གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༧ཉིན།

༄༅།། མཐོ་སྒང་གི་རྟ་རྩལ།


དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།

   རྟ་ནི་མདོ་དབུས་མཐོ་སྒང་གི་དམིགས་གསལ་གྱི་ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་འོག་གནའ་ནས་ད་བར་དུ་བོད་རིགས་མི་དམངས་ལ་མེད་དུ་མི་རུང་བའི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་སུ་གྱུར་ཡོད། བོད་ཡུལ་གྱི་ས་ཆ་མང་ཤོས་འབྲོག་ཁུལ་ཡིན་པས། རྟ་ནི་ཁོ་ཚོའི་རུ་སྤོ་བ་དང་གནས་གཞན་དུ་འགྲོ་སྐབས་ཀྱི་འགྲུམ་འགྲུལ་ཡོ་བྱད་གཙོ་བོ་ཡིན།

        བོད་རིགས་མི་དམངས་ཀྱི་སེམས་སུ་རྟ་ནི་དུད་འགྲོའི་ཕྱི་ལྤགས་གྱོན་པ་ཙམ་མ་གཏོགས་ཁོང་ཚོའི་ཁྱིམ་ཚང་གཅིག་པའི་མི་ལྟ་བུའི་འདུ་ཤེས་འཛིན་བཞིན་ཡོད། དུས་རབས་ཀྱི་འཕོ་འགྱུར་ཁྲོད་དུ་བོད་མི་དང་རྟ་གཉིས་ནི་འབྲལ་ཐབས་མེད་པའི་གྲོགས་པོ་བཟང་བོར་གྱུར་ནས། རྟ་རྩེད་དང་རྟ་རྒྱུག་སོགས་ཀྱི་རྩེད་མོའི་རིགས་སྣ་ཚོགས་སྤེལ། བོད་ཀྱི་ལོ་རྒྱུས་《མཁས་པའི་དགའ་སྟོན》ནང་དུ། གནའ་སྔ་མོའི་དུས་ནས་བོད་ཀྱི་མདའ་གཞུ་དང་འུར་རྡོ་གསར་གཏོད་བྱས་ཡོད་ལ། རྗེས་སུ་ཡང་རྟ་ཐོག་ནས་མདའ་འཕེན་པ་དང་རྟ་རྩལ་འགྲན་རྒྱུག་སོགས་གྱི་བྱེད་སྒོ་རིམ་བཞིན་གསར་གཏོད་དང་འཕེལ་རྒྱས་བྱུང།

        བོད་ལ་གནའ་ནས་རྟ་རྒྱུག་བྱེད་ན་ཡངས་པའི་རྩྭ་ཐང་དགོས། དཔའ་བོ་ཡིན་ན་རྟ་རྒོད་ཐོག་ཏུ་ཡོད་ཅེས་པའི་ཁ་དཔེ་ཡོད། བོད་རྒྱལ་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་ལ་སྟོབས་འབྱོར་ལྡན་པའི་རྟ་དམག་རུ་ཁག་ཡོད་ལ། དུས་རྒྱུན་དུ་རྟ་རྒྱུག་དང་རྟ་རྩལ། རྟ་ཐོག་མདའ་འཕེན་སོགས་ཀྱི་འགྲན་སྡུར་སྤེལ། རྗེས་སུ་རིམ་བཞིན་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་ཆ་ཤས་སུ་གྱུར། ལོ་རེའི་གསེར་མདོག་གི་དུས་ཚིགས་ཏེ་སྟོན་ཀ་དང་རོང་ཁུལ་དུ་སྟོན་བསྡུ་ཚར་བའི་དུས་སྐབས་སུ་བོད་ཀྱི་ས་ཁུལ་མང་ཆེ་ཤོས་སུ་སྤང་ཐང་དུ་སྤྲོ་འཁྱམ་ལ་རོལ་བའི་ལུགས་སྲོལ་ཡོད་བ་དང། སྐབས་དེར་རང་རང་གིས་དུས་རིང་བོར་གྲ་སྒྲིག་བྱས་པའི་རྟ་རྒོད་སོགས་ཁྲིད་ནས་འགྲན་ཞུགས་བྱེད་པ་རེད། ད་ལྟ་ཡང་བོད་ཁུལ་གྱི་ས་ཆ་མང་བོར་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་གང་མང་སྤེལ་བཞིན་ཡོད་པས་རྟ་མཆོག་གི་རིན་གོང་ཡང་སྔོན་ལས་ལྡབ་མང་འཕར་ཞིང་རྟ་འགྲོས་མ་ཡག་ཤོས་ཤིག་ལ་སྒོར་ཁྲི་ཉི་ཤུ་ལྷག་སྤྲད་བཞིན་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1