གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༢༠ཉིན།

ཞི་ཅིན་ཕིང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་མཇལ་མོལ་གནང་བ།


           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་1པོའི་ཚེས་18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པི་ཏུའུ་རུ་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་དངོས་གཞིའི་མཇལ་མོལ་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། ཀྲུང་གོ་དང་འབར་མའི་སྤུན་ཟླའི་བརྩེ་དུང་ཟབ་མོ་ཡོད། མིག་སྔར་ཀྲུང་གོ་དང་འབར་མ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ད་ཐེངས་ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་མ་ལག་ གཏོད་རྒྱུའི་ཐག་བཅད་པས་ཕྱོགས་གཉིས་པོའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། ང་ཚོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དུས་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཆ་ལག་ཚང་བའི་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་ཤུགས་ཆེ་རུ་བཏང་ནས། ཀྲུང་གོ་དང་འབར་མའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
           དེ་ཡང་། གཅིག་ནི་འཕེལ་རྒྱས་ཀྱི་འབྲེལ་མཐུད་མགྱོགས་སུ་བཏང་ནས། དཔལ་འབྱོར་བར་ཁྱམས་བསྐྲུན་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལོ་ལྔའི་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་ཐོན་ནུས་མཉམ་ལས་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་སྐྲུན་རྒྱུ་ནི་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཟིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་འབར་མའི་མང་ཚོགས་ཀྱི་ཐོབ་ཚོར་གང་མགྱོགས་ཆེ་རུ་གཏོང་དགོས།
           གཉིས་ནི་རྣམ་གྲངས་གཙོ་གྲས་ལ་གཅིག་བསྡུས་བྱས་ཏེ། མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ཅའོ་ཕེའོ་རྣམ་གྲངས་ཀྱིས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ཐད་ཐོན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་ཆབས་ཅིག ཀྲུང་གོ་དང་འབར་མའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་རང་ཀོང་གྲོང་གསར་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། དཔལ་འབྱོར་བར་ཁྱམས་ཀྱི་བྱང་དང་ཤར། ནུབ་བཅས་ཕྱོགས་གསུམ་ནས་འདེགས་སྐྱོར་བྱེད་པའི་སྤྱི་ཡོངས་ཀྱི་བཀོད་པ་ཞིག་ཆགས་པ་བྱ་རྒྱུའི་མོས་མཐུན་བྱས་ཡོད། ཕྱོགས་གཉིས་པོས་གཞུང་ལམ་དང་། ལྕགས་ལམ། གློག་དྲ་སོགས་མཉམ་སྦྲེལ་མཉམ་མཐུད་ཀྱི་རྣམ་གྲངས་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་བཏང་ནས། བར་ཁྱམས་སྦྲེལ་མཐུད་ཀྱི་གཞི་སྒྲོམ་དྲ་རྒྱ་གང་མགྱོགས་ཆགས་པ་བྱེད་དགོས།
           གསུམ་ནི་ཉོ་ཚོང་དང་མ་འཇོག་རྒྱ་སྐྱེད་བཏང་ནས། ས་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། ཀྲུང་གོས་འབར་མ་དང་དངོས་གཉེར་མཉམ་ལས་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བདེན་ཁེའི་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་འབར་མ་ཕྱོགས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་ཀྱིས་འབར་མར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། འབར་མ་ཕྱོགས་དང་མཉམ་དུ་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ཀྱི་བྱང་སྣེ་ཡུན་ནན་ནས་འབར་མར་བསྐྱོད་པའི་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ། ཡུན་ནན་སོགས་ཀྲུང་གོའི་ས་གནས་ཞིང་ཆེན་གྱིས་འབར་མ་ཕྱོགས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་དགོས།
           བཞི་ནི་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཀྲུང་གོ་དང་འབར་མའི་རིག་གནས་ཡུལ་སྐོར་ལོ་ཡག་པོ་གཉེར་དགོས་པ་དང་། གཞོན་ནུ་དེ་བས་མང་བས་སྤེལ་རེས་བྱ་རྒྱུར་སྐུལ་ལྕག་བཏང་སྟེ། སྤུན་ཟླའི་མཛའ་གྲོགས་སྔ་འཛིན་ཕྱི་གཏོད་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ལམ་རྒྱུད་ཀྱི་དམངས་འཚོ་དང་། བདེ་འཇགས། རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ། འབར་མའི་གཞི་རིམ་མང་ཚོགས་དེ་བས་མང་བར་སྔ་ཙམ་ཕན་པ་དངོས་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
           ཨང་ཧྲན་སུའུ་ཅིས་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སླར་ཡང སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས། འབར་མ་ཕྱོགས་ཀྱིས་འབར་མ་དང་ཀྲུང་གོའི་མཛའ་གྲོགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། མུ་མཐུད་ཀྲུང་གོའི་གྲོགས་པོ་བཟང་པོ་བྱ་རྒྱུའི་རེ་བ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅིང་། འབར་མ་དང་ཀྲུང་གོའི་སྤུན་ཟླའི་བརྩེ་དུང་དེ་བས་ཟབ་ཏུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཐེབས་རྒྱུ་རེད། འབར་མ་ཕྱོགས་ཀྱིས་འབར་མ་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཅའོ་ཕེའོ་རྣམ་གྲངས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཐོན་ནུས། མི་ཆོས་རིག་གནས་སྤེལ་རེས། མཐའ་མཚམས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་འདོད་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས། ཐུན་མོང་ཐོག་འབར་མ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་མ་ལག་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཡག་པའི་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
           ཨང་ཧྲན་སུ་ཅིས། འབར་ཀྲུང་བར་གྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་རྒྱུ་དེ་ཡིན། དུས་ཡུན་རིང་པོའི་རིང་། ཀྲུང་གོས་ཕྱོགས་གཉིས་དང་རྒྱལ་སྤྱིའི་བང་རིམ་ནས་འབར་མར་བསམ་ཤེས་དང་རྒྱབ་སྐྱོར་གང་མང་གནང་བས་འབར་མའི་མི་དམངས་ཀྱིས་ནམ་ཡང་སེམས་སུ་འཇོག་ངེས་ཡིན། ཀྲུང་གོས་རྒྱབ་སྐྱོར་གནང་བ་དེའང་སྒེར་སེམས་མེད་པར་དེ་ནི་གཞུང་དྲང་ལུགས་མཐུན་སྲུང་སྐྱོབ་བྱས་པ་ཞིག་ཡིན་པས། འབར་མ་ལྟ་བུའི་རྒྱལ་ཁབ་ཆུང་ངུའི་ངོས་ནས་བརྗོད་ན་དེ་ནི་ཧ་ཅང་གི་རྩ་ཆེ་བ་ཞིག་ཡིན། མིག་སྔར། འཛམ་གླིང་ཞི་བདེ་དང་གོང་འཕེལ་དང་། རྒྱལ་སྤྱིའི་གཞུང་དྲང་ལུགས་མཐུན་སོགས་ཀྱི་གནད་དོན་གཞི་རྩ་ནས་ཐག་གཅོད་ཐུབ་མེད། རྒྱལ་ཁབ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས། ཆོས་ལུགས་སོགས་ཀྱི་གནད་དོན་ལ་ཁ་གཡར་ཏེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་དྲག་ཤུགས་ཀྱིས་ཐེ་ཇུས་བྱེད་ཀྱི་ཡོད། འོན་ཀྱང་འབར་མས་གནོན་ཤུགས་དང་ཐེ་ཇུས་དེ་རིགས་རྩ་བ་ནས་ཁས་ལེན་བྱེད་ཀྱི་མེད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་རྒྱལ་སྤྱིའི་གར་སྟེགས་ཐོག་འབར་མ་ལྟ་བུའི་རྒྱལ་ཁབ་ཆུང་ངུར་བདེན་པ་སྐྱོང་རོགས་བྱ་རྒྱུ་དང་། འབར་མའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཞུ་གི་ཡིན་ཞེས་གསུངས་ཡོད།
           ཞི་ཅིན་ཕིང་གིས། རྒྱང་ཐག་རིང་ན་རྟ་ཕོའི་རྒྱུགས་ཤེད་ཤེས། དཀའ་བའི་དུས་སུ་བརྩེ་བ་ངོ་མ་མངོན་ཞེས་པ་ཇི་བཞིན། ཀྲུང་གོ་ནི་འབར་མའི་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་ཞིག་ཡིན། ཀྲུང་གོ་དང་འབར་མས་ཐུན་མོང་ཐོག་ཞི་མཐུན་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་དང་ལག་ལེན་བསྟར་བཞིན་ཡོད། དེས་ཕན་ཚུན་བར་ཡིད་ཆེས་དང་རོགས་རམ་ཐུབ་ནས་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་བཏོད་ཡོད་ལ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུའི་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་མི་དམངས་ནས་རང་གི་རྒྱལ་ཚུལ་དང་མཐུན་པའི་གོང་འཕེལ་ལམ་བུ་གདམ་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོས་མུ་མཐུད་དེ་རྒྱལ་སྤྱིའི་ཐོག་འབར་མར་སྐད་ཆ་ཤོད་རོགས་བྱ་རྒྱུ་དང་། འབར་མས་རྒྱལ་ཁབ་ཀྱི་ལ་རྒྱ་དང་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོས་འབར་མས་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཞི་མཐུན་ཡོང་རྒྱུ་མངོན་འགྱུར་བྱེད་པའི་ཐད་རྒྱབ་སྐྱོར་ཞུ་རྒྱུ་དང་། དོན་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
           མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོའི་མ་ཟིན་བརྗེ་རེས་མཛད་སྒོར་ཞུགས་གནང་ཡོད། མཉམ་ལས་ཡིག་ཆ་དེ་དག་ནི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མ་འཇོག མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད།
           ཉིན་དེར། ཀྲུང་གོ་དང་འབར་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད།
           ཏིང་ཤོལ་ཞང་དང་། ཡང་ཅེ་ཀྲེ། ཝང་དབྱི། ཧོ་ལི་ཧྥོང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1