གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༢༠ཉིན།

ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།


     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། རིམ་ཁག་སྲིད་ཁྲིམས་ལས་ཁུངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གྱིས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། 2019ལོར་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཁྲིམས་བདེ་འཇགས་སྲུང་སྐྱོང་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ཐད་ཕན་འབྲས་གསར་པ་ཐོབ་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་བསྐྲུན་ཡོད། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལོ་ཞིག་ཡིན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་ཚོད་ལྟ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་ཞིག་ཧུར་ཐག་བསྐྲུན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཡུལ་ཕྱོགས་གཅིག་འཕེལ་རྒྱས་གཏོང་བ་དང་ཡུལ་ཕྱོགས་གཅིག་དུས་བདེ་ཡོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས། སྲིད་ཁྲིམས་ཚན་པ་ཁག་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་དང་། སྲིད་ཁྲིམས་ལས་དོན་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་རང་བཞིན་དང་། ལམ་སྲོལ་རང་བཞིན། སྲིད་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་དག་ཐེར་གཏིང་ཟབ་བྱས་ནས། ཏང་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། བློས་འགེལ་ཆོག་པ། བློ་བདེ་བ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
    ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་ཤིང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་གཞིགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཁྲིམས་ལས་དོན་གྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དེ་གཞི་འཛུགས་སར་བྱེད་པ། སྔོན་འགོག་ཚོད་འཛིན་ལ་བརྟེན་ནས་ཉེན་ཁའི་འབྱུང་ཁུངས་བསལ་རྒྱུ་དེ་ཤུགས་རྒྱག་སར་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བཅས་འཇུག་གཞིར་བྱེད་པ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཆེད། བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་བཅས་གཏོད་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1