༄༅།། སློབ་གྲྭས་ནར་མ་སོན་པའི་སྐྱེ་བོར་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་དགོས་སམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 01-14


        འདིར་སློབ་གྲྭས་ནར་མ་སོན་པའི་སྐྱེ་བོར་ཁྲིམས་ལུགས་ཀྱི་སློབ་གསོ་གཏང་དགོས་མིན་གྱི་གྱོད་དཔེ་དང་ནར་མ་སོན་པའི་སྐྱེ་བོའི་ཉེས་གསོག་བཅའ་ཁྲིམས་སོགས་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

གྱོད་དཔེ།
        ཕུར་བ་ནི་ལོ་རིམ་གསུམ་པའི་སློབ་མ་པྲ་ཚག་དང་མ་རབས་ཤིག་ཡིན་ལ། ཁོས་རྒྱུན་དུ་ལོ་རིམ་དང་པོའི་སློབ་མ་རྣམས་ལ་གཅར་རྡུང་དང་བརྙས་བཅོས་གང་འདོད་དུ་བྱེད་པར་མ་ཟད། དེ་དག་གི་ལག་ནས་དངོས་པོའང་བཙན་འཕྲོག་བྱེད་པའི་སྤྱོད་ངན་ཞིག་ལོབས་ཡོད་པས། བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་དེ་ལ་ཡ་རབས་སྤྱོད་བཟང་སྐོར་དང་ཁྲིམས་ལུགས་ཀྱི་ཤེས་བྱའི་སྐོར་མང་དུ་ཁྲིད་པས། རིམ་གྱིས་དེའང་ཁྲིམས་མཐུན་གྱི་སློབ་མ་ཡ་རབས་ཤིག་ཏུ་གྱུར་ཡོད། སློབ་གྲྭས་ནར་མ་སོན་པའི་སློབ་ཕྲུག་དག་ལ་ཁྲིམས་ལུགས་ཀྱི་སློབ་གསོ་གཏང་དགོས་སམ།

ཁྲིམས་བཤད།
        ཉེ་བའི་ལོ་འགའི་རིང་ལ་ནར་མ་སོན་པའི་སྐྱེ་བོ་དག་གིས་ནག་ཉེས་བཟོ་བ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་པ་དེ་སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་འདུག དེའང་ཞིབ་ཏུ་དཔྱད་ན། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་སོགས་རྒྱུ་རྐྱེན་མང་པོར་རག་ལས་ཡོད་དེ། དེའང་འདི་དག་ཕྱོགས་སོ་སོ་ནས་ནར་མ་སོན་པའི་བྱིས་པར་ཁྲིམས་ལུགས་སློབ་གསོ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཆགས་སུ་འཇུག་པར་འབད་པ་བྱ་དགོས་ལ། གཙོ་བོ་སློབ་གྲྭ་བརྒྱུད་ནས་ནར་མ་སོན་པའི་སྐྱེ་བོར་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་དགོས་ཏེ། སློབ་གྲྭས་སློབ་མའི་ཤེས་བྱའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ཞོར་ནས། སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སྤྱོད་ལམ་སློབ་གསོ། སྒྲིག་ལམ་སློབ་གསོ་ལའང་ཤུགས་སྣོན་བརྒྱབ་སྟེ་བདེན་དགེ་མཛེས་གསུམ་ལ་མོས་པའི་གཤིས་ཀ་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ཚེ་གོང་གི་གནད་དོན་འདི་གཏན་ནས་འགོག་ཐུབ་པ་བསྙོན་དུ་མེད།
        བློ་མཐུན་ཏིང་ཞའོ་ཕིང་གིས་ཀྱང་ཁྲིམས་ལུགས་ཤུགས་སྣོན་བརྒྱག་རྒྱུའི་གཙོ་གནད་དེ་སློབ་གསོ་ཡིན་པ་དང་། མཐར་གཏུགས་ཀྱི་གནད་དོན་ནི་མི་ལ་སློབ་གསོ་གཏང་རྒྱུ་དེ་རེད། ཁྲིམས་ལུགས་སློབ་གསོ་ནི་ནར་མ་སོན་པའི་བྱིས་པ་ནས་མགོ་བརྩམ་དགོས་པ་དང་། སློབ་ཆུང་དང་སློབ་འབྲིང་ལ་སློབ་གསོ་གཏང་དགོས་ལ། སྤྱི་ཚོགས་ཐོག་ཏུའང་སློབ་གསོ་འདི་གཏང་དགོས་ཞེས་གསུངས་ཡོད་པ་ལྟར། ན་ཆུང་གི་སྐབས་ནས་ཁྲིམས་ལུགས་ཀྱི་སློབ་གསོ་བཏང་ཚེ། བྱིས་པའི་རང་སྲུང་གི་འདུ་ཤེས་ཇེ་མཐོ་དང་། ལེགས་ཉེས་བདེན་རྫུན་ཤན་འབྱེད་ཀྱི་ནུས་པ་ཇེ་ཆེར་འགྲོ་བ་གདོན་མི་ཟ་བས། ཁྲིམས་འགལ་གྱི་ནག་ཉེས་བཟོ་བའང་རིམ་གྱིས་ཇེ་ཉུང་དུ་འགྲོ་བ་སྨོས་མ་དགོས་སོ། །
        རང་རྒྱལ་གྱི《 ནར་མ་སོན་པའི་སྐྱེ་བོར་ཉེས་གསོག་གི་བཅའ་ཁྲིམས།》ཀྱི་དོན་ཚན་དྲུག་པ་དང་བདུན་པའི་གཏན་འཁེལ་ལྟར་ན། ནར་མ་སོན་པའི་སྐྱེ་བོས་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་སློབ་གསོའི་བྱ་བ་དེ་ནི། ནར་མ་སོན་པའི་སློབ་ཕྲུག་དག་གིས་འགན་བབས་སློབ་གསོ་དང་ལེན་བྱས་པའི་སྐབས་དེ་ནས་བཟུང་མགོ་རྩོམ་དགོས་ལ། སྐབས་དེ་ནས་བཟུང་སློབ་ཕྲུག་དེ་དག་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཤིག་ཆགས་སུ་འཇུག་དགོས་པ་དང་། སློབ་ཁྲིད་དང་སློབ་གསོའི་ནང་དོན་ལའང་ཁྲིམས་ལུགས་དང་འབྲེལ་བའི་སྐོར་འདུ་དགོས་པ་གསལ་བོར་བསྟན་ཡོད།
        དེར་བརྟེན། ནར་མ་སོན་པའི་སློབ་ཕྲུག་དག་གིས་འགན་བབས་སློབ་གསོ་དང་ལེན་བྱས་པའི་སྐབས་དེ་ནས་བཟུང་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་བའི་མགོ་བརྩམ་དགོས་ལ། སྐབས་དེ་ནས་བཟུང་སློབ་ཕྲུག་དེ་དག་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཤིག་ཆགས་སུ་འཇུག་དགོས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1