ཀྲུང་དབྱང་དམག་ཨུས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་ཤིང་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་རྣམས་ལ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 01-15



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་ཨུས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་ཚེས13ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་བཞུགས་ཀྱི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
        ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་སྐབས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་བྱས་རྗེས་མི་དམན་པ་ཕུལ་མཁན་གྱི་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་གྲས་རྣམས་མཉམ་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་ལ་རོལ།
        ཕྱི་དྲོའི་ཆུ་ཚོད4པ་ཙམ་ལ་ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཚོའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ངང་ལག་འཇུ་གནང་བ་དང་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འདས་ཟིན་པའི་ལོ་གཅིག་གི་རིང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱེད་པ་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི2020ལོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པར་ལེགས་སྐྱེས་གསར་པ་དབུལ་དགོས་པར་བསྟན།
        ཐེངས་འདིའི་འཁྲབ་སྟོན་ནི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་ལ། གླེང་གཞི་དང་མཇུག་སྒྲིལ། 《དམག་མའི་བླ་སྲོག་ནམ་ཡང་གཏོད་པ》དང་། 《བརྩེ་སེམས་མི་དམངས་ལ་འཆང་བ》《ས་ཆ་སོར་གང་ཙམ་ཡང་མི་གཏོང་བ》《འཐབ་ཕོད་ན་རྒྱལ་ཁ་ཐོབ་ངེས》《སྤོབས་སེམས་རྒྱུད་འཛིན་བྱེད་དགོས》《གཟི་བརྗིད་ཀྱི་དམ་བཅའ》《མི་རིགས་བསྐྱར་དར》བཅས་རིག་རྩལ་ཚན་པ7གྱིས་གྲུབ་ཡོད་པ་དང་། ཕྱོགས་བསྡུས་གླུ་གཞས་དང་། ཞབས་བྲོ། སྣང་བརྙན་གླེང་མོལ། གློག་བརྙན་དང་བརྙན་འཕྲིན་དུམ་བུ་སོགས་སྒྱུ་རྩལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། རང་རེའི་ཏང་དང་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དུ་གཏོང་བ་དང་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཉམས་འགྱུར་མངོན་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པ་རེད། དགའ་སྤྲོའི་རྣམ་པས་ཁེངས་པའི་འཁྲབ་སྟོན་དང་ཞབས་བྲོ《ང་དང་ངའི་མེས་རྒྱལ》ཞེས་པ་ལས་འཁྲབ་སྟོན་འགོ་ཚུགས།

        ཞུའུ་ཆི་ལིའང་དང་། ཀྲང་ཡིའུ་ཞ། ཝེ་ཧྥེང་ཧོ། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་རྨིན་བཅས་ཀྱིས་ལྷན་དུ་ལྟད་མོར་བལྟས།     

        འཁྲབ་སྟོན་ལ་ལྟ་མཁན་གྱི་གྲས་སུ་ད་དུང་དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་སྡོད་པའི་ལས་ཁུངས་ཆེ་གྲས་ཀྱི་འགོ་ཁྲིད། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་མི་བཅས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1