གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བསྟན་འཛིན་ལྷུན་གྲུབ། སྐལ་བཟང་གསལ་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༦ཉིན།

༄༅།། གནའ་ཡིག་ལས་ཁོལ་བའི་ཡུལ་མིང་ཀླུམ་རོའམ་ཀླུང་རོ་ཞེས་པའི་ཡུལ་གྱི་མགོ་རྔ་ངོས་འཛིན་པ་དང་མཐའ་དཔྱོད།


 བསྟན་འཛིན་ལྷུན་གྲུབ། སྐལ་བཟང་གསལ་སྒྲོན།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་ཡུལ་མིང་ཀླུམ་རོའམ་ཀླུང་རོ། དུས་ཕྱིས་ཀླུང་ཤོད་སོགས་སུ་འབོད་པ་དེའི་ཞིབ་ཕྲའི་ཡུལ་གྱི་ངོས་འཛིན་ཚུལ་ཐད་བཞེད་པ་མི་འདྲ་བ་ཡོད་ཚུལ་དང་། ཕལ་ཆེར་ཞིག་གིས་ད་ལྟའི་ཀླུང་ཤོད་ཅེས་པར་ངོས་འཛིན་པ་ལ་རྟགས་དང་རྒྱུ་མཚན་ངེས་ཅན་ཡོད་ཀྱང་། དེ་ནི་སྤྱི་སྤམ་གྱི་ཚུལ་དུ་སོང་བ་ཡིན་ཚུལ་བཅས་གླེང་བ་དང་སྦྲགས། གཙོ་བོར་ལོ་རྒྱུས་ཡིག་ཚང་དང་། ཁུལ་དེའི་ཡུལ་མིའི་ངག་ཏུ་ཡོད་པའི་ཀླུང་ཤོད་དང་འབྲེལ་བའི་དགོན་མིང་ས་མིང་། དེ་བཞིན་རང་གི་མྱོང་བ་དངོས་དང་མཐོང་ཐོས་ཅི་རིགས་པ་ལ་བརྟེན་ནས་ཡུལ་དེའི་ཞིབ་ཕྲའི་མརྒོ་རྔ་གང་ཡིན་པ་ངོས་འཛིན་བྱས་ཡོད།
[བརྡ་ཆད་གཙོ་བོ།]ཀླུམ་རོ། ཀླུང་རོ། ཀླུང་ཤོད། རྩེ་ཞོལ། ཕོད་མདོ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K928[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)02-1
22-09    
དང་པོ། ཀླུམ་རོའམ་ཀླུང་རོའི་ཚིག་དོན་གྱི་སྐོར།
          ཐ་སྙད་འདིའི་སྐོར་ལ་མིག་དམར་ཚེ་རིང་གིས་བརྩམས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས་བྱུང་བའི་བོད་ལྗོངས་ས་མིང་》ཞེས་པར།  “བཙན་པོའི་སྐབས་ཀྱི་ཀླུམ་ཡ་སུམ་བྱ་བ་དེ་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་བྱང་ངོས་སུ་ཡོད་པར་ཐེ་ཚོམ་མེད་ནའང་། ཞིབ་ཕྲའི་གནས་གང་དུ་ངེས་པ་རྩད་མ་ཆོད་”①ཅེས་དང་། ཏུན་ཧོང་བོད་ཡིག་ཤོག་དྲིལp.1286.0014- P.1286 0015མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲའི་ནང་། “ཡུལ་ཀླུམ་རོའི་ཡ་གསུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས་”②ཞེས་གསལ་བ། གཉའ་གོང་དཀོན་མཆོག་ཚེབརྟན་གྱིས་བསྒྲིགས་པའི་《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ཞེས་པར། “ཡུལ་ཀླུང་རོ་འི་ཡ་གསུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས་”③ཞེས་པ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་དུ་ཡུལ་གྱི་དབང་རིས་བཅོ་བརྒྱད་སྐོར་གླེང་སྐབས། “ཀླུང་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ་”④ཞེས་དང་། ཡིག་ཆ་རྙིང་པ་ཁག་གཅིག་ལས་ཟིང་པོ་རྗེ་སྟག་སྐྱ་བོའི་སྐབས་སུ་ཀླུམ་ཡ་གསུམ་ཞེས་དང་། ཡང་རྒྱལ་ཕྲན་སིལ་མའི་དུས་རབས་ཀྱི་ས་ཁྲའི་དཔར་རིས་སུ་ཀླུམ་ཡ་གསུམ་ཞེས་པ། བོད་ཀྱི་རྒྱལ་ཕྲན་སྐོར་གྱི་མ་ཡིག་བཤུས་མའི་ནང་དུ་ཀླུང་རོ་ཞེས་བྱུང་བ་སོགས། དཔྱད་ཡིག་ཁག་ཏུ་ཀླུམ་མམ་ཀླུང་ཞེས་རྗེས་འཇུག་མ་དང་ང་གཉིས་གདམ་ང་ལྟ་བུར་བྲིས་ཡོད། གནད་དོན་འདི་འདྲ་བ་ནི་འདི་ཁོ་ན་ཙམ་མ་ཡིན་པར་ཡུལ་མིང་གཞན་གྱི་སྟེང་དུའང་མཐོང་རྒྱུ་ཡོད་ལ། འདི་ནི་གཙོ་བོར་སྒྲ་འདྲ་བའམ་སྒྲ་སྐྱེད་དབང་པོའི་འགུལ་སྐྱོད་ཐག་ཉེ་བའམ། ཡང་ན་ཡུལ་ལུང་བྱེ་བྲག་པའི་ངག་སྦྱོར་གྱི་ཁྱད་པར་ཞུགས་པ་སོགས་ལས་བྱུང་བར་སེམས། འདིའི་ཤེས་བྱེད་ཀྱི་དཔེ་ཙམ་བརྗོད་ན། མཁས་པ་དག་གིས་མཛད་པའི་རྭ་སྒྲེང་དགོན་གྱི་བྱུང་བའམ་ཡུལ་དེའི་གནས་བཤད་སོགས་ཀྱི་དཔེ་ཆ་དུ་མར་ཡངཡ སྐབས་སོ་སོར་རྭ་སྒྲེང་དང་། རེ་སྒྲེང་དངཡརས་སྒྲེང་སོགས་འབྲི་ཚུལ་མི་འདྲ་བ་མང་དུ་བྱུང་བའང་དོན་དུ་ཡུལ་དེ་དང་ཐག་ཉེ་རིང་གང་རུང་ན་འཚོབཞིན་པའི་སྐྱེ་བོ་དག་གི་ངག་གི་སྒྲ་འདོན་ཚུལ་གྱི་ཁྱད་པར་ཤོར་བ་ལས་བྱུང་བ་ཡིན་གྱི། འབྲི་ཚུལ་འཐད་ལྡན་ནམ་ཡོངས་གྲགས་སུ་སྤྱོད་པ་ནི་རྭ་སྒྲེང་ཞེས་པ་འདི་ཡིན་པ་དང་། དེ་བཞིན་ཏུན་ཧོང་ཕུག་པ་སོགས་ནས་ཐོན་པའི་ཡིག་ཆ་དག་ནི་སྐབས་དེ་ཤེད་ཀྱི་མཁས་དང་མཁས་མིན་ཅི་རིགས་པ་དུ་མས་མཛད་པར་མངོན་པས། མིང་བརྡ་ཐ་སྙད་དུ་མའི་སྒྲ་ཟུར་ཉམས་པའམ་སྔོན་རྗེས་མིང་གཞི་མཐའ་རྟེན་དང་བཅས་པ་ལ་དེ་ཙམ་གྱིས་གཅིག་གྱུར་མེད་པར། རང་རང་གི་ངག་གི་སྦྱོར་བའི་ཁྱད་པར་ཞུགས་པས། ཕྱིས་རབས་ཞིབ་འཇུག་པ་དག་ལ་ཡུལ་མིང་ས་མིང་སོགས་ཀྱི་གནས་ཡུལ་དངོས་ཀྱི་ངོས་འཛིན་ཚུལ་ལའང་དཀའ་ཁག་དང་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་ངང་གིས་བྱུང་ཡོད་པ། ཁྱད་པར་ཡར་ཀླུང་ལ་ཡར་ལུང་དང་ཡར་ལུངས།  ཡར་ཀླུངས་སོགས་འབྲི་ཚུལ་དུ་མ་ཞིག་གནའ་བོའི་ཡིག་ཆའམ་ཡིག་རྙིང་དག་ཏུ་མང་དུ་འཇལ་རྒྱུ་ཡོད་པ་སོགས་ལྟ་བུ་ཡིན། འགའ་ཞིག་གིས་དོན་གྱི་གོ་ཚུལ་ལམ་གདགས་གཞིའི་དངོས་པོ་གཅིག་ཏུ་སོང་ན། དེ་དག་གི་འབྲི་ཚུལ་ཡང་དེ་བཞིན་དུ་ནང་ཕན་ཚུན་འདོར་ལེན་མི་དགོས་སོ་སྙམ་མོད། དེ་ནི་བློ་གྲོས་ཀྱི་ཕུགས་རུལ་བའི་རྟགས་སུ་མངོན།  ཀླུམ་རོ་དང་ཀླུང་རོ་ཞེས་པའང་གདགས་གཞིའི་ཡུལ་གཅིག་ལ་འདོགས་བྱེད་ཐ་སྙད་ཀྱི་འབྲི་ཚུལ་མི་འདྲ་བ་བྱུང་བ་སྟེ། འདོགས་བྱེད་ཀྱི་མིང་སོ་སོར་གདགས་གཞིའི་ཡུལ་ལོགས་ལོགས་སུ་བསྟན་དུ་མེད་མོད། ཡིན་ན་ཡང་། ཡུལ་ཞིག་ངོས་ལེགས་པར་འཛིན་པ་ལ་ཡུལ་མིང་གི་སྤྱི་མཐུན་གྱི་འབྲི་ཚུལ་ཇི་ལྟར་ཡིན་པ་དང་། འབྲི་ཚུལ་དེ་ཉིད་ཡུལ་སྐད་ཀྱི་དབང་དུ་ཤོར་བ་ཡིན་ལུགས་སོགས་ལ་མ་ནོར་མ་འཁྲུལ་བའི་ངོས་འཛིན་ཡང་དག་ཐོབ་དགོས་པ་ནི་གལ་ཆེ། འོ་ན་ཀླུམ་དང་ཀླུང་ལས་འབྲི་ཚུལ་གང་ཞིག་དག་པ་ཡིན་ནམ་ཞེ་ན། འབྲི་ཚུལ་འདི་གཉིས་ཀྱི་དོན་གྱི་གོ་ཚུལ་ཇི་ལྟར་ཡིན་པའི་དཔྱད་བརྗོད་སྔོན་དུ་འགྲོ་དགོས་ཤིང་། དཔྱད་འབྲས་དག་ཀྱང་རྒྱུ་མཚན་ཡང་དག་ལ་བརྟེན་ཅིང་དོན་གྱི་གནད་ཚོད་དང་ཁད་ཐག་ཉེ་བར་བྱུང་ན། དཔྱད་བརྗོད་ཀྱི་དགོས་པའང་ལེགས་པར་འགྲུབ་པ་ཡིན། དེ་ཡང་རེ་རེ་ནས་བརྗོད་ན་འདི་ལྟ་སྟེ། གཅིག་ནི་བོད་མིའི་ངག་སྦྱོར་ལས་རི་སྒང་མ་ཡིན་པའི་གཤོངས་ས་སྟེ། རོང་འབྲོག་གཉིས་སུ་ཕྱེ་བའི་རོང་པ་ཚོའི་གནས་བཅའ་ཡུལ་ལྟ་བུར་གོ་བ་ཡིན་ཏེ། རི་ཡི་ཕྱུགས་དང་ཀླུང་གི་ཞིང་ཐང་ཞེས་པ་ལྟ་བུ་དང་། གཞན་ཡང་། རི་རྒྱ་ཀླུང་རྒྱ་ཞེས་རི་ལ་གནས་པའི་རི་དྭགས་དང་ལུང་གཞུང་གི་སྐམ་གཤེར་གང་རུང་ལ་གནས་པའི་དུད་འགྲོ་སྲོག་ཆགས་དག་ལ་མི་འཚེ་བའི་ཁྲིམས་བཅས་པ་ལྟ་བུ་དང་། གཉིས་ནི་རི་ཁ་གཏད་གཉིས་དབར་གྱི་གཞུང་ས་ཡངས་པོ་ལ་གོ་བ་སྟེ། ལ་རེ་རྒྱབ་ན་ཀླུང་རེ་ཡོད། ། ལ་ཀླུང་གཉིས་དེ་མགོ་སྦྲེལ་ཡིན། །ཞེས་པ་ལྟ་བུ་ནི་དོན་དུ་བལྟོས་བཅས་ཀྱི་དབང་གིས་གཞུང་ཐང་རྒྱ་ཆེ་བ་དག་དང་། མཐོ་དམའ་ཡི་དབང་དུ་བྱས་ན་ས་བབ་དམའ་བ་དང་། གུ་ཡངས་དོག་གི་དབང་གིས་ས་རྒྱ་ཡངས་པ་དང་། དེ་བཞིན་དྲོ་གྲང་གི་དབང་གིས་དྲོ་ཁུལ་དུ་བྱེད་པ་སོགས་གོ་ཚུལ་མི་འདྲ་བ་ཡོད། གསུམ་ནི་ཆུ་བོ་ལ་གོ་བ་སྟེ། ཆུ་བོ་ཆེན་པོར་ཆུ་ཀླུང་དང་ཀླུང་རྒྱུན།  ཆུ་རགས་དང་ཆུ་རབས་ལ་ཀླུང་རགས་དང་ཀླུང་རབས་ཞེས་འབོད་པ་ལྟ་བུ་ཡིན། དེ་ལྟར་ན་ཀླུམ་ཞེས་འབྲི་ཚུལ་བྱུང་བ་ཅི་ཡིན་སྙམ་ན། བོད་པའི་སྤྱི་མཐུན་གྱི་ངག་སྦྱོར་ལ་ཀླུམ་ཞེས་པས་དོན་གྱི་གོ་བ་འབྱིན་དུ་མེད་པས། ཀླུམ་དང་ཀླུང་གི་སྒྲ་འདྲ་བའམ། ཡང་ན་རྗེས་འཇུག་མ་དང་ངའི་སྒྲ་ཐག་ཉེ་བའམ། ཡང་ན་ཡི་གེ་འབྲི་མཁན་གྱི་ངག་སྦྱོར་གྱི་ཁྱད་པར་ཞུགས་པ་སོགས་གང་རུང་ལས་རྗེས་འཇུག་མ་དང་ང་གཉིས་གདམ་ང་ཅན་དུ་བཀོལ་བ་ཡིན་པར་སྙམ་ཞིང་། ཡུལ་ལུང་ལ་ལར་ད་དུང་ཀླུམ་གྱི་དོད་དུ་ཀློམ་དུ་འབོད་པ་དེའང་རྒྱུ་མཚན་དེ་འདྲ་ལས་བྱུང་བ་ཡིན། གང་ལྟར་ཡང་སྤྱི་མཐུན་གྱི་འབྲི་ཚུལ་ལམ་ཡི་གེ་དག་པ་ནི་ཀླུང་ཉིད་ཡིན་པར་ངེས་ཐུབ།
          ཀླུང་ངམ་ཀླུམ་ཞེས་པའི་གོ་ཚུལ་དེ་ལྟར་ཡིན་མོད། རོ་ཞེས་པས་གོ་བ་ལྷག་པོ་ཅི་ཞིག་འབྱིན་ནམ་སྙམ་ན། ཅུང་ཟད་ཅིག་བརྗོད་པར་འདོད་དེ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་དག་ཏུ་འཁོད་པར་གཞིགས་ན། གཙང་པོའམ་ཆུ་ཀླུང་ཆེན་པོ་རྒྱུགས་ཁུལ་ལམ། ཡང་ན་དེའི་ངོགས་སམ་འགྲམ་རྒྱུད་ཀྱི་ཡུལ་ལུང་དག་ལ་གོ་བར་སྣང་སྟེ། དཔེར་ན་གཞིས་རྩེ་མྱང་ཆུའི་རྒྱུད་དུ་ཆགས་པའི་ཡུལ་ལ་མྱང་རོ་དང་། ལྷ་ས་སྐྱིད་ཆུའི་རྒྱུད་དུ་གནས་པའི་ཡུལ་ལ་སྐྱི་རོ། དེ་བཞིན་རྭ་སྒྲེང་གཙང་པོ་ཞེས་ཡུལ་དེའི་མཐོ་སྐང་ནས་རིམ་པར་སྨད་ཁུལ་དུ་བཞུར་བས། ཀླུང་ཤོད་གཙང་པོ་ཞེས་མིང་དུ་ཆགས་པ་དེའི་རྒྱུགས་ཁུལ་དུ་ཀླུང་རོ་ཞེས་པ་སོགས་མིང་དུ་ཆགས་ཡོད་པ་ལྟ་བུ་ཡིན། རྒྱུ་མཚན་དེ་འདྲ་བ་ལ་བརྟེན་ན། ཀླུང་རོ་དང་ཀླུང་ཤོད་ཅེས་པའང་ཆུ་ཀླུང་ཆེན་པོ་ག་གེ་མོ་ཞིག་མཐོ་ས་ནས་རིམ་པར་དམའ་ཁུལ་དུ་བཞུད་པའི་ཉེ་རྒྱུད་ཡུལ་ལུང་དག་ལ་ཟེར་བ་ངང་གིས་གོ་ནུས་པ་ཡིན།  
 གཉིས་པ། ཀླུང་ཤོད་ཅེས་པའི་ཡུལ་གྱི་ངོས་འཛིན།   
          གཅིག ལོ་རྒྱུས་ཡིག་ཚང་དང་བཅས་པ་ཁུངས་སུ་བཅོལ་ནས་གླེང་བ།   
          ཀླུང་ཤོད་ཅེས་པའི་ཡུལ་འདི་ད་ལྟའི་གནས་སྐབས་སུ་ཡུལ་གང་ལ་ངོས་འཛིན་འོས་པ་དང་། འདིའི་རྒྱ་ཁྱོན་སྲིད་ཞེང་དང་དེང་གི་སྲིད་འཛིན་ས་ཁུལ་གང་དང་གང་གི་ཁོངས་སུ་གཏོགས་མིན་སོགས་ཀྱི་སྐོར་ལ་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “ཀླུང་ཤོད་ནམ་པོ་ནི་འབྲི་གུང་དང་མལ་གྲོ་བརྒྱུད་ཀྱི་ས་ཆར་ཀླུང་ཤོད་ཟེར་”⑤ཞེས་གསུངས་པ་བཞིན། རྩོམ་ཡིག་འདིའི་བརྗོད་བྱ་ཀླུམ་རོའམ་ཀླུང་རོ་ཞེས་པའང་མལ་དྲོ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ལ་གོ་བ་ཡིན་ནམ་སྙམ་མོད། རྒན་གྲས་འགའ་ཞིག་གིས་སྔར་གྱི་ཀླུང་ཤོད་ནི་དེང་གི་ཀླུང་ཤོད་དུ་གྲགས་པའི་ཁུལ་ལས་རྒྱ་ཆེ་བ་ཡོད་ཚུལ་གླེང་བ་དང་། འདིའི་མིང་གི་བྱུང་ཚུལ་ལམ་ཀླུང་རོ་ཞེས་པའི་ཀླུང་གི་གོ་བ་གཞན་དུ་འཇོག་པ་སོགས་ཀྱང་མཆིས་པས། ཀླུང་ཤོད་གཙང་པོ་རྒྱུག་ཁུལ་ལ་ཀླུང་རོའམ་ཀླུམ་རོ་ཞེས་འབོད་དོ་ཟེར་བ་འདི་ཙམ་གྱིས་ད་དུང་ཡིད་ཆེས་འཕེར་དཀའ་བས། འདིར་ཁུངས་བཙན་ལོ་རྒྱུས་ཡིག་ཆ་ལུང་དུ་དྲངས་པ་དང་ཕྱིས་ཀྱི་དཔྱད་འབྲས་འགའ་ཞིག་རྒྱབ་རྟེན་དུ་བྱས་ནས་གླེང་བར་འདོད།   
          དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ལར། ཡུལ་ཀླུམ་པོའི་ཡ་སུམ་ནི་མལ་དྲོ་ཕུ་ཆུ་དང་ལྷ་ས་སྐྱིད་ཆུ་འདུས་མཚམས་ཀྱི་བྱང་རྒྱུད་ཁུལ་ལ་གོ་ཚུལ་གསལ་བ་དང་། དེ་བཞིན་མིག་དམར་ཚེ་རིང་གི་《<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་〉ལས་བྱུང་བའི་བོད་ལྗོངས་ས་མིང་》ཞེས་པར། “བཙན་པོའི་སྐབས་ཀྱི་ཀླུམ་ཡ་སུམ་བྱ་བ་དེ་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་བྱང་ངོས་སུ་ཡོད་པར་ཐེ་ཚོམ་མེད་ནའང་། ཞིབ་ཕྲའི་གནས་གང་དུ་ངེས་པ་རྩད་མ་ཆོད། མཁས་པ་འགའ་ཞིག་གིས་ཀླུམ་ཡ་སུམ་ནི་ཕལ་ཆེར་དེང་སང་གི་འབྲི་གུང་དང་མལ་གྲོ་གོང་དཀར་རྒྱུད་དུ་ཡིན་ཞེས་གསུངས་པ་འདིར་དཔྱད་གཞིར་ཕུལ་བ་ཡིན་”⑥ཞེས་འཁོད་པ་དང་། ཡང་《དུང་དཀར་ཚིག་མཇོད་ཆེན་མོ་》ལས། “ཀླུང་ཤོད་ནི་ལྷ་སའི་སྐྱིད་ཆུའི་མགོ་སྟོད་དུ་ཡོད་པའི་དབུ་རུ་སྟོད་ཀྱི་ས་ཆ་རྣམས་ལ་ཟེར་བ་སྟེ། དེའི་ཁོངས་སུ་རྭ་སྒྲེང་། འབྲི་གུང་། དབུས་སྟོད། མལ་གྲོ་ཁུལ་རྣམས་ཡོད། རྒྱ་མ་ཁྲི་ཁང་སོགས་སྐྱིད་ཆུའི་ལྷོ་ཕྱོགས་ཀྱི་སྨད་རྒྱུད་རྣམས་ཀླུང་ཤོད་ཁོངས་སུ་མི་གཏོགས་པ་ཡིན་པ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཡིག་ཆ་འགའ་ཞིག་གི་རྫོང་ཁོངས་དབྱེ་སྟངས་ལ་གཟིགས་”⑦ཞེས་གསུངས་པ། འགའ་ཞིག་གིས་ཀླུང་ཤོད་ཅེས་པ་ནི་བྱང་རྭ་སྒྲེང་ནས་ད་ལྟའི་སྙེ་མོ་བར་དུ་བརྩི་བའང་ཡོད། དེ་ལྟར་ནའང་། བྱང་རྭ་སྒྲེང་བ་རྣམས་ལ་རང་གི་ཡུལ་ལ་ཀླུང་ཤོད་ཅེས་པའི་མིང་མ་གྲགས་ཤིང་། དེ་ལས་ལྡོག་སྟེ་རྭ་སྒྲེང་གཙང་པོའི་སྨད་རྒྱུད་ལ་ཀླུང་ཤོད་ཅེས་འབོད་བཞིན་མཆིས་པ་ནི་མངོན་སུམ་དུ་སྣང་། ཁྱད་པར་ཀླུང་ཤོད་ཅེས་པ་རྭ་སྒྲེང་ནས་སྙེ་མོ་བར་ལ་ངོས་བཟུང་བ་དེ་ནི་འཐད་པར་མ་མཐོང་སྟེ། དེ་ལ་ཁུངས་བཙུན་དཔྱད་གཞིའི་ཡིག་ཆ་དང་མངོན་སུམ་དབང་པོས་འཇལ་བ་ཙམ་གྱིས་གནོད་པ་རང་བཞིན་གྱིས་འབབ་ཀྱིན་ཡོད། འགའ་ཞིག་གིས་དེ་མུར་དེ་ནི་སྤྱི་དང་བྱེ་བྲག་རེད་ཅེས་བརྗོད་སྲིད་མོད། དོན་དུ་སྤྱི་བྱེ་བྲག་གང་གི་ཆ་ནས་ཀྱང་མངོན་སུམ་དང་འགལ་བར་སྣང་སྟེ། གང་གླེང་བར་བྱ་བའི་བྱེ་བྲག་དེ་ཉིད་སྤྱི་གང་དེའི་ཁོངས་སུ་བསྡུ་བར་འོས་ཀྱི། སྤྱི་གང་དང་འབྲེལ་བ་མེད་པའི་བྱེ་བྲག་ཅིག་འཇོག་ཏུ་མེད་པའི་ཕྱིར། སྐྱི་རོའམ་སྐྱིད་ཤོད། ཡང་ན་ཀླུང་རོའམ་ཀླུང་ཤོད་གང་ཡང་རུང་། དེ་དག་གི་ཁོངས་སུ་བྱང་རྭ་སྒྲེང་ནས་སྙེ་མོའི་བར་གྱི་ས་ཡུལ་རྣམས་བསྡུ་བའི་སྒྲུབ་བྱེད་གཏན་ཚིགས་འཐད་ལྡན་ཞིག་གང་ནའང་མེད་པའི་ཕྱིར། དེ་ཡང་ཡིན་ཏེ། ཏུན་ཧོང་ཤོག་དྲིལ་སོགས་སུ། གཙང་ཕྱོགས་ཀྱི་རྒྱུད་གླེང་དུས་མྱང་རོ་ཞེས་དང་། ལྷོ་ཁའི་ཕྱོགས་གླེང་དུས་དབྱེ་རོ་ཞེས་དང་། ལྷ་སའི་རྒྱུད་གླེང་དུས་སྐྱི་རོ་ཞེས་དང་། དེ་བཞིན་དབུ་རུ་བྱང་རྒྱུད་ཀླུང་ཤོད་ཁུལ་གླེང་དུས་ཀླུམ་རོ་ཞེས་གསལ་བས། སྐྱི་རོ་ནི་ཀླུམ་རོའི་ཁོངས་སུ་མི་བསྡུ་ཞིང་མིང་དང་ཡུལ་ལུང་ཐ་དད་སོ་སོར་དགར་བའང་རྒྱུ་མཚན་འདི་ལ་བལྟོས་པ་ཡིན་སྙམ། ཡང་འགའ་རེས་ཀླུང་ཤོད་ཅེས་པའི་མིང་འདི་སྙེ་མོའི་ཡུལ་ལའང་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཀླུང་ཤོད་ཅེས་པ་ནི་སྙེ་མོའི་བར་ངོས་འཛིན་དགོས་པར་འདོད་མོད། དེ་ལྟར་ན་རབ་ཤིས་ཀླུང་ཤོད་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་པའི་མིང་ཞིག་མཚོ་སྔོན་ཡུལ་ཤུལ་རྫོང་རབ་སྨད་དུའང་ཡོད་ལ། དེ་བས་དགོན་དེའི་མཚན་གཞན་དུ་ཀླུང་ཤོད་དགོན་ཞེས་ད་ལྟའང་དངོས་སུ་འབོད་ཀྱིན་འདུག་ན། སྟོད་དབུས་རྭ་སྒྲེང་ནས་སྨད་ཁམས་ཡུལ་ཤུལ་བར་གྱི་ས་ཡུལ་རྣམས་ཀླུང་རོའི་ཡུལ་ཡིན་པར་ངོས་འཛིན་དགོས། དེ་ནི་མངོན་སུམ་ལོ་རྒྱུས་ལ་གནོང་ཆེན་པོ་བསྐུར་བ་ཁོ་ན་ཡིན། གཞན་ཡང་ལ་ལས་ཀླུང་ཤོད་ཅེས་པ་འདི་ལྷུན་གྲུབ་རྫོང་ཡོངས་སུ་རྫོགས་པར་གོ་དགོས་པར་འདོད་ནའང་། དེ་ཡང་ལེགས་པར་བསམས་ན་མ་དག་པ་ཁོ་ནར་མཐོང་སྟེ། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་》དུ་རྣམ་དཔྱོད་འགྲན་ཟླ་བྲལ་བ་ཤ་ར་བའི་སྐོར་གསུང་སྐབས།“མཐར་དགེ་བཤེས་པོ་ཏོ་བ་ཞིང་ལ་གཤེགས་ནས་དགེ་བཤེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཤ་ར་བའི་རྗེས་སུ་འབྲང་སྟེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་ཀླུངས་ཤོད་དུ་བྱོན་ནས་ཚོགས་པ་བསྡུས་”⑧ཞེས་གསལ་བས། གལ་ཏེ་ད་ལྟའི་ལྷུན་གྲུབ་རྗོང་ཀླུང་ཤོད་ཀྱི་ཁོངས་སུ་ཡིན་པར་བྱས་ན། དགེ་བཤེས་པོ་ཏོ་བ་མཆོག་གཤེགས་སའི་པོ་ཏོ་དགོན་ནི་ད་ལྟའི་ལྷུན་གྲུབ་རྗོང་གསུམ་འཕྲང་ཡུལ་ཆོའི་ཁོངས་སུ་གནས་ཡོད་སྟབས། དགེ་བཤེས་པོ་ཏོ་བའི་སློབ་མ་དག་ཀླུང་ཤོད་ན་བཞུགས་བཞིན་དུ་ཀླུང་ཤོད་དུ་བྱོན་ཞེས་སླར་གསལ་ཁ་གཏོད་པའི་དགོས་པ་དབེན་པ་ཡིན། དེ་ཡང་ཡིན་ཏེ། 《དེབ་ཐེར་སྔོན་པོ་》ལས་མེས་པོ་རྒྱ་གར་ནས་ཡིན་པའི་ཨ་སུའི་སྐོར་གླེང་སྐབས། “རྒྱའི་ཡུལ་དུ་གཤེགས་པར་དགོངས་ཏེ་འཕན་ཡུལ་གྱི་སུམ་འཕྲེང་དུ་ཐོགས་ཤིག་བཞུགས་ནས་འཁོར་མངས་ལ་ཆོས་གསུངས་པའི་ཚེ་ཇོ་མོ་འབྲོམ་མོ་བཟའ་གཅིག་དང་མཐུན་ནས་སྲས་གྲགས་པ་སེང་གེ་འཁྲུངས་པའི་ངོ་མཐོང་བས་རྒྱ་ལ་འབྱོན་པ་གཤོལ་ཏེ། ཀླུང་ཤོད་དུ་ཡུན་རིང་བཞུགས། རྨ་སྒོམ་ཆོས་ཀྱི་ཤེས་རབ་ཀྱིས་ཀྱང་ཨ་སུ་དང་ཀླུང་ཤོད་དུ་མཇལ་”⑨ཞེས་བྱུང་བ་སོགས་ལས་ཀྱང་ལེགས་པར་ཤེས་ནུས་པའི་ཕྱིར། གཞན་ཡང་ཏུན་ཧོང་ཡིག་རྙིང་ལས་ཞང་སྣང་གིས་བཙན་པོའི་བཀའ་བཞིན་དུ་ཁྱུང་པོའི་ང་རྒྱལ་གཅོག་ཕྱིར་བླངས་པའི་མགུར་ལས། “ཀླུམ་ན་ནི་ཆབ་གཆོད་པ། །ཙེང་སྐུ་ཎི་སྨོན་ཏོ་རེ །”ཞེས་དང་།《དེབ་ཐེར་སྔོན་པོ་》ལས། “ཀླུ་མེས་ཀྱི་དངོས་སློབ་ཤིའི་གནས་བརྟན་གྱིས་ཀླུ་མེས་ཀྱི་ཆེ་བ་བརྗོད་པའི་ཡི་གེ་ན། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་སུམ་པ་ཡེ་ཤེས་བློ་གྲོས་གཉིས་ཀྱིས་དང་པོ་ཁོ་ནར་ཀླུང་ཤོད་འབྱིམ་པའི་ལུང་དུ་གནས་བཙུགས་པས་མ་ཚུགས། དེ་ནས་བའི་ལོ་ལ་མོ་ར་སྒྱེལ་བཙུགས་ཤེས་འབྱུང་བས། གནས་གཞི་བརྩིགས་པ་ལ་བསྟན་པ་བྱུང་བའི་ཐོག་མར་འཁྲུལ་ལམ་སྙམ་མོ་”⑩ཞེས་དང་། ཡང་དེ་ཉིད་དུ་བྱ་ཡུལ་བའི་སློབ་མའི་སྐོར་གླེང་སྐབས། “མཁན་ཆེན་བརྩོན་འགྲུས་བཟང་པོ་ནི། ཆུ་མོ་གླང་ལ་ཀླུང་ཤོད་ཟུར་རེར་འཁྲུངས།  ལོ་བཅུ་ལ་འཇམ་དབྱངས་རིན་ཆེན་སེང་གེའི་ཞབས་ལ་གཏུགས་ནས་མཁན་པོ་ཞུས་”⑾ཞེས་དང་། སྒམ་པོ་བའི་སློབ་མའི་སྐབས་གླེང་སྐབས། “རྗེ་སྒམ་པོ་བའི་བུ་ཆེན་རྣལ་འབྱོར་ཆོས་གཡུང་ནི། ཀླུངས་ཤོད་རོང་གི་ངལ་མངར་ཡོ་མི་ཀླུ་ཕྱུག་བྱ་བའི་སྲས་སུ། ལྕགས་ཕོ་འབྲུག་ལ་འཁྲུངས་”⑿ཞེས་དང་། གཞན་ཡང་ཏུན་ཧོང་ཤོག་དྲིལp.T1287(309)སད་མར་དཀར་གྱི་མགུར་གླུ་ལས། “མལ་ཏྲོ་ནི་ཀླུམ་དང་ཉེ། །སྐྱི་སེར་ནི་སྤུ་རུ་མུ །”ཞེས་དང་། 《དེབ་ཐེར་སྔོན་པོ་》ལས། “སླར་འབྲི་ཁུང་དུ་འོངས། ཀླུང་ཤོད་དར་ཆོས་སྡིངས་བཏབ་”⒀ཅེས་དང་། སྟག་ལུང་པ་སློབ་མ་དང་བཅས་པའི་སྐོར་གླེང་སྐབས། “བྱ་ཡུལ་དུ་མར་མེ་འཛུགས་སུ་འགྲོ་བ་དང་འགྲོགས་ནས་བྱོན་པས་ཅོམ་ཐང་དུ་སླེབ། ཅོམ་པ་དང་ཕོད་མདོ་བ་བཙས་མའི་དུས་སུ་འདུག ཉན་པའི་སྨན་པ་གཅིག་ན་རེ། ངེད་ཀྱི་ཡུལ་བ་ཕ་སྤུན་ཁ་ཅིག་ཚྭ་ཁྱེར་ནས་ཕག་མོ་གྲུའི་སྒོ་ཁར་འགྲིམ་པ་ཡིན་ཟེར་བས་ཁོང་དང་འགྲོགས་ནས་ཀླུངས་ཤོད་ལ་ལམ་བཏོད་དེ་ཉན་དུ་བྱོན་”⒁ཞེས་དང་། སྟག་ལུང་པ་དེ་ཉིད་“དཔལ་ཕག་མོ་གྲུ་པ་གཤེགས་ནས་ཟླ་བ་གཅིག་ཕག་མོ་གྲུར་བཞུགས་ནས་དཔོན་ཕག་དང་ཡོན་བདག་རྨོག་སྒོམ་ལ་སོགས་དང་འགྲོགས་ནས་མལ་གྲོ་ལ་བྱོན་ཏེ་འཆད་ཁ་བ་ལ་ཆོས་གསན། དེ་ནས་ཀླུང་ཤོད་ན་ཡང་བཀའ་གདམས་པ་འགའ་ཞིག་དང་འགྲོགས་ནས་བྱོན་པས་”⒂ཞེས་དང་། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》ལས། “སྤྱན་སྔ་ན་རེ། ངས་ཀླུངས་ཤོད་མདར་སྒོམ་པ་ཅིག་བྱེད་”⒃ཅེས་དང་། “སྨྱུག་རུམ་པ་ཆེན་པོ་ནི། སྤྱན་སྔའི་ཞབས་ལ་བསྙེན་ནས་གདམས་པ་མང་དུ་གསན། ཀླུངས་ཤོད་འདར་སྨྱུག་རུམ་དགོན་པ་བཏབ་”⒄ཅེས་དང་། “རལ་བ་སེང་སྒོམ་གྱིས་རླུང་ཤོད་ངར་གྱི་མཆོད་ཁང་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་”⒅ཅེས་དང་།《བཀའ་གདམས་ཆོས་འབྱུང་》ལས། “པོ་ཏོ་བ་གཤེགས་ནས་ཡོན་ཏན་གྱི་རྗེས་སུ་འབྲངས་པའི་འཁོར་རྣམས་དང་ལྷན་ཅིག་ཐོག་མར་རླུང་ཤོད་དུ་བྱོན་ཏེ་ཚོགས་བསྡུས་” ⒆ཞེས་དང་ 《བཀའ་གདམས་ཕ་ཆོས་》ལས། “དེ་ནས་སྤྱན་སྔ་བ་ཀླུངས་ཤོད་མདར་བྱོན་ནས་ཉུག་རུམ་བཞེངས་ནས་དེར་བཞུགས་” ⒇ཞེས་དང་། འབྲོམ་སྟོན་ཀུ་མཱ་ར་མ་ཏི་ཉིད་ཀྱི་“གདུང་ཡུལ་ནི་རོང་ཀླུང་ཤོད་ཀྱི་རོང་པའི་བྱེ་བྲག་དར་ཞེས་པའི་ནང་ན་གནས་གཞི་ཤེའུ་སྣ་བ་བ་ཡིན་”(21)ཞེས་དང་།“ཤར་དམག་དོན་དང་། ཁྱིམ་བདག་གི་དབུས་ནས་རོམ་པོ་བཙན་ཕྱུག་གི་གཡང་འདུ་སྟེ། མར་གསེར་མོད། ལྷོ་བཙུན་མོ། གླང་པོའི་དབུས་ནས།  ཀླུང་ཤོད་མཛངས་དང་ཐེག་པའི་གཡང་འདུ་སྟེ། ནས་ཟོང་མོད་”(22)ཅེས་དང་། 《བཀའ་གདམས་བུ་ཆོས་》ལས། “ཁྱེད་སྔོན་བདག་ཅག་གི་བླ་མ་རྒྱལ་བའི་འབྱུང་གནས་ཀྱི་བླ་མ་སེ་བཙུན་བྱ་བ་ཅིག་ཡོད། དེ་ཡིན་པར་འདུག དེའི་རིགས་སུའང་གདའ། ད་ཁྱེད་རང་ཡུལ་ཀླུང་ཤོད་ཀྱི་ནང་ན་སྤྱིལ་བུ་བྱ་བའི་ལུང་པ་ཡོད་” (23)ཅེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ཀླུང་ཤོད་ཁྲ་བ་ཁར་བཞུགས་དུས་རྩེང་ལྡིང་མི་དཔོན་པ་སོགས་ཡངས་པ་ཅན་པའི་ཇ་ཞུས་འབུལ་དུ་སླེབས་” (24)ཞེས་དང་། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་》དུ། “ལན་གཅིག་དགེ་བཤེས་པོ་ཏོ་བ་ཀླུངས་ཤོད་ན་འགོ་ན་བཞུགས་རྩ་ན་” (25)ཞེས་པ་སོགས་ཀླུང་ཤོད་དང་འབྲེལ་བའི་ས་མིང་མང་དུ་བྱུང་ཞིང་། དེ་དག་ལས་བསྟན་པའི་ས་མིང་ཕལ་ཆེ་བ་ནི་ད་ལྟའང་མ་ནོར་མ་འཁྲུལ་བར་ངོས་འཛིན་དུ་ཡོད་ལ། རྭ་སྒྲེང་བ་ཆོས་ཀྱང་ཡུལ་དེ་དག་ལ་ངར་དང་རོང་། ཀླུང་ཤོད་སོགས་སུ་འབོད་བཞིན་ཡོད་པ་དཔེར་ན། ཀླུང་ཤོད་ཁྲ་བ་ཁ་ནི་ད་ལྟའི་མལ་དྲོ་རྩེ་ཞོལ་ཤང་ཐ་རྒྱས་གྲོང་ཆོའི་ཤར་ཕྱོགས་རི་འདབས་ན་ཡོད་མུས་དང་། ཀླུང་ཤོད་སྙུག་རུམ་ནི་རྩེ་ཞོལ་ཤང་ཕྱི་ནང་གྲོང་ཆོའི་ཤར་ཕྱོགས་སྙུག་རུམ་བྱ་བའི་ལུང་པའི་མདོ་ཡི་ཉིན་ལྡེབས་སུ་ཡོད་ཅིང་། ད་ལྟ་གྱང་གོག་ལས་མཇལ་རྒྱུ་མེད་ཀྱང་དེའི་མིང་མ་ཉམས་པར་ཡོད་པ། ན་འགོ་ཞེས་པའང་དེང་གི་རྩེ་ཞོལ་ཤང་གེ་ཧོར་གྲོང་ཆོའི་ནུབ་བྱང་དུ་ཡོད་པའི་རལ་ནང་ཞེས་པའི་ལུང་ཚོའི་མདར་ཡོད་ལ། དེང་ཁ་སྐད་དུ་ན་ཀོང་ཞེས་འབོད་པ་ལྟ་བུ་ཡིན། ཡུལ་དེ་དག་ནི་བལྟོས་བཅས་ཀྱིས་ཞིང་ལས་དར་འཕེལ་ཆེ་བ་ཞིག་ཡིན། དེའི་ཕྱིར་ཀླུང་རོའམ་ཀླུང་ཤོད་ཅེས་པ་ཡང་ཕལ་ཆེར་དེང་གི་མལ་དྲོའི་སྟོད་དང་ལྷུན་གྲུབ་རྫོང་གི་ངར་ནང་ཁུལ་ལ་གོ་བར་བྱས་ན་ལོ་རྒྱུས་དོན་དངོས་དང་མཐུན་པར་སྙམ། དེས་ན་《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་》ཞེས་པར། “ཀླུམ་ཡ་གསུམ་ནི་དེང་སང་གི་འཕན་པོའོ་” (26)ཞེས་གསུངས་མོད། དེ་ནི་ཡུལ་གྱི་ཕྱོགས་ཙམ་ཞིག་ངོས་བཟུང་བ་ཡིན་པས་ཤིན་ཏུ་རགས་པའོ།   
          གཉིས། ཡུལ་མིའི་ངག་ཏུ་ཡོད་པའི་ཀླུང་ཤོད་དང་འབྲེལ་བའི་དགོན་མིང་ས་མིང་གི་ཐོག་ནས་གླེང་བ།   
          དེང་དུས་ཀླུང་ཤོད་ཅེས་པའི་ཞིབ་ཕྲའི་ཡུལ་གྱི་ངོས་འཛིན་ཚུལ་ཐད་ཡུལ་ལུང་མི་འདྲ་བར་ལྟ་ཚུལ་མི་འདྲ་བ་རེ་མཆིས་པས། དེ་དག་ཕྱོགས་གཅིག་ཏུ་འབབ་དཀའ་བར་སྣང་སྟེ། མལ་དྲོ་ཐང་རྒྱའི་ཡུལ་མི་རྣམས་ཀྱིས་ཀླུང་ཤོད་ཟེར་ན་རྩེ་ཞོལ་ལྟ་བུ་ཞིག་ལ་ངོས་འཛིན་པ་དང་། རྩེ་ཞོལ་བ་དག་གིས་ཀླུང་ཤོད་ཟེར་ན་ཕོད་མདོ་ལྟ་བུ་ཞིག་ལ་ངོས་འཛིན་པ། ཕོད་མདོའི་མིས་ཀླུང་ཤོད་ཟེར་ན་རྩེ་ཞོལ་ལམ་རོང་རྒྱུད་ལྟ་བུ་ཞིག་ལ་ངོས་འཛིན་པར་བྱེད། འོན་ཀྱང་ཐང་རྒྱ་དང་རྩེ་ཞོལ་སོགས་ཀྱི་ཁུལ་དུ་རྒྱུག་པའི་གཙང་པོ་དེའི་མིང་ལ་གང་ཟེར་ཞེས་དྲིས་ན། ཀླུང་ཤོད་གཙང་པོ་ཞེས་མ་གྲོས་གཅིག་མཐུན་དུ་འབོད། ང་ཚོས་ཡུལ་དངོས་ལ་སྐྱོད་སྐབས་དེ་ཁུལ་གྱི་ཡུལ་མིའི་ངག་ཏུ་ཡོད་པའི་དགོན་མིང་དང་ས་མིང་མང་པོའི་ཟླ་བོར་ཀླུང་ཤོད་ཅེས་བྱུང་བ་ཤེས་རྟོགས་ཐུབ་པ་དཔེར་ན། ད་ལྟའི་རྩེ་ཞོལ་བྱ་བའི་ཡུལ་སྡེ་རང་དུ་ཡོད་པའི་རྩེ་ཞོལ་དགོན་གྱི་མཚན་རྒྱས་པར་དབུ་རུ་ཀླུངས་ཤོད་རྩེ་བ་རྡོ་རྗེ་དབྱིངས་ཀྱི་སྐར་ཆུང་ཕོ་བྲང་ཞེས་ཞུ་ཞིང་། དགོན་པ་དེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ནེ་བཙན་པོས་ཐོག་མར་ཕྱག་བཏབ་པར་གྲགས་པ་དང་། དེང་གི་ཆར་རྩེ་ཞོལ་བློ་གྲོང་གྲོང་ཆོའི་ཁོངས་སུ་ཡོད་པའི་ཀླུང་ཤོད་ཕྱོར་ཕུ་ནི་དགེ་བཤེས་སྤྱན་སྔ་བ་དང་ཤར་པ་བ་སོགས་བཀའ་གདམས་གོང་མའི་བཞུགས་གནས་ཡིན་པ། གཞན་ཡང་ཀླུང་ཤོད་ཁྲི་ཡེར་ཞེས་པ་ནི་དགེ་བཤེས་ཞང་རོམ་པའམ་གྱེར་གོམ་པ་མཆོག་ཡུན་རིང་བཞུགས་མྱོང་བའི་གནས་ཡིན་པ་མ་ཟད། ཁོང་གི་སྲས་དགེ་བཤེས་སྟབས་ཀ་བ་མཆོག་གི་འཁྲུངས་ཡུལ་ཡང་ཡིན་པ་དེ་ཉིད་དེང་གི་རྩེ་ཞོལ་བློ་གྲོང་གྲོང་ཆོའི་ཁོངས་སུ་ཡོད་པ། རྗེ་ཙོང་ཁ་པའི་དངོས་སློབ་མངའ་རིས་པ་བསོད་ནམས་དོན་ཆེན་གྱིས་ཕག་བཏབ་པའི་ཀླུང་ཤོད་དཔལ་འབར་དགོན་དང་ཀླུང་ཤོད་འབར་ཚག་ཅེས་ཡིག་ཆར་གསལ་བ་དེ་ཉིད་ལ་ཡུལ་མིའི་ངག་ཏུ་ཀླུང་ཤོད་འབར་ཚག་དགོན་ཞེས་གྲགས་པ། གཞན་ཞང་བཙུན་ཆེན་པོ་སོགས་ཀྱིས་ཕྱག་བཏབ་པའི་ཀླུང་ཤོད་ལྷ་ཁང་ཞེས་པ་དང་། ཀླུང་ཤོད་དགེ་གོང་དགོན་ཞེས་པ། ཀླུང་ཤོད་ཨོ་རྣའམ་ཀླུང་ཤོད་འོ་རྣ་ཞེས་པ། ཀླུང་ཤོད་ངར་ནང་སྟབས་ཀ་དགོན་ཞེས་པ། ཀླུང་ཤོད་བྱ་ཡུལ་དགོན་ཞེས་པ། ཀླུང་ཤོད་ཤེ་མ་ཞེས་པ་སོགས་ལྟ་བུས་མཚོན། ཡུལ་མིའི་ངག་ཏུ་ཡོད་པའི་ཀླུང་ཤོད་དང་འབྲེལ་བའི་དགོན་མིང་ས་མིང་དེ་དག་ལ་ཞིབ་པར་བསམས་ན། གདགས་གཞི་དེ་དག་གི་གནས་ཡུལ་གཙོ་བོ་ནི་ད་ལྟའི་མལ་དྲོ་རྩེ་ཞོལ་ཤང་དང་ཕོད་མདོའི་སྨད་རྒྱུད་དམ་ངར་ནང་གི་ཁོངས་སུ་ཡིན་པས། ཀླུང་ཤོད་ཅེས་པ་ནི་སྟོད་ལྷུན་གྲུབ་རྫོང་ཕོད་མདོའི་སྨད་རྒྱུད་ཀྱི་རྭ་སྒྲེང་གཙང་པོ་རྒྱུག་ཁུལ་གྱི་གཡས་གཡོན་དག་ནས། སྨད་མལ་དྲོའི་སྨད་ཁུལ་སྐྱིརོའམ་སྐྱིད་ཆུ་རྒྱུག་ཁུལ་བར་ལ་གོ་བར་བྱས་ན། དཔྱད་གཞི་དང་མངོན་སུམ་གང་གིས་ཀྱང་མི་གནོད་ཅིང་དོན་གྱི་ཁད་ཐག་ཀྱང་ཉེ་བར་སྣང་ངོ་།
          གསུམ། རྒན་པོ་དག་གི་ངག་ལ་བྱང་པའི་ཀླུང་ཤོད་དང་འབྲེལ་བའི་གཏམ་ལས་གླེང་བ།   
          རྒན་པོ་འགའ་རེས་སྐྱིད་ཤོད་ཟེར་བ་དེར་ཡང་སྟོད་སྨད་གཉིས་ཏེ། འབྲི་གུང་གི་ས་སྣེ་རྫོགས་མཚམས་ནས་འབྲོམ་སྟོད་སྟག་རྩེ་ཁུལ་ཡན་ཆོད་དེ་ཙམ་ལ་སྐྱིད་སྟོད་དང་། དེའི་མན་ཆད་ནས་ཡར་ལུང་གཙང་པོ་དང་སྐྱིད་ཆུ་འདྲེས་མཚམས་ཆུ་ཤུལ་ཡན་ཆད་དེ་ཙམ་ལ་སྐྱིད་སྨད་ཟེར་བ་ཡིན་ཚུལ་གསུངས་ལ། ཀླུང་ཤོད་ལའང་ཕུ་མདའ་གཉིས་སུ་དབྱེ་སྟེ། ཀླུང་ཤོད་ཕུ་ནི་འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཁུལ་དང་ངར་སྣང་ཁུལ་གཉིས་ཡིན་པ་དང་། ཀླུང་ཤོད་མདའ་ནི་མལ་དྲོ་གུང་དཀར་རྫོང་རྩ་ཞོལ་དང་ཐང་རྒྱའི་སྨད་རྒྱུད་ཀྱི་གྲོང་ཚོ་ཁག་ཡིན་པར་བཞེད། བཞེད་ཚུལ་དེར་གང་ནས་བསམས་ཀྱང་རྒྱུ་མཚན་ལྡན་པར་མཐོང་སྟེ། རང་གི་ཕ་མས་ཀྱང་། གནའ་དུས་ཤིག་ལ་ཀླུང་ཤོད་ཀྱི་རྒྱུད་འདིར་མི་འབོར་ཧ་ཅང་མང་ཞིང་ཆོས་སྲིད་ཀྱི་འདུ་གནས་གལ་ཆེན་ཞིག་ཆགས་མྱོང་བས། རི་ཀླུང་གང་སར་ཞིང་ཤུལ་དང་། ལྷག་པར་དགོན་ཤུལ་སོགས་མང་པོ་ཡོད་སྐོར་གསུངས་མྱོང་། དེའི་ཤུགས་ལས་རང་ཉིད་ཆུང་དུས་ཕྱུགས་རྗིར་འགྲོ་སྐབས་མཐོང་མྱོང་བའི་རི་ལྡེབས་ཀྱི་གྱང་གོག་དང་། རི་འདབས་ཀྱི་པ་ཏྲའི་རི་མོ་འདྲ་བའི་ཞིང་ཤུལ་དག་ཀྱང་ཡིད་ལ་དྲན་བྱུང་། དེ་བཞིན་ཀླུང་ཤོད་ཕུ་མདའ་བར་གསུམ་གྱི་ཕྱོགས་གང་སར་གནའ་བོའི་བང་སོའང་མང་སྟེ། ཀླུང་ཤོད་ལྷ་ཁང་གྲོང་ཆོའི་བང་སོ་དང་། ཀླུང་ཤོད་ཕྱོ་རའི་བང་སོ། ཀླུང་ཤོད་དབྱི་བོའི་བང་སོ། ཀླུང་ཤོད་མདའ་རེའི་བང་སོ་སོགས་ཀྱིས་མཚོན། དེ་དག་ཀྱང་ཆེ་ཆུང་དང་མང་ཉུང་མི་འདྲ་སྟེ། མང་སར་བང་སོ་ཆེ་ཆུང་སྣ་ཚོགས་ཉིས་བརྒྱ་ལྷག་ཡོད་སྐད། མིག་སྔར་བང་སོ་ཕལ་ཆེ་བ་ཡུལ་མི་རྣམས་ཀྱིས་བསྔོགས་ཟིན་ཞིང་། བང་སོའི་ནང་ནས་རྫ་ཆས་དང་། མིའི་རུས་པ་སོགས་དུར་རྫས་སྣ་ཚོགས་ཐོན་པའི་ཁྲོད་ལས། རུས་པ་དེ་དག་ནི་ད་ལྟའི་མིའི་རུས་པ་ལས་ཆེ་ཞིང་། སྐབས་ཤིག་རིང་ཕྲུ་གུ་དག་གིས་རང་གི་མགོ་ལ་གྱོན་ནས་རྩེད་མོ་རྩེ་བའི་སྐོར་སོགས་ཀྱང་རྒན་པོ་རྣམས་ལ་གསུང་རྒྱུ་འདུག དེ་བས་རང་ཉིད་ཀྱི་ལྟེ་ཁྲག་འཕོས་སའི་གནས་རྩེ་ཞོལ་ཕྱི་ནང་གྲོང་ཆོའི་གྲོང་སྨད་སྒང་བྱ་བ་ནས་སྨིད་༡༠༠༠ཡས་མས་ནང་གནས་པའི་རི་འདབས་སུ་ཡང་གོང་ཞུས་བང་སོའི་ཆགས་དབྱིབས་དང་འདྲ་བ་འགའ་ཞིག་ཡོད་པ་དག་ཀྱང་བང་སོ་ཡིན་པར་ཐེ་ཚོམ་མི་དགོས་པས། ཀླུང་ཤོད་ཀྱི་རྒྱུད་དེར་སྔོན་གྱི་ཚེ་མི་ཚོགས་འདུ་ལོང་ཆེ་བར་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ། དེ་མིན་ཡུལ་དེ་གའི་མང་མང་གི་ཁ་དངགས་ལའང་། ཀླུང་ཤོད་རྩེ་མོ་མར་རྒྱབ། །མལ་གྲོ་ཀ་འཕྲང་ཡར་རྒྱབ། །ཕུ་མདོ་གཉིས་སུ་དབྱེ་ཡང་། །ཨ་ཁུའི་ཉིན་ལམ་རེ་རེ །ཞེས་སོགས་ཀླུང་ཤོད་ཅེས་པའི་ཡུལ་གང་དུ་ཡིན་པའི་ཤེས་བྱེད་ཀྱང་མང་དུ་འདུག དེས་ན་ཡུལ་དེའི་རྒན་པོའི་གསུང་དང་ས་ཡུལ་དངོས་ཀྱི་གནས་ཚུལ། སྔོན་གྱི་ཡིག་ཚང་དག་ལས་བྱུང་བའི་ཀླུང་རོའི་ཁུལ་གྱི་དགོན་སྡེའི་མིང་སོགས་འབྲེལ་ནས་བརྟགས་ཚེ། ཀླུང་ཤོད་ཅེས་པ་ནི་ཕོད་མདོའི་སྨད་རྒྱུད་དེ། ཀླུང་ཤོད་གཙང་པོ་རྒྱུག་ཁུལ་ནས་དེང་གི་མལ་དྲོ་དང་སྟག་རྩེའི་ལོ་ཞེས་པའི་ཡས་མས་ཀྱི་ས་ཆ་རྣམས་ལ་གོ་བ་ཡིན་པར་སྣང་། གཞན་ཡང་རྒན་པོ་འགའ་ཞིག་གིས་ཀླུང་ཤོད་ཅེས་པ་ནི་ཡུལ་ཕོད་མདོའི་བྱང་ཤར་ན་གནས་པའི་རི་ཟུར་གསུམ་གཏོར་མ་འདྲ་བ་ཤིན་ཏུ་ནས་ཀྱང་དཔྱད་ལེགས་པ་ཞིག་མཆིས་པ་དེའི་གཤམ་གྱི་ཡུལ་ལུང་ལ་གོ་བ་ཡིན་ཞེས་བརྗོད་མོད། རི་དེའི་མིང་དུ་རླུང་རི་ཕྱུག་པོ་ཞེས་འབྲི་བ་ལས་ཀླུང་རི་ཞེས་བྲིས་པའི་དཔྱད་གཞིའམ་ཁུངས་ཤིག་ད་ཕན་མ་མཐོང་བས། འདིར་བཏང་སྙོམས་སུ་མི་འཇོག་ཀ་མེད་བྱུང་།
          མཇུག་བསྡུའི་གཏམ།   
          ཏུན་ཧོང་བོད་ཡིག་ཤོག་དྲིལp.T1286ལས་བྱུང་བའི་ཀླུམ་རོའམ་ཀླུང་རོ། དུས་ཕྱིས་སུ་བཀའ་གདམས་པའི་དཔེ་ཆ་སོགས་སུ་ཀླུང་ཤོད་དང་ཀླུངས་ཤོད། རླུང་ཤོད་ཅེས་འབོད་པ་འདི་ནི། སྤྱིར་ན་རོང་འབྲོག་གཉིས་སུ་དབྱེ་བའི་རོང་པའི་ཁུལ་དང་། རི་ཁ་གཏད་གཉིས་དབར་གྱི་གཞུང་ས་ཡངས་པོ་སོགས་ལ་གོ་ཞིང་། ཞིབ་ཕྲའི་ཡུལ་ལུང་ནི་རགས་པའི་དབང་དུ་བྱས་ན། དེང་གི་ལྷ་སའི་སྐྱིད་ཆུའི་མགོ་སྟོད་དུ་ཡོད་པའི་དབུ་རུ་སྟོད་ཀྱི་ས་ཆ་རྣམས་ལ་ངེས་པ་དང་། ཞིབ་པར་གླེང་ན། གཙོ་བོ་ཀླུང་ཤོད་གཙང་པོ་རྒྱུག་ཁུལ་ཏེ། བྱང་སྟག་ལུང་དགོན་བརྒྱུད་ནས་འབབ་པའི་སྤྲག་ཆུའམ་དཔག་ཆུ་དང་། རྭ་སྒྲེང་དགོན་བརྒྱུད་ནས་འབབ་པའི་རྭ་སྒྲེང་གཙང་པོ་དང་། འདམ་གཉན་ཆེན་ཐང་ལྷའི་རྒྱུད་ནས་འབབ་པའི་ཕོད་མདོ་ལྷ་ཆུ་བཅས་ཆུ་བོ་གསུམ་འདྲེས་ཀྱི་མཚམས་ནས་མལ་དྲོའི་མ་ཆུ་འབྲེལ་མཚམས་བར་གྱི་ཡུལ་ལུང་དག་ལ་གོ་བ་ཡིན་ཞིང་། དེ་ཡང་ཏུན་ཧོང་གནའ་ཡིག་ལས་བྱུང་བའི་ལ་མོ་ཆག་པ་ཁྲུམ་མམ་ཕྱིས་ཆག་ལ་ཞེས་སུ་འབོད་པ་དེའི་ཕྱི་ནང་གཉིས་ལས་ནང་རོལ་ཏེ། གཙོ་བོ་ཀླུང་ཤོད་གཙང་པོ་རྒྱུག་ཁུལ་གྱི་གཡས་གཡོན་ཡུལ་ལུང་རྣམས་ལ་ངོས་བཟུང་ན། དོན་དངོས་དང་ཁད་ཐག་ཉེ་ཞིང་མངོན་སུམ་གྱི་གནོད་པའང་ཉུང་བར་སྣང་། འོན་ཏེ་རྒྱ་མ་ཁྲི་ཁང་སོགས་སྐྱིད་ཆུའི་ལྷོ་ཕྱོགས་པ་རྣམས་ནི་སྐྱིད་ཤོད་ཡིན་པ་ལས་ཀླུང་ཤོད་ཁོངས་སུ་མི་གཏོགས། དེ་ལྟར་ཏུན་ཧོང་བོད་ཡིག་ཤོག་དྲིལ་ལས་ཐོན་པའི་ཡུལ་མིང་ཀླུང་རོ་འམ་ཀླུམ་རོ་ཕྱིས་ཀླུང་ཤོད་སོགས་སུ་འབོད་པ་འདིའི་ཞིབ་ཕྲའི་ཡུལ་ངོས་འཛིན་ཚུལ་འདི་ཡང་། གཞན་གྱིས་མ་ཤེས་མ་གོ་བའམ་མ་དྲན་པ་དག་བརྗོད་པ་མིན་གྱི། ཉམས་ཞིབ་པ་དུ་མས་དཔྱད་པའི་མཐའ་དོན་རྣམས་ལ་གསལ་ཁ་གཏོད་པའམ་དེ་དག་གི་ཆ་ལག་གམ་ལེ་ལག་ལྟ་བུར་འགྱུར་ཕྱིར་དམིགས་པ་ཡིན་ནོ། །
          ལུང་འདྲེན་དཔྱད་ཡིག
          ①⑥མིག་དམར་ཚེ་རིང་།《<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་>ལས་བྱུང་བའི་བོད་ལྗོངས་ས་མིང་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཤ་༩༢ ༩༢
          ②འབྲི་གུང་སྐྱབས་མགོན་ཆེ་ཚང་། 《ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་》 སྲོང་བཙན་དཔེ་མཛོད་ཁང་།༢༠༡༠ལོར་དཔར། ཤ་༣༣
          ③གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར་དཔར། ཤ་༤
          ④(24)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཤ་༡༠༡ ༦༥༨
          ⑤⑦དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོར་དཔར། ཤ་༡༢༣  ༡༢༣
          ⑧(25)ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཤ་༤༡༥ ༤༠༥
          ⑨⒀⒁⒂འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ་》སྨད་མ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས། ༥༡༧ ༢༠༡༠ལོར་དཔར། ཤ་༢༥༦ ༣༡ ༣༩ ༤༡
          ⑩⑾⑿འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ་》སྟོད་ཆ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས། ༥༡༧ ༢༠༡༠ལོར་དཔར། ཤ་༦༧ ༢༨༣ ༤༡༨
          ⒃⒄⒅ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༡༣ལོར་དཔར། ཤ་༤༧༠ ༢༨༢ ༢༨༣
          ⒆ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོར་དཔར། ཤ་༡༢༣
          (20)(21)(22)འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱིས་མཛད། 《ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་སོགས་ཀྱི་བཀའ་གདམས་རིན་པོ་ཆེའི་གླེགས་བམ་བཞུགས་སོ་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར། ཤ་༣༦༤༤༣  ༧༦༦
          (23)《བཀའ་གདམས་བུ་ཆོས་ཞེས་བྱ་བ་བཞུགས་སོ་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར། ཤ་༦༨༨
          (26)ལྡོང་ཡོན་ཏན་རྒྱ་མཚོ། 《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་》ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ༢༠༡༠ལོར་དཔར། ཤ་༣༥༧
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1