཆགས་ཚུལ་དང་བོད་ཡུལ་གྱི་ལ་ཚིགས་ཆེན་པོ་བཞི་དང་། རོང་ལ་ཁ་བརྒྱད། ཙོང་ཁའི་ཡོག་ཆེན་བཅོ་བརྒྱད། མདོ་ཁམས་སྒང་བཞི། ཤོད་ཆེན་བཅོ་བརྒྱད། སྟོད་ཀྱི་མཁར་ཆེན་བཅོ་བརྒྱད། དབུས་ཀྱི་གཙུག་ལག་ཁང་ཆེན་པོ་བཅོ་བརྒྱད་⑿སོགས་ཀྱི་གྲངས་འདྲེན་རེ་རེ་བཞིན་ངོ་སྤྲོད་བགྱིས་ཡོད་པ་དེ་དག་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་མང་ཆེ་བའི་ཡུལ་ཁམས་ངོས་འཛིན་སྟངས་དང་འདྲ་བ་མ་ཟད། མཚམས་ལན་རེར་དེ་དག་ལས་ཀྱང་ཤིན་ཏུ་བདེན་ཁ་སྟེར་ཐུབ་པའི་གནས་ཀྱང་རྙེད་ཐུབ་སྟེ། དཔེར་ན། སེ་ཨ་ཞའི་ཡུལ། ཞང་ཞུང་ཏིར་བ་སྡེ་བརྒྱད། གཙུག་ལག་སྲིད་པའི་བོན་⒀ལྟ་བུའི་ཚིག་ཉུང་དོན་འདུས་ལས་ལོ་རྒྱུས་ཀྱི་གནད་དོན་ཆེན་པོ་མངོན་ཐུབ་པ་ལྟ་བུའོ། དེ་མིན་ཡིག་ཚང་འདི་ལས་བོན་གྱི་གཏེར་སྒོའི་སྐོར་ལ་མཚོ་རྔས་བྲག་གི་གཏེར་སྒོ་དང་། འགོས་ཀྱི་བྲག་ཟང་ཟིང་གི་གཏེར་སྒོ ཁྲི་ཏང་དུར་ཁྲོད་ཀྱི་གཏེར་སྒོ སྐུ་བླ་ཕྲང་ཁོང་གི་གཏེར་སྒོ ལྷ་ས་བུམ་ཐང་གི་གཏེར་སྒོ ལྷོ་རི་ནག་པོའི་གཏེར་སྒོ བྱ་རྒོད་བྲག་གི་གཏེར་སྒོ སྦར་བྲག་དཀར་གྱི་གཏེར་སྒོ་ཞེས་སོགས་རིགས་ཉེར་ལྔར་བཀར་ཡོད་⒁པ་དེ་དག་ནི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས་རྙེད་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་དག་གི་ཁྲོད་ནས་ཆེས་མཐོང་དཀོན་པའི་བོན་གྱི་གཏེར་མའི་ལོ་རྒྱུས་ཞིབ་འཇུག་གི་བརྡ་རྟགས་གལ་ཆེན་ཁག་གཅིག་ཡིན་པས། རིན་ཐང་ཆེན་པོ་ལྡན་པར་ཁོ་བོས་འདོད།སྤྱིར་བཏང་ང་ཚོས་བྱེ་བྲག་བོན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་དུས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ལ་དོ་སྣང་ཅུང་ཙམ་རེ་བྱེད་ཀྱིན་ཡོད་མོད། བོད་ཀྱི་རིག་གནས་ལོ་རྒྱུས་སྤྱི་ལ་ཞིབ་འཇུག་བྱེད་དུས་སྣང་མེད་དུ་འཇོག་པའི་སྣང་ཚུལ་ཅུང་མང་། ཡིག་ཚང་འདི་ཞིབ་པར་བཀླགས་ཚེ། དེ་འདྲ་བྱེད་དོན་རྩ་བ་ནས་མེད་པའི་ངེས་པ་རྙེད་ཐུབ་སྟེ། ཡིག་ཚང་འདིའི་ནང་དུ་ཏུན་ཧོང་ཡིག་རྙིང་དང་ཆ་འདྲ་བའི་ལོ་རྒྱུས་ཀྱི་ལྟ་བ་ཁྱད་པར་བ་མང་པོ་བཏོན་ཡོད་ལ། ཕྱིས་བྱུང་གི་བོན་གྱི་ཆོས་འབྱུང་མང་པོ་ཞིག་གིས་འདི་ལ་ཁུངས་བཅོལ་ཡོད་པ་ཡང་གདོན་མི་ཟ། རྒྱུ་མཚན་ནི་གཉའ་ཁྲིའི་གདུང་རབས་དང་སྟོད་ཀྱི་སྟེང་གཅིག་ཏུ་བརྩི་བའི་སྲོལ་དང་། བོད་ཡུལ་ངོས་འཛིན་སྟངས་སྐོར་གྱི་ཡིག་ཆ་ཆེས་སྔ་བ་ནི་ཏུན་ཧོང་ཡིག་རྙིང་དང་ཀོང་པོའི་བྲག་བརྐོས་ཡི་གེ་སོགས་ཡིན་ལ། བསྟན་པ་ཕྱི་དར་གྱི་དུས་སུ་ཆེས་ཐོག་མར་ལྟ་བ་དེ་འདྲ་རྒྱུན་མཐུད་ནས་སྤེལ་མཁན་ནི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ཡིན་པས་སོ།
གསུམ་པ། ཡིག་ཚང་གཡུ་ཡི་བུམ་པའི་སྐོར།
          བོད་ཀྱི་ལོ་རྒྱུས་དེབ་ཐེར་གཞན་གང་གི་ནང་དུའང་འཁོད་མེད་པའི་བན་བོན་འཐབ་རྩོད་ཁྲོད་བོན་ལ་ཡིག་ཚང་གཡུ་ཡི་བུམ་པ་ཐེངས་གཉིས་གནང་མྱོང་བའི་སྐོར་དེ་ནི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ཁྲོད་དུ་བྱུང་བའི་ལོ་རྒྱུས་ཀྱི་དོན་གནད་གལ་ཆེན་ཞིག་ཡིན་ལ། ཡིག་ཚང་གཡུ་ཡི་བུམ་པ་ཇི་འདྲ་ཞིག་ཡིན་པའི་སྐོར་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ནང་དུ་ཅུང་གསལ་པོར་བྲིས་ཡོད། ཁ་སྐང་བཀྲ་ཤིས་ཚེ་རིང་མཆོག་གིས་བསྒྱུར་གནང་བའི་ལི་ཡུལ་མྱུལ་བའི་དཔྱད་རྩོམ་ཞིག་ཏུ་ལི་ཡུལ་ནས་ཚངས་པའི་ཡི་གེ་བྲིས་མ་དང་། ཁྲམ་ཤིང་། ཤིང་བརྐོས། གཡུའི་ཐམ་ག གནའ་བོའི་དངུལ་སྒོར་སོགས་རྙེད་སོན་བྱུང་ཚུལ་གསུངས་ཡོད་པ་དང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་《རྒྱ་བོད་ཡིག་ཚང་ཆེན་མོ་》དང་། 《རྒྱལ་རབས་གསལ་བའི་མེ་ལོང་》  《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》《དེབ་དམར་》སོགས་སུ་རྒྱ་བཟའ་ཀོང་ཇོས་རྩིས་དང་གསེར་དངུལ་ཡིག་ཚང་། ཁྲིམས་ཡིག་སོགས་བོད་དུ་འཁྱེར་ཡོང་བར་འདོད་པ་སོགས། གང་ལྟར་གཡུའི་ཡིག་ཚང་ནི་བོད་བཙན་པོའི་དུས་སུ་དངོས་སུ་བྱུང་མྱོང་བའི་ཡིག་ཚང་ཞིག་ཡིན་པ་ནི་《ལྡེའུ་ཆོས་འབྱུང་》དང་《ཉང་ཆོས་འབྱུང་》སོགས་སུ་གསལ་པོར་གསུངས་ཡོད་པ་ལས་རྟོགས་ཐུབ། གཡུ་ཞེས་པ་ནི་དོན་གྱིས་ད་ལྟའི་གཡུ་དང་ཡང་ན་གཞན་གང་ཡིན་པར་ཁ་ཚོན་གཅོད་དཀའ་ཡང་། དོན་གྲུབ་རྒྱལ་གྱིས་རྒྱ་ཡིག་瑟瑟ཞེས་པ་འདི་གཡུ་ཞེས་སུ་བསྒྱུར་གནང་ཡོད་པ་དང་། ཕྱི་རྒྱལ་གྱི་མཁས་པ་ཏ་ཝེ་ཨའེ་པིན་ཧའོ་སི་དང་མའེ་ཁོར་ཝུན་སི་ཐེང་གཉིས་ཀྱིས་གཟི་ཡིན་པར་བཞེས། དེ་མིན་བོད་ཀྱི་མཁས་པ་ལ་ལས་རྒྱ་ཡིག་玉ལ་གཡུ་རུ་འགྲེལ་གྱིན་པ་སོགས་མང་། གང་ལྟར་བོད་ཀྱི་གདོད་མའི་རིག་གནས་སམ་ཡང་ན་བོན་གྱི་རིག་གནས་ཁྲོད་དུ་གཡུའི་རིག་གནས་ཀྱི་ལོ་རྒྱུས་ཅུང་མང་ཞིང་། ལྷག་པར་དུ་བོན་གྱི་རྒྱལ་པོ་ཡེ་ཏུན་ཙུག་བྱ་བར་གཡུའི་གསས་མཁར་ཡོད་པ་དང་བོན་གྱི་གཏེར་མ་མང་པོའི་སྟེང་དུ་གཡུའི་བུམ་པའི་བཀའ་རྟགས་བརྒྱབ་ཡོད་པར་བཤད། དུས་རབས་བཅུ་གཉིས་པའི་ནང་མཁས་པ་ལྡེའུས་བརྩམས་གནང་བའི་《ལྡེའུ་ཆོས་འབྱུང་》གི་ནང་། “དགུང་བློན་ཆེན་པོ་ནི་འགྲན་གྱི་ཟླ་མེད་པ་སྟེ། བསད་ན་སྟོང་ཐང་(ཁྲི་)ཆིག་སྟོང་ཡོད་དེ་ཆེའོ། ། ཡིག་ཚང་གཡུ་ཡི་གེ་ཆེའོ། །......དགུང་བློན་འབྲིང་པོ། ནང་བློན་ཆེན་པོ་གཉིས་ནི། སྟོང་ཐང་མཉམ་སྟེ་ཁྲི་ཡོད། ཡིག་ཚང་གཡུའི་ཡི་གེ་ཆུང་བའོ། །”⒂ཞེས་པ་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ཡང་། “གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་མོ་གནང་། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ་”⒃ཞེས་སོགས་བྲིས་ཡོད། གོང་གསལ་ཡིག་ཚང་གཡུ་ཡི་ཡི་གེ་དང་ཡིག་ཚང་གཡུའི་ཡི་གེ གཡུ་ཡིག་ཆེན་པོ་སོགས་ནི་དོན་གཅིག་མིང་གི་རྣམས་གྲངས་ཡིན་ཞིང་། ཡིག་ཚང་གཡུ་ཡི་བུམ་པ་ནི་གཡུ་ཡིག་གི་ནང་གསེས་གལ་ཆེན་ཞིག་ཡིན་པར་འདོད་ཅིང་། དེ་ལ་ད་དུང་བྱེ་བྲག་ཏུ་དཔའ་བོའི་ཡིག་ཚང་། བཙུན་པའི་ཡིག་ཚང་། མིང་གི་ཡིག་ཚང་དང་མཚན་གྱི་ཡིག་ཚང་སོགས་ཡོད། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ལས་ཡིག་ཚང་གཡུ་ཡི་བུམ་པ་ཐེངས་དང་པོར་བོན་ལ་གནང་བའི་དུས་ནི། བན་བོན་འཐབ་རྩོད་བར་མ་རུ་གྲགས་པའི་སྲོང་བཙན་སྐམ་པོའི་སྐབས་སུ་ཡིན་པར་བརྗོད་ཡོད། ཡིག་ཚང་འདི་ལས། “དེའི་སྲས་སྲོང་བཙན་སྐམ་པོ་ལགས། བློན་པོ་མོ་ཁྲིད་ཏོ་རེ་སྣང་ཚན་དང་། སྙ་ཏོ་རི་བཙུན་བློན་གཉིས་ཀྱིས་བྱ། ཞང་ཞུང་སུ་ཀི་ར་རིང་གིས་སྐུ་བསྲུངས། དེའི་དུས་སུ་ཆོས་ཟ་མ་ཏོག་གི་སྙིང་པོ་དང་། དཀོན་མཆོག་གསུམ་གྱི་མདོ་སྡེ་དང་། རྡོ་རྗེ་གཅོད་པ་པདྨ་དཀར་པོ་བྱུང་། རྒྱལ་པོས་ཐུགས་དམ་བྱས་པ་ལ། དེས་རྗེའི་མགུར་ལྷ་བཅུ་གསུམ་དང་། བོད་ཀྱི་གསས་ལྷ་གནམ་དུ་འཕངས། མངའ་རིས་མ་བདེ་འཁྲུག་པ་བྱུང་།  དེ་ཡང་ཆོས་དང་དུ་བླངས་པའི་སྐྱོན་བྱུང་ངོ་། དེ་ཚེ་ཆོས་ཀྱང་ལན་ཅིག་མནུབས། བོན་པོ་གནའ་བཞིན་ལྷ་ཀླུ་མཆོད། ནད་ཡམས་མུ་གེ་འཁྲུག་པ་ཆད། རྒྱལ་པོ་ཡིས་བོན་ལ་ཡིག་ཚང་གཡུའི་བུམ་པ་དང་། སྟག་ཞུ་དང་ནི་སྟག་ཐུལ་”⒄ཞེས་བཙན་པོ་སྲོང་བཙན་སྐམ་པོའི་སྐབས་སུ་རྒྱ་གར་ཤཱཀྱའི་ཆོས་ལུགས་བོད་དུ་ཡང་བསྐྱར་དར་ཚུལ་དང་། ཞང་ཞུང་སུ་ཀེ་ར་རིང་དང་རྒྱལ་པོ་སོགས་ཀྱི་དབར་བན་བོན་འཐབ་རྩོད་རབ་དང་རིམ་པ་བྱུང་ནས་མངའ་རིས་མ་བདེ་བ་བྱུང་ཚུལ། མཐར་རྒྱལ་པོ་ཡང་ཅི་བྱ་བྲལ་ཏེ། བོན་ལ་ཡིག་ཚང་གཡུ་ཡི་བུམ་པ་དང་། སྟག་ཞུ་དང་ནི་སྟག་ཐུལ་གནང་ཚུལ། དེ་བཞིན་བོན་གྱི་ཡུལ་ལྷ་གསོལ་མཆོད་དང་སྐུ་གཤེན་རྣམས་སྔར་ལུགས་ལྟར་འཇོག་ཚུལ་སོགས་གསལ་པོར་བསྟན་ཡོད་པ་ནི། ལོ་རྒྱུས་བསྟན་བཅོས་གཞན་དང་མི་འདྲ་བའི་དམིགས་བསལ་ཞིག་ཡིན་པས། རིན་ཐང་ཆེ་བར་འདོད། དེས་ན་གཡུང་དྲུང་བོན་གྱི་ཡིག་ཚང་རྙིང་གྲས་《བསྒྲགས་གླིང་》གི་ནང་དུ་བཙན་པོ་སྟག་རི་གཉན་གཟིགས་སྐབས་སུ། “བོན་དང་རྒྱལ་པོ་མཉམ་པས་གཤེན་རྒྱལ་ལོ། །བོན་གྱི་གསེས་ཁང་མང་པོ་ཡང་བཞེངས་སོ། ། དྲིན་ལན་དང་ཆེ་ཐབས་སུ་བོན་གྱི་སྐུ་གཅིགས་བྱིན་པ། གྲལ་གཡས་གྲལ་གྱི་རྩེ་ལ་སྐུ་གཤེན་འཇོག་པ། བ་སོའི་ཁྲི་དང་ཟ་འོག་གི་གདན་བཏིང་། ཡིག་ཚངས་དུ་གསེར་གྱི་ཕུད་དང་མཐིང་གི་བུམ་པ་ཡང་གནང་ངོ་”⒅ཞེས་བྱུང་བར་གཞིགས་ན། སྲོང་བཙན་སྐམ་པོས་བོན་ལ་གནང་བའི་ཡིག་ཚང་གཡུ་ཡི་བུམ་པ་དེ་ནི་ཡབ་མེས་ནས་བརྒྱུད་པའི་ཆབ་སྲིད་ཀྱི་ཡིག་ཚང་གལ་ཆེན་ཞིག་ཡིན་ལ། སྲོང་བཙན་གྱི་སྐབས་དེར་ཞང་ཞུང་སུ་ཀེ་ར་རིང་སོགས་ཀྱིས་བོན་པོའི་ཆོས་ལུགས་ལ་ཁ་གཡར་ཏེ་ཡང་བསྐྱར་ཞང་བོད་དབར་ཆབ་སྲིད་རྙོག་གྲ་བསླངས་པའི་ལོ་རྒྱུས་དོན་རྐྱེན་མཆོན་པའི་ཡིག་ཚང་ཞིག་ཀྱང་ཡིན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》དུ་ཡིག་ཚང་གཡུ་ཡི་བུམ་པ་དེ་ནི་བན་བོན་ཆོས་ལུགས་དབར་གྱི་འགལ་བ་སེལ་ཕྱིར་ཆེད་དུ་གནང་བ་ལྟ་བུ་ཞིག་ཏུ་བཤད་ཡོད་མོད། དོན་གྱིས་སྐབས་དེར་ཞང་བོད་གཉིས་ཀྱི་ཆབ་སྲིད་ཀྱི་གནས་བབས་ནི་དེ་འདྲའི་ཞི་འཇགས་ཤིག་མིན་པ་ལོ་རྒྱུས་ཆོས་འབྱུང་ཁག་ལས་ཤེས་ཐུབ་པས། ཡིག་ཚང་གཡུ་ཡི་བུམ་པ་དེ་ནི་བོད་བཙན་པོའི་མངའ་འོག་ཏུ་ཚུད་མ་ཐག་པའི་ཞང་ཞུང་རྒྱལ་ཕྲན་ལ་ཆེས་དམིགས་བསལ་གྱིས་གནང་བའི་ཆབ་སྲིད་ཀྱི་ཡིག་ཚང་ཞིག་ཡིན་པ་མ་ཟད། ཞང་བོད་གཅིག་གྱུར་གྱི་རྨང་གཞི་འདིང་བྱེད་གཙོ་བོའང་ཡིན་པར་སྙམ། རྒྱུ་མཚན་ནི་གཅིག་ནས་སྐབས་དེར་ནང་ཆོས་ཏོག་ཙམ་བོད་དུ་དར་ཡོད་ནའང་། ཆེད་དུ་བོན་ཕྱོགས་ལ་ངོ་རྒོལ་བྱེད་ཐུབ་པའི་སྟོབས་ཤུགས་ཤིག་ཆགས་མེད་པ་དང་། གཉིས་ནས་བཙན་པོ་སྲོང་བཙན་དུས་སུ་བན་བོན་འཐབ་རྩོད་བྱུང་ཟེར་བའི་ཡིག་ཆ་ཉུང་ལ། ཡོད་ཀྱང་དེ་ནི་ཕྱིས་ཀྱི་ཆོས་འབྱུང་མང་ཆེ་བའི་དགོངས་དོན་ལྟར་ཡར་སྦྱར་ནས་བྲིས་པ་ཞིག་ཡིན་པ། འགའ་རེས་སྲོང་བཙན་སྐབས་སུ་《སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་》སོགས་ཆོས་གཞུང་མང་པོ་བོད་དུ་བསྒྱུར་བར་བཤད་ཀྱང་། དོན་གྱིས་སྐབས་དེར་གཞན་གྱི་རིག་གཞུང་ནང་འདྲེན་ཐུབ་པའི་བོད་ཡིག་འཐུས་ཚང་ཅན་ཞིག་མིན་ཁར། རྒྱ་གར་དང་བོད་གཉིས་དབར་ཚད་ངེས་ཅན་གྱི་རིག་གཞུང་གི་འབྲེལ་བ་ཆགས་མེད་པའང་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ བྲག་བརྐོས་ཡི་གེ་སོགས་ལ་དཔྱད་ན་ཤེས་ནུས་པ་དང་། གསུམ་ནས་བོན་གྱི་རིག་གནས་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་སོགས་ཀྱིས་ཀྱང་བོད་ཀྱི་ལོ་རྒྱུས་སྟེང་བོན་ལ་བསྟན་བསྣུབས་ཐེངས་གཅིག་མ་གཏོགས་བྱུང་མེད་པར་བཞེས་པ་སོགས་ཀྱིས་ཡིན། མདོར་ན་སྐབས་དེར་བཙན་པོས་ཞང་ཞུང་བཟའ་ལིག་ཏིག་མན་བཙུན་མོར་བསུས་ཏེ། ཞང་བོད་དབར་གཉེན་གྱི་འབྲེལ་བ་བཙུགས་པ་དང་། ཡིག་ཚང་གཡུ་ཡི་བུམ་པ་ཞང་ཞུང་ལ་གནང་སྟེ། ཞང་བོད་དབར་གྱི་རྙོག་གྲ་སེལ་ཐབས་བྱས་པར་སྙམ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྟོད་ཀྱི་ཆར་བོན་ལ་ཡིག་ཚང་གཡུ་ཡི་བུམ་པ་གཉིས་པ་གནང་བར་བརྗོད་ཡོད། ཡིག་ཚང་འདི་ལས། “དང་པོ......རྒྱལ་པོས་བོན་ལ་ཆེ་བའི་ཡིག་ཚང་གནང་པ་ནི། དབུའི་ཆས་སུ་དབུ་སྐྲ་རྩེ་རྒྱལ་དང་།  དར་དཀར་བ་ཏིའི་འགྱིང་ཐོད་དང་། གཡག་ཞུ་སྔོན་མོ་དང་སྟག་ཞུ་ཁྲ་བོ་ལ། རྒོད་ཀྱི་ལྡེམ་ཕོད་དང་། གཡུ་ཡི་བྱ་རུ་བཙུགས་པ་གནང་། ཕྱག་མཚན་གཡུའི་ཕྱག་ཤིང་གཡུང་དྲུང་གནང་། གཉིས་པ་གཡས་གྲལ་དང་པོ་གནང་། གསུམ་པ་ལྷ་རིགས་གཤེན་གྱི་གདུང་རྒྱུད་ལ། སྣ་གཉེར་བྱས་ན་སྣ་ཡང་བཅད་”⒆ཅེས་བོན་ལ་གཡུའི་ཕྱག་ཤིང་སྟེང་དུ་བྲིས་པའི་གཡུང་དྲུང་བཀའ་ཚན་པ་གསུམ་དུ་བགོས་ནས་གནང་ཚུལ་བསྟན་ཡོད། དེ་ནི་སྔོན་གྱི་ཡིག་ཚང་གཡུ་ཡི་བུམ་པའི་རྨང་གཞིའི་སྟེང་བྱུང་བ་ཞིག་ཡིན་ཏེ། གཡུ་ཡི་བྱ་རུ་བཙུགས་པའི་རྟགས་དེ་ནི་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དུ་འབོད་པའི་སྐབས་ཀྱི་ཞང་ཞུང་རྒྱལ་པོའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། ཕྱིས་རིམ་བཞིན་གཡུང་དྲུང་བོན་གྱི་ཆ་ལུགས་སུ་གྱུར་ནས། བོན་པོ་བྱ་རུ་ཅན་ལ་སོགས་ཀྱི་འབྲི་རྒྱུན་མང་པོ་བྱུང་ཡོད། རྒོད་ཀྱི་སྒྲོ་འཛུགས་པའི་སྲོལ་དེ་ནི་《ཐང་ཡིག་གསར་རྙིང་》དུ། “སྐུ་གཤེན་རྣམས་ཀྱིས་སྒྲོ་བཙུགས་པའི་ཞྭ་མོ་གྱོན་ཞིང་། སྟག་ལྤགས་ཀྱི་སྐེད་རགས་འཆིངས་”⒇ཞེས་བྱུང་བ་ལྟར་ཡིན་པས། དེ་ནི་ཆབ་སྲིད་ཀྱི་གོ་ཐོབ་ཞིག་ཡིན་པར་འདོད། ད་དུང་ཡིག་ཚང་འདི་ལས། “རྒྱལ་པོའི་སྐུ་འཚོ་བའི་སྐུ་གཤེན་དུ་མཚན་གསོལ་ལོ།  བློན་གྱི་གྲོས་གསོལ་བའི་གཤེན་བློན་དུ་མཚན་གསོལ་ལོ། རྒྱལ་པོའི་གདུང་རབས་མཁྱེན་ཅིང་བཀའ་ཟླ་བྱེད་པས། གཤེན་རྒྱལ་དུ་མཚན་ཡང་གསོལ། རྒྱལ་པོས་ཆེ་ཐབས་བོན་ལ་གནང་བས།  ཆེ་རྒྱལ་བྱ་བར་མཚན་ཡང་གསོལ། ཁམས་གསུམ་སྲིད་གསུམ་གྲོལ་ཕུགས་ཤེས་པས། ཕ་ཇོ་རྒྱུ་མཚན་ཡང་གསོལ་ལོ། བསྟན་པ་རྒྱུད་སྤེལ་ཞིང་བོན་གྱི་རྒྱལ་ཁམས་དཀར་པོར་བསྒྱུར་བས། སྟོན་པ་ཉིད་དུ་མཚན་གསོལ། རྒྱལ་པོའི་བླ་ན་བོན་པོ་ཆེ་བས། བླ་ཆེན་དུ་མཚན་ཡང་གསོལ། འབངས་ཀྱི་ཆབ་སྲིད་སྐྱོང་ཞིང་དམངས་ཀྱི་བུ་གསོ་བས། ཕ་བ་རུ་མཚན་གསོལ་ལོ། གཤེན་ཁྲིམས་ཚད་མར་བསྲུངས་ཤིང་སྐུ་བཙུན་པས། གཤེན་བཙུན་ཉིད་དུ་མཚན་གསོལ་ལོ།  དར་རྒུད་སྐྱེ་འཆི་ཕྱུག་དབུལ་མཁྱེན་པས་ཡེ་མཁྱེན་ནོ། རྗེ་ཡི་ཕྱག་ན་བཟུང་པའི་ལེའུ་འོ་”﹙21﹚ཞེས་བྱུང་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྟོད་དུ་བོན་ཕྱོགས་ལ་གནང་བའི་ཡིག་ཚང་གཡུ་ཡི་བུམ་པ་ཡི་ནང་དོན་གཙོ་ཆེ་ཤོས་ཡིན། སྐབས་དེར་བོན་ལ་གཡུའི་ཡིག་ཚང་གནང་བའི་རྗེས་སུ་བོད་ཀྱི་ལོ་རྒྱུས་ཁྲོད་བོན་གྱི་གོ་གནས་ཇེ་མཐོར་སོང་བ་ཤེས་སླ་སྟེ། སྟོད་དུ་རྒྱལ་གཤེན་འཚོ་བའི་སྐུ་གཤེན་བཅུ། བར་དུ་བློན་གྱི་གྲོས་གསོ་བའི་གཤེན་པོ་བཅུ་གཅིག འོག་ཏུ་ཆབ་སྲིད་སྐྱོང་བའི་གཤེན་པོ་བཅུ་ལ་སོགས་པས་མཚོན། ཡིག་ཚང་གཡུ་ཡི་བུམ་པ་དེ་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ཀྱི་དུས་སུ་བན་བོན་འཐབ་རྩོད་བྱེད་དུས་ཀྱང་བོན་གྱི་སྲིད་དབང་སྲུང་བའི་རྒྱབ་རྟེན་གཙོ་བོ་ཞིག་ཡིན་པར་འདོད། དེས་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་ཁྲི་རལ་པ་ཅན་སོགས་ཀྱི་སྐུ་དུས་སུ་བན་བོན་འཐབ་རྩོད་ཀྱི་ནང་འཁྲུག་ཡ་ང་བ་ཞིག་བྱུང་ཡོད་པ་དེ་ཡང་གཙོ་བོ་བན་བོན་གྲུབ་མཐའི་རྩོད་པ་ཁོ་ན་མིན་པམ ཆོས་ལུགས་ལ་ཁ་གཡར་ཏེ་སྲིད་དབང་འཕྲོག་རྩོད་བྱས་པ་ཞིག་ཡིན་པ་ཤེས་མོད། ཕྱིས་ཀྱི་གྲུབ་མཐའ་སྨྲ་བ་མང་པོས་བན་བོན་ཆོས་ལུགས་གྲུབ་མཐའི་རྩོད་པ་ཞེས་ཡར་སྦྱར་ནས་བྲིས་པ་མང་། དེ་དག་གི་ཚབ་མཚོན་བན་བོན་འཐབ་རྩོད་སྐོར་གྱི་ཡིག་ཚང་གྲགས་ཅན་《རྦ་བཞེད་》ལྟ་བུ་ནི་གྲུབ་མཐའི་དབང་དུ་སོང་དྲགས་པའི་རྐྱེན་གྱིས་དེའི་ནང་བན་བོན་སྲིད་དབང་འཕྲོག་རྩོད་ཀྱི་ལོ་རྒྱུས་མཐོང་དཀོན་པ་དང་། ཁྱད་པར་དུ་བོན་གྱི་ཡིག་ཚང་གཡུ་ཡི་བུམ་པའི་སྐོར་མཐོང་དཀོན་པས། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ནི་ནང་དོན་སྣ་འདུས་ཀྱི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་མེད་དུ་མི་རུང་བའི་ཡིག་ཚང་གལ་ཆེན་ཞིག་ཡིན་པར་ཁོ་བོས་འདོད།
བཞི་པ། ཡིག་ཚང་འདི་སུ་ཡིས་མཛད་པའི་སྐོར་གྱི་དོགས་དཔྱོད།
          ད་ལྟའི་བར་དུ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ལ་དཔར་གཞི་མི་འདྲ་བ་ཁག་ལྔ་ཙམ་ཡོད་ཅིང་། དེ་དག་གི་ཐོག་མའི་ཁུངས་བཅོལ་ས་ནི་ཡིག་ཚང་གཅིག་ཡིན་པར་སྙམ་མོད། ལོ་རྒྱུས་ཀྱི་ཆགས་འཇིག་དབང་གིས་ཡིག་ཚང་ཕྱི་མོ་ཞིག་མཐོང་ཡུལ་དུ་མ་གྱུར། དཔར་གཞི་དེ་དག་ཕན་ཚུན་ཞིབ་པར་བསྡུར་ན། ཡིག་ཚང་འདིའི་མཛད་པ་པོའི་ཐད་དོགས་པ་མི་སྐྱེ་རང་སྐྱེ་ཡིན་ཏེ། ཡིག་ཚང་ལ་ལར་དྲན་པ་ནམ་མཁས་བརྩམས་ཞེས་པ་དང་། ལ་ལར་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཞེས་ཞེས་དང་། ཡིག་ཚང་ལ་ལར་དྲན་པ་ནམ་མཁའ་སོགས་ཀྱིས་བརྩམས་ཞེས་པ། ལ་ལར་སྲིད་པ་བུས་ཞེས་པ་སོགས། མིག་སྔར་དུས་རབས་ནམ་ཞིག་ལ་མཁས་པ་སུ་ཞིག་གིས་བརྩམས་སྐོར་ཐག་གཅོད་མ་ཐུབ་པར་ལུས་ཡོད། དེ་ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》དུ། “ལྔ་བརྒྱ་དྲན་པའི་བླ་ཆེན་ཁོད་སྤུངས་ཀྱི། བོད་ཡུལ་ཁམས་སུ་བཀོད་པ་མཐའ་དག་མཛད། གདུལ་བྱ་ཐབས་ཀྱིས་འགྲོ་བ་བདེ་ལ་བཀོད། སྲིད་པ་བུ་ང་བཀའ་ཡིས་ལྡེ་མིག་མཛད། ལྟ་བ་སྒྲོ་འདོགས་གཅོད་མཁས་ཕུལ་དུ་ཕྱིན། འཇིག་རྟེན་སྒྱུ་མར་གཟིགས་ནས་བསྟན་པ་རྗེས་སུ་བཞག་” ﹙22﹚ཅེས་པ་དང། ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཞེས་བྱ་བ་དབུ་ཡི་གཟིགས་ཕྱོགས་》ལག་བྲིས་མ་རུ། “བོན་སྒོ་གང་ལས་མ་འགག་ཐེག་ཆེན་སྟོན། ། སྲིད་པ་བུ་བཞི་བཀའ་ཡི་གཏེར་སྒོ་འབྱེད། །དེ་འདྲ་གྲངས་མེད་ལུང་སྟོན་ཡོད་འགྱུར་ཡང་། ། གང་ཟག་ཕལ་གྱིས་མི་ལུས་མཉམ་པོར་མཐོང་། །” ﹙23﹚ཞེས་བྱུང་བའི་སྲིད་པ་ཞེས་པ་ནི་བོན་གྱི་རིག་གནས་ཁྲོད་དུ་ཡ་ཐོག་གི་གདུང་རྒྱུད་ཅིག་ཡིན་ཏེ། བོན་གཞུང་གཞན་དུ་སྲིད་པའི་ཡབ་མེས་ལ་སྲིད་རྗེ་འབྲང་དཀར་བྱ་བ་དང་། ལྷ་ས་གང་གྲག་དང་བཤོས་པའི་སྲས་སྲིད་པ་ཕོ་མོ་སུམ་ཅུ་རྩ་དྲུག་སོགས་ཡོད་པར་བཤད་ལ། ད་དུང་《བོན་གཞུང་སྲིད་པའི་མཛོད་ཕུགས་》དང་། 《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྲིད་པའི་ཁམས་》《སྲིད་པ་ཀ་བ་ནག་པོ་ཡིས་རྒྱུད་སྡེ་ཉི་ཤུ་རྩ་གཅིག་》《སྲིད་པའི་འབུམ་དགུ་རྗོགས་བཅུ་》《སྲིད་པ་སྤྱི་མདོས་》《སྲིད་པ་སྤྱི་འབྲེལ་ཆེན་མོའི་རྒྱུད་སྡེ་》ཞེས་པ་སོགས་སྲིད་པ་དང་འབྲེལ་བའི་བརྩམས་ཆོས་ཀྱང་མང་པོ་བྱུང་ཡོད་པས། དེ་དག་ལ་གཞིགས་ན། སྲིད་པ་བུ་ཞེས་པ་དེས་སམ་ཡང་ན་སྲིད་པའི་གདུང་རྒྱུད་ཅིག་གིས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》བརྩམས་པ་མིན་ནམ་སྙམ་པའི་དོགས་གཞི་ལྷག་ཏུ་ཆེ། དེ་མིན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདིའི་ལེའུ་བརྒྱད་པའི་མཇུག་ཏུ་རྫོགས་པའི་རྟགས་སུ་བཞི་ཤད་བཀོད་ཡོད་ལ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཞེས་བྱ་བ་དབུ་ཡི་གཟིགས་ཕྱོགས་》ཞེས་པའི་ནང་དུའང་། “འཇིག་རྟེན་ཁམས་ཀྱི་བན་བོན་རྣམས། ། ངད་པའི་མཁས་པ་མེད་བསམ་ན། ། ཁྱེད་རྣམས་གོང་དུ་མཁས་པ་དེ། ། བོན་གྱི་སྟོང་རྒྱུད་མཐུ་ཆེན་དང་། ། ཆོས་ཀྱི་པད་མ་འབྱུང་གནས་ཡོད། ། སྲིད་པ་རྒྱུད་ཀྱི་ཁ་བྱང་འདི། ། མཁས་པ་དེ་རྣམས་བསྡེབས་པ་ཡིག ། ། །”ཞེས་བཞི་ཤད་བཞག་སྟེ་གཞུང་དངོས་རྫོགས་པའི་ཚུལ་བསྟན་ཡོད། མཇུག་རྫོགས་པའི་རྟགས་ལ་བཞི་ཤད་འཇོག་པའི་སྲོལ་འདི་ནི་ཏུན་ཧོང་ཡིག་རྙིང་གི་ནང་དུའང་མང་དུ་མཐོང་རྒྱུ་ཡོད། འོན་ཀྱང་གོང་ཞུས་བཞི་བཤད་བཀོད་པའི་མུ་དེ་མ་ཉིད་དུ། “ཐོས་ཆུང་ཐིག་སྒོ་ཡི་འཛིན་ཅན། ། ངེད་པས་གོ་འཁྲིག་ཆེ་མེད་སྙམས། ། ཁྱེད་བས་བློ་རྒྱ་ཆེ་བ་དེ། ། ཁོད་སྤུངས་དྲན་པ་ནམ་མཁའ་དང་། ། ཨིན་དྲ་བོ་ས་ཏྭ་ཡོད། ། སྲིད་པ་རྒྱུད་ཀྱི་རྣམ་ཐར་འདི། ། མཁས་པ་ཆེན་པོས་སྡེབས་པ་ཡིན། ། མ་གཏོགས་ཤེས་འདོད་ཐེ་ཚོམ་ཅན། ། ང་བས་ཤེས་འདོད་མེད་སྙམ་ན། ། ཁྱེད་བས་ཤེས་རབ་དང་ཆེ་དེ། ། ཚེ་དཔུངས་བླ་བ་རྒྱལ་མཚན་དང་། ། ཧྲི་མ་བེ་རོ་ཙ་ན་ཡོད། ། སྲིད་པ་རྒྱུད་ཀྱི་བསྒྲགས་བྱང་འདི། ། མཁས་པ་དེ་རྣམས་ཞུས་པ་ཡིན། ། དེ་བས་ཁྱད་པར་གཞན་དཔག་པའི་བོན། ། འདི་ལ་ཡིད་གཉིས་ཐེ་ཚོམ་སྤོངས། ། རྒྱལ་ཁམས་ཕྱོགས་མེད་ཀུན་ཏུ་སྒྲོག ། དུས་མཐའ་བོན་གྱི་ཉི་མ་ཤར། ། དྲན་པ་ནམ་མཁའི་ཞལ་ནས་གསུངས། །” ﹙24﹚ཞེས་དྲན་པ་ནམ་མཁས་གསུངས་པ་ལས་བརྩམས་པ་མིན་ཚུལ་དངོས་སུ་བསྟན་པ་མ་ཟད། ད་དུང་དེའི་ནང་དུ་ཆོས་ཀྱི་པད་མ་འབྱུང་གནས་ཞེས་དང་། ཨིན་དྲ་བོ་ས་ཏྭ་ཞེས་པ་ལ་སོགས་པའི་མཚན་ཐོན་ཡོད་པས། དེ་དག་ལ་གཞིགས་ན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལ་བན་བོན་གང་རུང་གི་མཁས་པ་མང་པོས་བཟོ་བཅོས་ཁ་སྣོན་མཛད་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ། ཡིན་ནའང་དེ་སྔ་དཔེ་བསྡུར་བྱས་ནས་དཔར་སྐྲུན་ཟིན་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》དང་ཅང་ཧོའོ་གློག་རྡུལ་ཁང་ནས་དཔར་སྐྲུན་བྱས་པ་དེ་དག་གི་ནང་ན་སློབ་དཔོན་པད་འབྱུང་དང་ཨིན་དྲ་བོ་ས་ཏྭ་སོགས་ཀྱི་མཚན་བཀོད་མེད་པ་ནི་ཡིག་ཚང་དངོས་ཀྱི་རིན་ཐང་ལ་བརྩི་བཀུར་མ་བྱས་པ་ལོས་ཡིན། ཡང་སྐོར་ཞིག་གིས་གོང་གི་ལུང་ཚིག་“སྲིད་པ་རྒྱུད་ཀྱི་བསྒྲགས་བྱང་”ཞེས་པ་དེ་གཞིར་བཟུང་སྟེ། ད་དུང་《སྲིད་པ་རྒྱུད་ཀྱི་བསྒྲགས་བྱང་》ཞེས་པ་ཞིག་ཀྱང་ཡོད་པར་འདོད་པ་ནི་བྱུང་རྒྱལ་དུ་སྨྲས་པ་ཞིག་མིན་ཏེ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》དང་《སྲིད་པ་རྒྱུད་ཀྱི་བསྒྲགས་བྱང་》གཉིས་གཞུང་གཅིག་མིན་ཚུལ་ཡིག་ཚང་འདི་ལས། “ཡང་ཟླ་བ་རྒྱལ་མཚན་གྱི་རྣམ་སྤྲུལ། དཔྲ་རིགས་གྱེར་ཐོག་མེད་﹙25﹚བྱ་བ་ཡིས། སྦར་བྲག་དཀར་གྱི་གཏེར་སྒོ་འབྱེད་དེ། དེ་ཡི་ནང་ནས་བོན་གྱི་རྩིས་བྱང་སྟོན་པ་ནི། ཤེས་རབ་རྫོགས་པ་གསང་པའི་འབུམ་དང་། ཁམས་གསུམ་འཁོར་བ་དོང་སྤྲུགས་ཀྱི་མདོ་དང་། ......སྲིད་པ་རྒྱུད་ཀྱི་བསྒྲག་བྱང་ཆེན་མོ་དང་། རིག་འཛིན་མཁའ་འགྲོ་བརྒྱད་ཅུའི་མཚན་ཕག་དྲང་དོན་དང་། ......དེ་རྣམས་ལ་ཁོད་སྤུངས་བདག་གིས་ཁ་བྱང་བྲིས་ནས་འདུག་” ﹙26﹚ཅེས་དང་། “དེའི་ཆ་ལག་རྣམས་སྟ་གཉན་ཕ་བོང་བོན་མོ་ལ་ཡོད་དེ། དེའི་ནང་ནས་བོན་གྱི་རྩིས་བྱང་སྟོན་པ་ནི། སྲིད་པ་རྒྱུད་ཀྱི་རྣམ་ཐར་ཁ་བྱང་དང་། རིག་འཛིན་མཁའ་འགྲོ་ཡི་ཕོ་སྦྱོང་མོ་སྦྱོང་དང་། ......གནན་པ་ཉི་ཤུ་རྩ་གཅིག་དང་། དེ་རྣམས་ཀུན་ལ་ཁོ་བོ་ཡིས་ཁ་བྱང་བྲིས་ནས་ཡོད་” ﹙27﹚ཅེས་གཏེར་སྟོན་པ་ཁོད་པོ་བློ་གྲོས་ཐོགས་མེད་ཁོང་ཚང་གི་མཚན་དངོས་སུ་ཐོན་ཡོད་པ་མ་ཟད། 《སྲིད་པ་རྒྱུད་ཀྱི་བསྒྲག་བྱང་ཆེན་མོ་》ཞེས་དཔེ་ཆའི་མིང་ཡང་ཐོན་ཡོད་པས། ཡིག་ཚང་དེ་གཉིས་ནི་གཏེར་མ་མི་འདྲ་བ་གཉིས་ཡིན་པ་བདེན་པར་འདོད། དེ་བཞིན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལེའུ་བཅུ་གཉིས་པའི་ནང་དུ། “དེའི་སྒོ་དབྱེའི་རྣམ་ཐར་ཅུང་ཞིག་བཤད། དབྲ་ཡི་སྤྲང་པོ་གཏད་མེད་འཆལ་པོ་བདག སྔོན་སྦྱངས་ལས་འཕྲོ་རྣོན་པོའི་འཕེན་ཤུགས་ཀྱིས། སེམས་སྐྱེད་སྨོན་ལམ་བཟང་པོས་ལས་འཕྲོ་པ། ...... ” ﹙28﹚ཞེས་བྱུང་བའི་དབྲ་ཡི་སྤྲང་པོ་གཏད་མེད་འཆལ་པོ་བདག་ཅེས་པ་ནི་དཔྲ་རིགས་པ་གྱེར་ཐོག་མེད་དམ་གཏེར་སྟོན་པ་ཁོད་པོ་བློ་གྲོས་ཐོགས་མེད་ཡིན་པ་དང་། དེ་བཞིན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལེའུ་བར་མའི་སྐབས་སུ། “དེ་ནས་མཐའ་མར་སྒོ་དབྱེ་དངོས་གྲུབ་བརྙེན་པའི་ཚིག་ནི། སྔོན་གྱི་རིག་འཛིན་སྨོན་ལམ་དང་། བོན་རྣམས་དར་བའི་དུས་ལ་བབ་སྟེ། གྲུབ་ཐོབ་སྐྱེས་བུ་འགའ་ཞིག་གིས། སྔར་གྱི་སྦས་པའི་གཏེར་སྒོ་འབྱེད། བདག་འདྲ་བློ་གྲོས་ཐོགས་མེད་ལ། རིག་འཛིན་མཁའ་འགྲོས་ལུང་བསྟན་ནས། གྲུབ་གནས་གསང་ཕུག་ཐམས་ཅད་དུ། རིག་འཛིན་རྣམས་ཀྱིས་དབང་བཞི་བསྐུར། མཁའ་འགྲོ་རྣམས་ཀྱིས་དངོས་གྲུབ་གནང་། དེ་ཡང་དང་པོ་ཡི་རྣམ་ཐར་བྱུང་ལུགས་ནི། དབྲ་ནག་གདུང་རྒྱུད་ཡབ་ནི་ཨ་རྩེའི་མཚན། ཡུམ་ནི་སྒ་ཟ་ཨ་མཚོ་བྱ་བ་ཡིན། སྤུན་གསུམ་ཡོད་པའི་བདག་ནི་ཆུང་ཤོས་ཏེ། ལོ་ཉི་ཤུ་རྩ་གཉིས་བར་དུ་གསང་སྦས་ཤེས་བྱའི་ཚུལ་” ﹙29﹚ཞེས་སྔར་བཞིན་གཏེར་སྟོན་པ་ཁོད་པོ་བློ་གྲོས་ཐོགས་མེད་རང་ཉིད་ཀྱི་མཚན་བྱུང་བ་མ་ཟད། ཁོང་ཚང་གི་ཡབ་ཡུམ་གྱི་མཚན་ལ་སོགས་པ་ཡང་གསལ་པོར་བཀོད་ཡོད། འདི་ཉིད་བོན་གྱི་མཁས་པ་དག་གིས་དྲན་པ་ནམ་མཁའ་སོགས་ཀྱིས་མ་འོངས་ལུང་བསྟན་གྱི་ཚུལ་དུ་གསུངས་པར་བཞེས་ནའང་། “བདག་འདྲ་བློ་གྲོས་ཐོགས་མེད་”ཅེས་པའི་བདག་སྒྲ་དེ་འདྲ་འབྱུང་མི་སྲིད། དེ་བས་དེའི་ཐོག་ནས་ཁོད་པོ་བློ་གྲོས་ཐོགས་མེད་སོགས་ཀྱིས་གོང་གི་ཡིག་ཚང་དེ་གཉིས་ལ་ཁ་གསབ་མཛད་པར་མངོན་ལ། ཁོང་གིས་ད་དུང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ཕྱིས་སུ་གཏེར་ནས་འདོན་ཚུལ་དང་། དེ་དང་མཉམ་དུ་བོན་གྱི་གཏེར་སྟོན་པ་དག་གི་ལོ་རྒྱུས་ཞིབ་བརྗོད་དང་བོན་གཏེར་གྱི་སྒོ་འབྱེད་ཚུལ་སོགས་བརྗོད་ནས། མཐར་ཁོང་གི་ལོ་རྒྱུས་བར་དུ་གཏུགས་ཡོད་པས། ལེའུ་བརྒྱད་པའི་རྗེས་ཀྱི་ལེའུ་དེ་དག་ནི་ཁོད་པོ་བློ་གྲོས་ཐོགས་མེད་སོགས་ཀྱིས་ཁ་གསབ་ཀྱི་ཚུལ་དུ་བཅུག་པར་མངོན། གཞན་ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལེའུ་དགུ་པའི་འགོར། “བླ་ཆེན་པོ་དྲན་པ་ནམ་མཁའ་ལ། ས་ཐོབ་ཀྱི་རིག་འཛིན་སེམས་དཔའ་ཞང་ཟླ་བ་རྒྱལ་མཚན་གྱིས་ཞུས་པའི་མདོ་” ﹙30﹚ཞེས་ཞང་ཟླ་བ་རྒྱལ་མཚན་གྱིས་དྲན་པ་ནམ་མཁའ་ལ་མ་འོངས་བོན་གྱི་བསྟན་པའི་གནས་བབས་སྐོར་ཞུས་པའི་མདོ་ཞིག་བྱུང་ཡོད་ཚུལ་བསྟན་ཅིང་། དེའི་ནང་དུ་བོན་གྱི་གཏེར་སྟོན་པ་དང་བླ་ཆེན་བརྒྱ་དང་བཅུ་བདུན་གྱི་སྤྲུལ་རྒྱུན་མཚན་ཐོ་བཀོད་འདུག གཞན་ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་བོན་གྱི་རྩིས་བྱང་བསྟན་པའི་ལེའུ་བཅུ་པ་དེ་ཡང་དྲན་པ་ནམ་མཁའ་ལ་གཅོ་བོན་མོ་ཡིས་མ་འོངས་བོན་གྱི་གཏེར་མའི་རྩིས་བྱང་ཇི་ལྟར་གཏན་ལ་འབེབས་པའི་སྐོར་ཞུས་པའི་ནང་དོན་ཡིན་པས། ལེའུ་དེ་གཉིས་ནི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལེའུ་གཞན་དག་དང་ཅུང་མི་འདྲ་བ་ཡིན་ཏེ། མ་འོངས་པའི་གཏེར་སྟོན་དང་སྤྲུལ་རྒྱུན་དག་གི་མཛད་པ་འཕྲིན་ལས་སོགས་བྲིས་ཡོད་པ་མ་ཟད། དེ་དག་སོ་སོའི་གདོང་རིས་བྱ་བྱད་ལ་སོགས་པ་ཡང་ཞིབ་ཅིང་ཕྲ་བར་བཀོད་ཡོད་པ་དང་། ཐ་ན་ས་སྐྱ་མཁོན་གྱི་གདུང་རྒྱུད་ལས་ས་སྐྱ་ཀུན་དགའ་བཟང་པོ་བྱུང་བ་སོགས་ཀྱི་བཀའ་ཐང་བསྡུས་པའི་ནང་གི་ལུང་རྒྱུན་ཕར་བསྒྱུར་བ་ལྟ་བུའི་ཚིག་ཀྱང་བྱུང་ཡོད། དེར་བརྟེན། ལེའུ་བརྒྱད་པའི་རྗེས་ཀྱི་ལེའུ་དེ་དག་ནི་ཕྱིས་སུ་བན་བོན་གྱི་གཏེར་སྟོན་པ་དང་མཁས་པ་དག་གིས་བླ་ཆེན་དྲན་པ་ནམ་མཁའ་དང་རང་རང་གི་གཏེར་སྟོན་བླ་མ་དག་ལ་ཆེ་བ་བརྗོད་ཆེད་བན་བོན་གང་རུང་གི་གཏེར་མའི་དཔེ་བསྡུར་ནས་ཁ་གསབ་ཀྱི་ཚུལ་དུ་བཅུག་པའི་རྟགས་མངོན་གསལ་དོད་པོ་ཡོད། དེ་མིན་ལེའུ་ཕྱི་མ་དེ་དག་གི་ནང་དུ་བརྡ་རྙིང་པའི་ཐ་སྙད་ཀྱང་རེ་གཉིས་མ་གཏོགས་མཐོང་རྒྱུ་མེད་ཅིང་། བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བརྗོད་སྐབས་བཙན་པོ་ཁག་གཅིག་གི་བློན་པོའི་མིང་བོད་ཀྱི་ལོ་རྒྱུས་དངོས་སམ་ཡོངས་གྲགས་ལྟར་བཀོད་མེད་པ་དཔེར་ན།  “སྲས་འདུས་སྲོང་མངའ་བོ་རྗེ། བློན་པོ་ཐོན་མི་བསམ་པོ་ལགས་” ﹙31﹚ཞེས་དང་། “རླུང་ནམ་འཕྲུལ་གྱི་རྒྱལ་པོའི་རིང་ལ། བློན་པོ་ཁྱུང་པོ་ཕུ་ཏེ་ཟུ་ཟེ་ལགས་” ﹙32﹚ཞེས་པ། “མེས་ཨག་ཚོམ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ། བློན་པོ་མགར་སྟོང་བཙན་ཡུལ་སྲུང་དང་།......བཙན་པ་བྲོད་པ་བཞི་ཡིས་བྱ་” ﹙33﹚ཞེས་སོགས་བྱུང་བ་ལྟར་ཡིན། དེ་དག་ལ་བལྟས་ན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ལ་ལོ་རྒྱུས་ལ་རྨོངས་པ་འགས་ལག་བསྲིངས་པ་ཤིན་ཏུ་གསལ། ད་དུང་“བཙན་པོས་སྐུ་གཤེན་བསྟེན་ལུགས་བརྗོད་དུས་རྒྱལ་རབས་སོ་ལྔར་བཙན་པོའི་སྐུ་བོན་གྱིས་བསྲུངས་པ་དང་། རྒྱལ་རབས་སོ་གསུམ་དུ་བསྲུངས་པ། རྒྱལ་རབས་སུམ་ཅུ་རྩ་དྲུག་ལ་བསྲུངས་པ་” ﹙34﹚ཞེས་སོགས་དཔེ་ཆ་གཅིག་གི་མགོ་མཇུག་བར་གསུམ་དུ་འདི་འདྲའི་འགལ་བ་བྱུང་ཡོད་པས། དེས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་གཞུང་ཆ་ཚང་མཁས་པ་གཅིག་གི་ལུགས་མིན་པ་གསལ་པོ་ཡིན། གཞན་ཡིག་ཚང་འདིའི་ནང་དུ་བྱུང་བའི་དར་མ་སྤྲེལ་མགོ་ལྟ་བུ་ནི་ནང་པའི་རྗེས་འཇུག་པ་མང་པོས་ཕྱིས་སུ་འུ་དུམ་བཙན་པོར་ངན་དམོད་བྱས་པའི་མིང་ཡིན་ལ། གསེར་གྱི་རི་བདུན། རོལ་བའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད། ཝ་ར་ན་སི། བྱ་རྒོད་ཕུང་རི་ལ་སོགས་པའི་ཡུལ་བསྟན་པ་དེ་དག་ནི་ནང་པའི་གཞུང་གི་འཇིག་རྟེན་ཆགས་ཚུལ་གྱི་བཤད་རྒྱུན་དང་གཅིག་མཚུངས་ཡིན་པ་མ་ཟད། “སྟོན་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ལོ་ཅུང་ཞིག་བར་དུ། རྒྱ་གར་ནས་བོན་སྒོ་བཞི་མཛོད་ལྔ་དང་། ཐེག་པ་རིམ་དགུའི་བོན་གཏན་ལ་ཕབ་སྟེ་” ﹙35﹚ཞེས་བྱུང་བ་སོགས་ནི་ནང་པའི་གཞུང་གི་བཀའ་བསྡུའི་སྐོར་ཐད་ཀར་བསྒྱུར་བར་སྙམ་པ་སོགས། མདོར་ན་གོང་ཞུས་དེ་དག་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དཔྱད་པ་བྱས་ན། ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་ཡིན་པའི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ནི་ཐོག་མར་སྲིད་པའི་གདུང་རྒྱུད་ཅིག་གིས་བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་གྱི་ཚུལ་དུ་བརྩམས་པ་དང་། ཕྱིས་གཞུང་ཕྱི་མོ་དེར་ཁོད་པོ་བློ་གྲོས་ཐོགས་མེད་སོགས་བན་བོན་གྱི་མཁས་པ་མང་པོས་བན་བོན་གྱི་ཆོས་དཔེ་མང་པོ་ཞིག་དང་། དེ་བཞིན་བླ་ཆེན་དྲན་པ་ནམ་མཁའ་ལ་ས་ཐོབ་རིག་འཛིན་སེམས་དཔའ་ཞང་ཟླ་བ་རྒྱལ་མཚན་གྱིས་ཞུས་པའི་མདོ་སོགས་གསབ་སྣོན་དང་དེ་མིན་གྱི་ནང་དོན་གཞན་ཡང་སྣོན་འཕྲི་སོགས་མཛད་པ་ལས་གྲུབ་པ་ཞིག་ཡིན་པར་ཁོ་བོས་འདོད།
ལྔ་པ། མཇུག་བསྡུའི་གཏམ།
          གོང་དུ་གླེང་བ་བཞིན་《སྲིད་པ་རྒྱུད་ཀྱི་ཁ་བྱང་》འདི་ནི་སྲིད་པའི་གདུང་རྒྱུད་ཅིག་གིས་བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་གྱི་ཚུལ་དུ་མཛད་པའི་ཡིག་ཚང་རྙིང་པ་ཞིག་ལ། ཕྱིས་སུ་གཏེར་སྟོན་ཁོད་པོ་བློ་གྲོས་ཐོགས་མེད་སོགས་བན་བོན་གྱི་མི་སྣ་མང་པོས་གསབ་སྣོན་ཞུ་དག་སོགས་བྱས་པ་ལས་གྲུབ་པ་ཞིག་ཡིན་སྙམ་མོད། ཁ་གསབ་བྱས་པ་ཙམ་གྱིས་ཡིག་ཚང་འདིའི་རིན་ཐང་དང་ལོ་རྒྱུས་དངོས་ཀྱི་བདེན་པའི་ཆ་ཡོད་ཚད་ཡོངས་སུ་འགྱུར་མེད་པ་ནི། འདིའི་ནང་གི་བརྡ་རྙིང་ཐ་སྙད་དང་། ལུང་ཁུངས་སོགས་གང་ལ་བལྟས་ཀྱང་ཏུན་ཧོང་ཡིག་རྙིང་དང་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་》《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》《ཟླ་བའི་རིགས་ཀྱི་རྒྱལ་རབས་》 《ཁུ་བྱུག་སྔོན་མོའི་གསུང་སྙན་》སོགས་ཁུངས་བཙུན་ལོ་རྒྱུས་དེབ་ཐེར་ནང་འཁོད་ཀྱི་མིང་ཚིག་ཐ་སྙད་དང་དེ་བཞིན་ལོ་རྒྱུས་ལྟ་ཚུལ་མང་པོ་ཞིག་ཐོད་གཏུགས་ཐུབ་པ་ལས་ངེས་ཤེས་རྙེད་ཐུབ། ཁྱད་པར་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས་བྱུང་བའི་ཡིག་ཚང་གཡུ་ཡི་བུམ་པའི་སྐོར་ནི་ཡིག་ཚང་གཞན་ནང་མཐོང་དཀོན་པ་ཞིག་ཡིན་པས། བཙན་པོའི་སྐབས་ཀྱི་བན་བོན་འཐབ་རྩོད་དང་ཞང་བོད་སྲིད་འགྱུར་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པར་སྙམ། དེ་དང་ཕྱོགས་མཚུངས་《སྲིད་པ་རྒྱུད་ཀྱི་ཁ་བྱང་》གི་ལེའུ་ཕྱི་མ་དག་གི་ནང་དུ་ཁོད་པོ་བློ་གྲོས་གྲོས་ཐོགས་མེད་སོགས་བན་བོན་གང་རུང་གི་མཁས་པས་ནང་དོན་མང་པོ་ཞིག་ཁ་སྣོན་མཛད་ཡོད་པ་ཡང་དངོས་ཤུགས་གང་ཐད་ནས་རྟོགས་ཐུབ་པར་སྙམ། དགེ་ཆོས་ཀྱིས།  “དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང་། ། བླུན་པོས་འོལ་ཚོད་སྨྲ་བའི་སྤོབས་པ་གཉིས། ། གང་ལ་མེད་པའི་ཉམ་ཆུམ་ང་འདྲ་དག ། ལྐོག་གྱུར་ཡུལ་ལ་དཔྱད་ཚུལ་འདི་ཙམ་ཉིད། །”ཅེས་གསུངས་པ་ཇི་བཞིན། གོང་དུ་བརྗོད་པ་རྣམས་རང་གི་རིག་པས་དཔོག་ཚོད་དང་བློ་ཡིས་གཞལ་ཚོད་ཙམ་ཡིན་པས་ན། དཔྱད་སྐྱོན་དང་མ་རྟོགས་ལོག་རྟོག་གི་ཆ་ཅི་རིགས་ཡོད་སྲིད་པས་དཔྱོད་ལྡན་པ་རྣམས་ཀྱིས་བཟོད་གསོལ་གནང་རོགས། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①③⑾⑿⒁⒄⒆﹙22﹚﹙26﹚﹙27﹚﹙28﹚﹙29﹚﹙30﹚﹙31﹚﹙32﹚﹙32﹚﹙33﹚﹙35﹚ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༣ལོར་ཐེངས་གཉིས་པ་དཔར། ཤ་༡༩༠ -༡༩༡ ༢༢༧ ༢༢༩ ༢༢༠-༢༢༥ ༣༢༥-༣༣༦ ༢༣༢ ༢༣༧ ༢༡༤ ༣༣༤-༣༣༦ ༣༣༦ ༣༤༩ -༣༥༠ ༣༤༣ ༣༠༩ ༢༣༢-༢༣༣ ༢༣༣ ༢༣༣ ༢༠༤-༢༠༥བཅས་སུ་གསལ།
          ②④⑤⑥ནུབ་བྱང་མི་རིགས་སློབ་ཆེན་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་། 《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། P. t1286 P. t1286 P. t1038 P. t1286བཅས་སུ་གསལ།
          ⑦ཏུན་ཧོང་ཡིག་རྙིང་དུ་ལྡེ་ཉག་ཁྲི་བཙན་པོ་དང་གནམ་མུག་མུག་བཤོས་པའི་སྲས་མུ་ཁྲི་བཙན་པོ། མི་ཁྲུ་བཙན་པོ་དང་ས་དིང་དིང་བཤོས་པའི་སྲས་དིང་ཁྲི་བཙན་པོ། དིང་ཁྲི་བཙན་པོ་དང་སོ་ཐམ་ཐམ་བཤོས་པའི་སྲས་སོ་ཁྲི་བཙན་པོ། སོ་ཁྲི་བཙན་པོའི་སྲས་དེ་ཁྲི་བཙན་པོ། དེ་ཁྲི་བཙན་པོའི་སྲས་ཁྲི་སྤེ་བཙན་པོ། ཁྲི་སྤེ་བཙན་པོའི་སྲས་དྲི་གུམ་བཙན་པོ་བཅས་ནི་གནམ་གྱི་ཁྲི་བདུན་དུ་འདོད།
          ⑧ གཉའ་ཀོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༡ལོར་དཔར། ཤ་༡༨༡ནས་༡༨༢བར་ན་གསལ།
          ⑨《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གེས་༢༠༠༥ལོར་དཔར། ཤ་༥རུ་གསལ།
          ⑩ ས་སྐྱ་དགེ་བསྙེན་གྲགས་པ་རྒྱལ་མཚན། 《རྒྱལ་རབས་》 དཔལ་ལྡན་ས་སྐྱའི་གསུང་རབས་པོད་དང་པོ།(ཆོས་འབྱུང་དང་ལོ་རྒྱུས་) པོ་ཏ་ལའི་དཔེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༣ལོར་དཔར། ཤ་༡༡ན་གསལ།
          ⒀﹙34﹚རྨེ་རུ་ཡུལ་ལྷ་ཐར། 《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གེ་ཤུལ་བཞག་ཡིག་ཆ་ཞིབ་འཇུག་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གེས་༢༠༡༥ལོར་དཔར། ཤ་༢༡༧ ༡༢བཅས་སུ་གསལ།
          ⒂ མཁས་པ་ལྡེའུ། 《རྒྱ་བོད་ཆོས་འབྱུང་རྒྱས་པ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་༢༠༡༢ལོའི་དཔར་ཐེངས་གཉིས་པ། ཤ་༢༤༩ནས་༢༥༠བར་ན་གསལ།
          ⒃ དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》 མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་དཔར། ཤ་༡༩༠རུ་གསལ།
          ⒅ བོན་གྱི་གཏེར་སྟོན་བཞི་འཕྲུལ་གསས་ཀྱི་གཏེར་ནས་བཏོན། 《བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤ་༡༦༩ན་གསལ།
          ⒇ 罗广武译注: 《两唐书吐蕃传译著》  中国藏学出版社,第238 页 
          ﹙21﹚﹙23﹚﹙24﹚ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། 《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཞེས་བྱ་བ་དབུ་ཡི་གཟིགས་ཕྱོགས་》 ཁྲོ་སྐྱབས་དཔར་མ། Buddhihist Digital   Rehsource   Center ཞེས་པའི་ལྡེབས་ངོས་༢༨ ༡༠༦ ༧༣ནས་༧༤བཅས་སུ་གསལ།
          ﹙25﹚དབྲ་གཏེར་བླ་མ་ཐོགས་མེད། འདི་ནི་ཁོད་པོ་བློ་གྲོས་ཐོགས་མེད་ཡིན་ཞིང་། དེ་ཡང་ཧི་མ་ལ་ཡ་བོན་གྱི་དྭ་ངོས་སུ། “ཁོད་སྤུངས་དྲན་པ་ནམ་མཁའི་རྣམ་རོལ་དུ་རྡོ་རྗེའི་ལུང་ནས་ཟིན་པའི་སློབ་དཔོན་ཆེན་པོ་བླ་མ་ཐོགས་མེད་ཅེས་གྲགས་པ་དེ་ཉིད་ཀྱི་རྣམ་འཕྲུལ་གང་དུ་བསྟན་པའི་ཡུལ་ནི་ཨ་མདོ་ཁོད་པོ་ཞེས་པའི་གནས་སུ། ཡབ་སོང་ཁུང་དབྲ་ནག་གི་གདུང་ལས་སྔགས་བོན་ནུས་མཐུ་ཅན་ཁྲོ་རྒྱལ་རྩེ་མོ་ཞེས་འབོད་པ་ལ་སྲས་སྐལ་དུ་དམུ་གཤེན་ཁོད་སྤུངས་ཀྱི་སྤྲུལ་པའི་ས་བོན་ཉིད་དམུ་ཚ་སྒ་རིགས་ལས་གྲོལ་བའི་མཁའ་འགྲོའི་མཚན་ཅན་མཚོ་མོ་སྒྲོན་ཞེས་འབོད་པ་ལས་རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་གི་ལོར་སྐུ་བལྟམས་པ་དང་། ཉག་ཤོད་དུ་བྱོན་ནས་གོང་ཤེལ་བྲག་དམར་ལྷ་རྫོང་གི་མདུན་ནས་བུ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རིགས་ཅན་ཞིག་གིས་རྐྱེན་བྱས་ནས་གསེར་སྐུ་ཨ་ཙ་མར་འབོད་པའི་སྐུ་རྟེན་བཀྲ་ཤིས་འོད་འབར་ཞེས་གྲགས་པ་སྤྱན་དྲངས། ཨ་བསྭེ་དྲ་གཉན་ཕ་མ་བོན་མོ་ནས་བྲག་བཙན་དང་མ་མོས་ལུང་བསྟན་པ་བཞིན་ཤེལ་གྱི་སཙྪ་དང་ཁ་བྱང་ཤོག་སེར་སངས་རྒྱས་ཀྱི་གསེར་སྐུ་གསེར་འབུམ་དེ་བཞིན་གཤེགས་པའི་རིང་བསྲེལ་རྣམས་བཏོན། བོན་སྡེ་ལ་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་སོགས་མང་དུ་བྱུང་བ་དང་། གཞན་ཡང་མི་ཉག་རྟོགས་ལྡན་ཤེས་རབ་རྒྱལ་མཚན། རྒྱལ་རོང་ཤེས་རབ་རིན་ཆེན། དྲོ་ཤོད་པ་གཡུང་དྲུང་གྲགས་པ། འདྲ་སྟོད་སྙན་ཆེན་བླ་མ་བཅས་དུང་དཀར་ཐོགས་པའི་མི་བདུན་དུ་གྲགས་པ་དེ་རྣམས་དང་། གཞན་ཡང་སློབ་མའི་ཚོགས་དུ་མ་ལ་དབང་ལུང་གི་རྒྱུན་སྤེལ་ཞིང་ཉམས་སུ་བཞེས་པས་མཆོག་ཐུན་གྱི་དངོས་གྲུབ་དུ་མ་ཐོབ་པ་བྱུང་མྱོང་ལ། ད་ལྟ་ཉག་རོང་གི་ཕྱོགས་སུ་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་རྒྱུད་པ་ལ་བླ་རབས་རྒྱུད་གསུམ་དུ་ཕྱེ་སྟེ། མི་ནུབ་བླ་རབས། སུ་ལ་བླ་རབས། ཁོ་སྤུངས་བླ་རབས་བཅས་སོ་”ཞེས་བཀོད་འདུག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1