གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དོན་བྷེ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་སློབ་གསོ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༢༠ཉིན།

༄༅།། སློབ་འབྲིང་སློབ་མར་སློབ་གསོ་གཏོང་ཐབས་སྐོར་གྱི་ལྟ་ཚུལ་རགས་ཙམ་གླེང་བ།


དོན་བྷེ།
        [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་སློབ་མའི་བློ་རིག་པ་འཕེལ་རྒྱས་སུ་གཏོང་དགོས་ན་དགེ་རྒན་ནི་མེད་དུ་མི་རུང་བ་དང་དགེ་རྒན་གྱི་སློབ་གསོ་ནི་ཕུལ་བྱུང་གི་སློབ་གྲྭ་བསྒྲུབ་པའི་སྲོག་ཤིང་ཡིན་པ་ལ་གཞིགས་ནས། སྲོལ་རྒྱུན་སློབ་ཁྲིད་ཀྱི་ཁྲིད་ཐབས་རྙིང་པར་བཅོས་བསྒྱུར་དང་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བ་གཙོར་བཟུང་ནས། སློབ་མའི་ཀུན་སྤྱོད་འཕེལ་རྒྱས་ཏེ་ཤེས་རིག་གི་རྗེས་སུ་ལུས་པའི་གནད་དོན་དེར་བཅོས་བསྒྱུར་གཏོང་དགོས་པའི་གལ་ཆེན་རང་བཞིན་སྐོར་གླེང་འདུག
        [བརྡ་ཆད་གཙོ་བོ།]  སྒྲིག་ཁྲིམས། བོད་རིགས་སློབ་མ། ཐབས་ལམ་བཅོས་བསྒྱུར།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G612[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1004-5899(2018)01 -30-05   
        སློབ་གསོ་ནི་འཕེལ་རྒྱས་ཀྱི་ཐབས་ལམ་ཉག་གཅིག་པུ་དང་སློབ་གསོ་ནི་མདུན་བསྐྱོད་ཀྱི་སྲོག་ཤིང་རྩོད་མེད་དུ་གྲུབ་པའི་དུས་རབས་ཉེར་གཅིག་པའི་ནང་། རང་ཅག་བོད་ཀྱི་སློབ་གསོ་ནི་ནང་ས་དང་བསྡུར་ན་ད་དུང་ཅུང་རྗེས་ལུས་ཀྱི་གནས་སུ་ལུས་ཡོད། ཀུན་གྱི་མཁྱེན་གསལ་ལྟར་ཉེ་རབས་སློབ་གསོ་ནི་འདས་ཟིན་པར་ཁ་ཕྱོགས་པའི་སློབ་གསོ་གཙོ་བོར་བཟུང་བ་མ་ཡིན་པར། དེང་རབས་ཅན་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ་དམིགས་སུ་བཟུང་ནས་དེང་དུས་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས་པ་དེ་ཡིན་མོད། རང་ཅག་བོད་ཀྱི་སློབ་འབྲིང་སློབ་མའི་སློབ་ཁྲིད་ཐབས་ལམ་ནི། སྦྱངས་འབྲས་ལེགས་ན་ཕུལ་བྱུང་ཡིན་པ་དང་སྔོན་རབས་པའི་ལུགས་སྲོལ་དང་མཛུབ་སྟོན། ལྟ་བ་དང་གཏན་འབེབས་ཚང་མ་བཟང་པོར་བརྩིས་ནས་སྔར་ཡོད་ཀྱི་ཉམས་མྱོང་དང་ཤེས་བྱ་དག་ཆད་ལྷག་མེད་པར་རྗེས་རབས་པར་འཁྲིད་པ་དེ་གཙོ་བོར་བཟུང་པས། གསར་གཏོད་དང་འགྲན་རྩོད་ལ་བློ་རིག་རྒོད་ཅིང་། འབད་བརྩོན་དང་དཀའ་སྡུག་ལ་མགོ་མི་སྒུར་བའི་བོད་རིགས་སློབ་བུ་རྣམས་ཕ་མ་དང་དགེ་རྒན་དག་གིས་བཟོས་པའི་སྲོལ་རྒྱུན་གྱི་ཚད་གཞི་རྙིང་པ་དེ་དེད་ནས་འགྲོ་བཞིན་ཡོད།
        དང་པོ།  དགེ་སློབ་ཕན་ཚུན་བར་ལ་ཟུང་བཀུར་ཟུང་གཅེས་ཀྱི་འབྲེལ་བ་འཛུགས་དགོས།   
        སྨྲ་ཤེས་ཤིང་དོན་གོ་བའི་མི་སུ་དང་སུ་ཞིག་ཡིན་ཡང་སྤྱི་ཚོགས་འཚོ་གནས་ཀྱི་ཁོར་ཡུག་མི་གཅིག་པའི་དབང་གིས་ཤེས་བྱ་རིག་གནས་ཀྱི་མཐོ་དམན་མི་འདྲ་བ། དཔལ་འབྱོར་གྱི་འཕེལ་རྒྱས་མི་འདྲ་བ། ཡུལ་སྲོལ་གོམས་གཤིས་མི་གཅིག་པ་མ་གཏོགས། ཤེས་རིག་གི་སྒོ་ཐེམ་ལ་གོམ་པ་སྤོས་པ་དང་རང་བཀུར་རང་གཅེས་ཀྱི་བསམ་བློ་ཆགས་པ་ནས་མི་སུ་དང་སུ་ཞིག་ཡིན་རུང་། ཚང་མ་ཕན་ཚུན་འདྲ་མཉམ་ཡིན་པའི་བསམ་བློ་སྐྱེས་ཡོད་པ་ནི་གདོན་མི་ཟའོ།   
        མི་ཞིག་གི་མི་ཚེ་ཧྲིལ་པོའི་ཁྲོད་དུ། རེ་སྙེག་ཆེས་ཆེ་བ་ནི་ན་གཞོན་གྱི་དུས་ཡིན་ལ། ཡར་རྒྱས་གོང་འཕེལ་གྱི་མདུན་ལྗོངས་ཆེས་ཆེ་བའང་ན་གཞོན་གྱིས་དུས་སྐབས་ཡིན། དེ་དང་བསྟུན་ནས། གནོན་ཤུགས་ཆེས་ཆེ་བ་དང་འགན་འཁུར་ཆེས་ལྕི་བའང་ན་གཞོན་གྱི་དུས་སྐབས་ཡིན་མོད། འོན་ཀྱང་ང་ཚོ་དགེ་རྒན་རྣམ་པས་རྒྱུན་དུ་སློབ་མ་རྣམས་ལ་སྐར་གྲངས་ཁོ་ན་བརྩོན་ལེན་བྱེད་པའི་བསླབ་ཚན་དག་གཙོ་བོར་འཇིན་དགོས་པ་དང་། རོལ་དབྱངས་དང་ལུས་རྩལ་སོགས་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཕན་པའི་བསླབ་ཚན་ལ་དོ་སྣང་མི་བྱེད་པ། དགེ་རྒན་གྱི་གསུང་ཡོད་ཚད་ཇི་བཞིན་དུ་ལག་ལེན་བྱ་དགོས་པ་སོགས་སྒྲིག་ཁྲིམས་མང་པོ་ཞིག་གིས་སློབ་མའི་སེམས་ཁོངས་སུ་གཟུགས་མེད་ཀྱི་སྐྲག་སྣང་དང་གནོན་ཤུགས་ཤིག་རང་བཞིན་གྱིས་གྲུབ་ཡོད་པས་ན། སློབ་མས་རང་གི་ལྟ་བ་དང་བསམ་འཆར་སོགས་དགེ་རྒན་ལ་བཤད་ཕོད་པ་ཕར་ཞོག དགེ་རྒན་མཐོང་མ་ཐག་ནམ་ཡང་མགོ་བོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱེད་པ་དང་། ཐ་ན་དགེ་རྒན་དང་མཉམ་དུ་སྐད་ཅིག་ཙམ་ལའང་སྡོད་འདོད་མེད་པར། མྱུར་བ་མྱུར་དུ་དགེ་རྒན་དང་ཁ་བྲལ་འདོད་པའི་གོམས་སྲོལ་ཞིག་ཀྱང་ངང་གིས་གྲུབ་འདུག འདི་ལྟ་བུའི་གནའ་རབས་དང་གོམས་སྲོལ་རྙིང་པའི་སྒྲིག་སྲོལ་གང་མང་གིས་ཉི་གཞོན་བཞིན་འཛུམ་པའི་རང་རེའི་སློབ་མའི་སློབ་སྦྱོང་གི་དགའ་སྣང་དང་སློབ་སྦྱོད་གི་སྤྲོ་བ། སློབ་མའི་བསམ་བློ་དང་སྤྱོད་ལམ་སོགས་ལ་བཀག་འགོག་དང་ཚོད་འཛིན་ཆེན་པོ་བྱས་ཡོད་པ་མ་ཟད། མེ་ཏོག་བཞིན་བཞད་པའི་རང་རེའི་སློབ་བུ་རྣམས་ཀྱིས་དཔེ་ཁུག་ཁུར་ནས་སློབ་གྲྭའི་སྒོ་ཐེམ་ལ་གོམ་པ་སྤོས་མ་ཐག  སྲོལ་རྒྱུན་གྱི་ཚད་གཞི་ལས་བརྒལ་མི་ཆོག་པའི་སྒྲིག་སྲོལ་གང་མང་བཟོས་ཡོད་པས། འགྲན་རྩོད་ལ་བློ་ཁ་དུང་ཞིང་བསམ་གཞིག་ལ་བློ་ཁ་འབྱེད་པའི་བོད་རིགས་གཞོན་ནུ་ཚོའི་འཕེལ་རྒྱས་ལ་བཀག་འགོག་ཆེན་པོ་ཐེབས་ཡོད། དུས་རབས་ཉེར་གཅིག་པའི་ནང་རང་རེའི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་སམ་ཁ་ཕྱོགས་ཀྱང་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་སློབ་གསོའི་འཕེལ་རྒྱས་སམ་ཁ་ཕྱོགས་དང་འདྲ་བར་བཤེས་གཉེན་དག་གིས་རང་གི་རིག་སྟོབས་དང་ཉམས་མྱོང་ལ་བརྟེན་ནས་ན་གཞོན་སློབ་བུ་རྣམས་ཀྱི་སེམས་ཁམས་ལ་གཏིང་ཟབ་པའི་རྒྱུས་ལོན་བྱས་ཏེ་ཁོ་ཚོའི་འདོད་མོས་དང་དགའ་ཁ་འཁྱེར་སོ་བཞིན་གང་ལ་གང་འཚམས་ཀྱི་སློབ་ཁྲིད་ཐབས་ལམ་སྣ་ཚོགས་སྤྱོད་དགོས་པ་མ་ཟད། སློབ་མའི་ལྟ་བ་དང་བསམའཆར་དང་ལེན་གྱིས་དགེ་སློབ་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་བྱེད་པ་དང་སློབ་མས་དགེ་རྒན་ལ་བཀུར་བ་དང་དགེ་རྒན་གྱིས་སློབ་མར་གཅེས་ནས་ཟུང་བཀུར་ཟུང་གཅེས་ཀྱི་འབྲེལ་བ་ཆགས་པ་བྱ་ཐུབ་ཚེ 《སློབ་གསོའི་ལག་ལེན་རྣམ་བཤད》ལས་བཤད་པའི“དགེ་རྒན་ནི་སློབ་མའི་སེམས་ཁམས་བདེ་ཐང་གི་སྨན་པ་དང་སློབ་གྲྭ་ནི་སློབ་མའི་སེམས་ཁམས་བདེ་ཐང་གི་སྨན་ཁང་རེད་ལ། སློབ་ཁྲིད་ཀྱི་གོ་རིམ་རེ་རེ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་བྱ་འགུལ་རེ་རེ་རེད་”①ཅེས་པའི་སྐད་ཆ་དེའང་དངོས་ཐོག་བདེན་འཆོལ་གྱིས་བདེན་དཔང་བྱས་ཡོད་ལ། དུས་ནམ་ཞིག་གི་ཚེ་རང་ཅག་བོད་རིགས་སློབ་འབྲིང་སློབ་མ་དག་གིས་ཀྱང་རང་གི་ལྟ་བ་ཐེ་ཚོམ་མེད་པར་དགེ་རྒན་ལ་བརྗོད་ཕོད་པ་དང་། དགེ་རྒན་དག་གིས་ཀྱང་རང་རྒྱུད་ཀྱི་ཞིང་ས་བརླན་པའི་སྲོལ་རྒྱུན་གྱི་ཚད་གཞི་སྣ་ཚོགས་གཏོར་ནས། སློབ་མའི་དགའ་ཕྱོགས་ལ་བརྩི་སྲུང་དང་དོ་སྣང་བྱེད་པའི་དུས་ནི་བོད་ཀྱི་སློབ་གསོ་དེ་དོན་ངོ་མའི་སྟེང་ནས་སྔོན་ཐོན་སློབ་གསོའི་གྲལ་ཟིན་པ་དང་། དགེ་སློབ་ཕན་ཚུན་བར་ལ་ཟུང་བཀུར་ཟུང་གཅེས་ཀྱི་འབྲེལ་བ་ཆགས་པའི་ཉམས་དགའ་བའི་སློབ་གསོའི་དུས་སྐབས་དེའོ།།    
        གཉིས་པ། སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་དགོས།   
        མཁས་དབང་ཆེན་པོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས“ཀུན་སྤྱོད་ཀྱིས་ཤེས་ཡོན་གྱི་མི་འདང་ས་ཁ་གསབ་བྱེད་ཐུབ་མོད། འོན་ཀྱང་ཤེས་ཡོན་གྱིས་ཀུན་སྤྱོད་ཀྱི་མི་འདང་ས་ཁ་གསབ་བྱེད་མི་ཐུབ”②ཅེས་གསུངས་ཡོད་པ་དང་། 《ས་སྐྱ་ལེགས་བཤད》ལས“ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན”ཞེས་དང“གལ་ཏེ་རིག་པ་ཡོད་ན་ཡང་། །སྐྱེ་བོ་རང་བཞིན་ངན་པ་སྤང་། །དུག་སྦྲུལ་ནོར་བུས་མགོ་བརྒྱན་ཡང་། །མཁས་པ་སུ་ཞིག་པང་དུ་ལེན”③ཞེས་གསུངས་ཡོད་པ་བཞིན། ལོ་ཆུང་སློབ་མ་རྣམས་ལ་ཤེས་བྱ་རིག་གནས་བསླབ་པ་གཅིག་པུར་གཙོ་བོར་བཟུང་བ་ནས་སློབ་མར་བསམ་པ་ཡར་ཐོན་དང་ཀུན་སྤྱོད་བཟང་པོ་ཆགས་པར་སློབ་གསོ་གཏོང་བར་ཡང་ཤུགས་སྣོན་དགོས། ད་ལྟའི་དུས་རབས་འདིར་སློབ་མས་དགེ་རྒན་ལ་མི་བཀུར་བ་དང་དགེ་རྒན་ལ་ཁ་ལན་བསློག་པ། སློབ་བུ་ཕན་ཚུན་འཁོན་རེས་དང་རྩོད་པ་མང་བ། སློབ་ལ་མི་བརྩོན་པར་ཉི་མ་ཕུད་ཐབས་བྱེད་པ། སློབ་གྲྭར་མི་ཡོང་བར་དྲ་ཁང་དང་ཇ་ཁང་ཉུལ་བ་ཡོད་ཚད་ནི་མདོར་བསྡུས་ན་སློབ་མར་ཀུན་སྤྱོད་བཟང་པོ་མ་ཆགས་པས་ལན་པ་དང་། གནད་དོན་འདི་དག་ནི་གཙོ་བོ་སློབ་འབྲིང་ནང་གནས་དང་གནས་མུས་ཡིན་པས་ན་གནད་དོན་འདི་དག་བཅོས་བསྒྱུར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་དོན་ཆུང་འདི་དག་ལས་མ་འོངས་པར་དོན་ཆེན་བཟོ་སྲིད་པ་མ་ཟད་ཀུན་སློང་ངན་པ་དང་ཀུན་སྤྱོད་སྡུག་པའི་མི་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེ་བས། ལམ་སྟོན་གྱི་སྒྲོན་མེ་རུ་འབོད་པའི་དགེ་རྒན་དག་གིས་དུས་རྒྱུན་གྱི་སློབ་གྲྭའི་འཚོ་བའི་ཁྲོད་ཤེས་བྱའི་རིག་གནས་རྐྱང་བ་གཙོ་བོར་མི་བྱེད་པར་སློབ་མའི་བསམ་པ་དང་ཀུན་སྤྱོད་སྐྱེད་སྲིང་བྱེད་པ་ལའང་མཐོང་ཆེན་བྱ་དགོས་པས། ང་ཚོ་དགེ་རྒན་དག་གིས་དེ་བཞིན་དུས་ལས་གཡོལ་ཞིང་བྱེད་ཐབས་རྙིང་རུལ་དག་བཅོས་བསྒྱུར་མ་བྱས་པར་སློབ་མའི་ཤེས་བྱ་རིག་གནས་གཅིག་པུ་གོང་འཕེལ་གཏོང་བ་གཙོ་བོར་བཟུང་ཚེ། རང་ཅག་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཐད་ལ་གནོད་པ་ཆེན་པོ་ཐེབས་དང་ཐེབས་བཞིན་འདུག   
        སློབ་མར་བསམ་པའི་ཀུན་སློང་བཟང་པོ་ཞིག་དང་ཀུན་སྤྱོད་བཟང་པོ་ཞིག་ཆགས་པ་བྱ་དགོས་ན་དུས་རྒྱུན་གྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་དགེ་རྒན་གྱིས་བློ་སེམས་ཞིབ་མོས་སློབ་མར་བརྩི་བཀུར་བྱ་དགོས་པ་མ་ཟད་ད་དུང་སློབ་མར་བསྔགས་བརྗོད་བྱ་དགོས་པ་ཞིག་ཀྱང་ཡིན་དགོས། རྒྱུམཚན་ནི《སློབ་གསོའི་ལག་ལེན་རྣམ་བཤད》ལས་བཤད་པ་ལྟར། “སྐྱོན་བརྗོད་དང་སྡུག་དམོད་ཀྱིས་འཇོན་མི་བླུན་པོར་བསྒྱུར་ལ། ཡར་སྐུལ་དང་བསྟོད་པས་བླུན་པོ་འཇོན་མིར་ཡང་གཏོང་སྲིད”④ ཅེས་པ་ལྟར་དགེ་མིང་འབོད་པ་དག་གིས་སློབ་མའི་རང་བཀུར་བསམ་བློ་ལ་བརྩི་སྲུང་བྱ་དགོས་པ་མ་ཟད་སློབ་བུ་དག་གིས་བཟང་ཆ་ཉུང་ཉུང་རེ་ལའང་བསྔགས་བརྗོད་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་སྟེ། དགེ་རྒན་གྱི་རིག་གཞུང་དང་མི་ཆོས་སོགས་ཀྱི་སློབ་སྟོན་གྱིས་སློབ་མར་འོད་སྣང་སྤྲོ་བ་ཡིན་ལ་སློབ་མས་གུས་བཀུར་གྱིས་ལུས་ཟུངས་དང་རེ་འདུན་གྱི་མིག་ཟུང་གིས་དགེ་རྒན་ལའང་འོད་སྣང་སྤྲོ་བཞིན་ཡོད་པས། དགེ་རྒན་རྣམ་པས་དུས་རྒྱུན་སློབ་མའི་འཚོ་བའི་ཁྲོད་སློབ་མའི་ཡར་ཐོན་ཉུང་ཉུང་ངམ་བཟང་ཆ་ཆུང་ཆུང་རེ་རེ་ལའང་བསྟོད་བསྔགས་དང་ཡར་སྐུལ་མང་ཙམ་གྱིས་ལོ་ཆུང་སློབ་མའི་བསམ་པ་ལ་ནག་ནོག་གི་དྲི་མས་མ་གོས་པ་དང་ཀུན་སྤྱོད་བཟང་པོ་ལ་ལྷད་མ་ཞུགས་པ་ཡོང་བ་བྱས་ནས། སློབ་མའི་ཀུན་སྤྱོད་འཕེལ་རྒྱས་དེ་ཤེས་རིག་གི་རྗེས་སུ་ལུས་པའི་གནད་དོན་དེར་བཅོས་བསྒྱུར་གཏོང་དགོས་པའང་གནད་ཀྱི་དམ་པའོ།
        གསུམ་པ། དགེ་རྒན་གྱིས་རང་གི་ལས་འགན་རང་གིས་བསྒྲུབ་པར་བྱས་ནས་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།  
        གཅན་རོང་བསྟན་འཛིན་ལགས་ཀྱིས“སློབ་མའི་ཁུར་བོ་ལྗིད་དྲགས་པ་ནི་དོན་ངོ་མ་བཤད་ན་དགེ་རྒན་རང་གི་ལས་འགན་མ་འགྲུབ་པས་རེད”⑤ཅེས་གསུངས་པ་ལྟར། ང་ཚོས་བསམ་གཞིག་གི་སྒོ་མོ་ཆེས་ཆེར་ཕྱེས་ནས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བསྒྲིམས་ཚེ་སྐད་ཆ་འདི་ལ་གནས་ལུགས་ཆེན་པོ་འདུག་སྟེ རྒྱུ་མཚན་ནི་དགེ་རྒན་གྱི་སློབ་ཁྲིད་ཀྱི་ནང་དོན་ཇི་མ་ཇི་བཞིན་སློབ་མའི་བློ་ངོར་གསལ་པོར་འཇོག་མ་ཐུབ་པས། འུ་ཐུག་ཐབས་ཟད་ཀྱིས་སློབ་མར་ཡོད་ཚད་བློར་ངེས་སུ་འཇུག་པ་དང་ཡོད་ཚད་སྦྱང་ཚན་གྱི་རྣམ་པ་ལ་བཞག་སྟེ་བཙན་དང་དབང་གིས་སློབ་མའི་སྟེང་ལ་བཞག་པ་དང་འདི་ལྟར་འུ་ཐུག་ཐབས་ཟད་ཀྱི་ཡོད་ཚད་བློར་ངེས་དགོས་པ་དང་ཡོད་ཚད་སྦྱང་ཚན་འབྲི་དགོས་པ་འདིས་སློབ་མའི་ཁུར་པོ་ཇེ་ལྗིད་དུ་བཏང་ཡོད་པ་དང་། སློབ་མའི་ཁུར་པོ་ཇེ་ལྗིད་དུ་བཏང་བ་དང་ལྷན་དུ་འཕེལ་རྒྱས་དང་འགྲན་རྩོད་ལ་བློ་རིག་རྒོད་པའི་བོད་རིགས་སློབ་འབྲིང་སློབ་མའི་སེམས་ཁམས་ལའང་གནོད་པ་ཚབས་ཆེན་ཐེབས་ཡོད།
        དེང་སྐབས་བོད་ཁུལ་གྱི་སློབ་གྲྭ་ལ་ལ་དང་སློབ་གྲྭའི་ནང་གི་དགེ་རྒན་ལ་ལའི་བྱ་སྤྱོདལ་དོ་སྣང་ཞིག་བྱས་ཚེ། དགེ་རྒན་ཉུང་ཤས་ཀྱི་སློབ་མར་དཔེ་ཁྲིད་བྱེད་ཐབས་དང་སློབ་གསོ་གཏོང་སྟངས། སྒྲིག་ལམ་བཟོ་སྟངས་སོགས་ཀྱི་ཐད་གནད་དོན་མི་ཉུང་བ་འདུག་སྟེ། དཔེར་ན་དེང་སྐབས་དགེ་རྒན་ལ་ལས་རང་གི་བྱ་སྤྱོད་ཀྱིས་སློབ་མ་རྣམས་ལ་མིག་དཔེ་ངན་པ་འཇོག་སྲིད་པའི་མཇུག་འབྲས་སྣང་མེད་དུ་བཞག་ནས་སློབ་ཁྲིད་བྱེད་སྐབས་དུ་བ་འཐེན་པ་དང་ཉོག་བཤད་རྒྱག་པ། རང་གི་སྣང་བསྙན་ལ་གཟབ་གཟབ་མི་བྱེད་པ། སློབ་ཁྲིད་བྱེད་སྐབས་ཁ་པར་རྩེ་ནས་འདུག་པ། སློབ་ཁྲིད་མ་བྱས་གོང་དུ་གྲ་སྒྲིག་གང་ལེགས་མི་བྱེད་པར། སློབ་ཁྲིད་བྱེད་དུས་སློབ་མ་རྣམས་ལ་ཁ་གསལ་ཞིང་གོ་བདེ་བའི་ངང་ནས་སློབ་མའི་བློ་ངོར་ངེས་སླ་བའི་སློབ་ཁྲིད་ཅིག་བྱེད་མི་ཐུབ་པ་དང་། རང་ཉིད་ལ་སྒེར་དོན་ཡོད་ཚེ་སློབ་ཁྲིད་བྱེད་མཚམས་འཇོག་པའམ་བསྐྱར་སྦྱོང་བྱོས་ཞེས་པའི་མིང་གཡར་ནས་སློབ་མའི་དུས་ཚོད་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་གནད་དོན་མང་པོ་འདུག་པ་ནི་དངོས་གནས་སློབ་བུ་རྣམས་ལ་མཚོན་ན། གནོད་པ་ཚད་མེད་ཅིག་རེད། དེ་བས། དགེ་རྒན་གྱི་བྱ་བ་གཉེར་འདོད་པ་དང་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་པའི་མི་ཡོད་ཚད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། རང་ཉིད་ནི་སློབ་མ་རྣམས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བྱ་སྤྱོད་ལ་གཟབ་གཟབ་བྱས་ནས། སློབ་མ་རྣམས་ལ་མིག་དཔེ་ལེགས་པོ་ཞིག་སྟོན་པ་དང་། སློབ་མ་རེ་རེའི་མ་འོངས་པའི་མདུན་ལམ་དང་མི་ཚེ་ལ་བསམ་བློ་ཞིབ་མོ་བཏང་ནས། ཁོང་ཚོར་རང་ནུས་ཅི་ལྕོགས་ཀྱིས་མཛུབ་སྟོན་ལེགས་པོ་དང་སྣེ་འཁྲིད་ཡག་པོ་བྱེད་རྒྱུ་ནི་བྱ་བ་ཡོད་ཚད་ཁྲོད་ཀྱི་གལ་བོ་ཆེའི་ནང་གི་གཙིགས་ཆེན་ཡིན་པ་དུས་བརྟན་དུ་སེམས་ལ་ཉར་ཞིང་། སློབ་མ་རེ་རེར་སྦྱང་འབྲས་ཡག་པོ་དང་མདུན་ལྗོངས་ཡག་པོ་ཞིག་ཡོད་ཆེ། མི་རིགས་དང་མེས་རྒྱལ་ལའང་མ་འོངས་ཡག་པོ་ཡོད་སྲིད་པར་ཡིད་ཆེས་བརྟན་པོ་ཆགས་ཡོད་པ་རེད།   
        སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་མིའི་རིགས་བསམ་པའི་གོ་རྟོགས་འཕེལ་རྒྱས་སུ་ཕྱིན་པ་དང་ལྷན་དུ་ཤེས་ཡོན་མ་སྦྱངས་ན་འཚོ་སྡོད་འཕེལ་རྒྱས་མེད་པའི་གནས་ལུགས་རྟོགས་རྗེས། དགེ་རྒན་མང་པོ་ཞིག་གིས་རང་གི་སློབ་མར་གཞན་ལས་ལྷག་པའི་རེ་འདུན་བཅངས་པ་དང་། འགོ་ཁྲིད་ཀྱི་བསྟོད་བསྔགས་ཐོབ་པ་དང་གཞན་ལས་རང་ཉིད་ཀྱི་སློབ་བུ་ཀུན་ལས་ཁྱད་དུ་འཕགས་ཆེད་སློབ་མར་རེ་འདུན་ཚད་ལས་བརྒལ་བ་བཏོན་པ་དང་། སློབ་མས་དུས་རྒྱུན་བོད་ཡིག་དང་རྒྱ་ཡིག་གི་སློབ་ཚན་དང་དབྱིན་ཡིག་གི་མིང་ཚིག་བློ་ལ་ངོས་སུ་འཇུག་པ་དང་། རྩིས་དངོས་རྫས་གསུམ་གྱི་སློབ་དེབ་ཡོངས་ཀྱི་སྦྱང་ཚན་བཟོ་བ། སློབ་ཁང་དང་ཉལ་ཁང་ལ་གཙང་སྦྲ་བྱེད་པ་སོགས་ལས་འགན་མང་པོ་ཞིག་གིས་ཉིན་མཚན་གཉིས་ཀར་སྒྲུབ་ནའང་། ད་དུང་ཁྱིམ་བདག་དང་དགེ་རྒན་མང་པོ་ཞིག་གིས་སློབ་མའི་སློབ་སྦྱོང་གི་ཆུ་ཚད་དང་འདོད་མོས། དགའ་ཕྱོགས་སོགས་སྣང་མེད་ཀྱིས་ཡིག་རྒྱུགས་གཅིག་པུ་ལ་མཐོང་ཆེན་དང་དོ་སྣང་བྱས་པས། མེ་ཏོག་བཞིན་བཞད་ཅིང་ཉི་འོད་བཞིན་འཆར་བའི་སློབ་ཕྲུག་ཚོར་དབུགས་ལེན་པའི་དུས་ཡུན་ཞིག་ཀྱང་མི་འདུག་ན། རང་རེའི་སློབ་བུ་དག་ལ་སློབ་སྦྱོང་གི་སྤྲོ་སྣང་ཟེར་བ་མེད་ལ། སློབ་མའི་དགའ་སྣང་དང་དད་མོས་སོགས་ལའང་རྡོག་རྫིས་དང་རྩ་མེད་དུ་བཏང་ཡོད་པས། སློབ་སྦྱོང་གི་སྤྲོ་སྣང་ནི་སློབ་མའི་ཤེས་བྱ་འཕེལ་རྒྱས་ཀྱི་ཐབས་ལམ་ཡང་དག་པ་ཡིན་ཟེར་བ་དང་ཡང་རྒྱབ་འགལ་དུ་གྱུར་ཡོད་པ་མ་ཡིན་ནམ། དེའི་ཕྱིར་དགེ་རྒན་དག་གིས་དུས་རྒྱུན་དུ་སློབ་ཁྲིད་ཟིན་བྲིས་ནན་ཏན་གྱིས་འབྲི་བ་དང་དུས་རྒྱུན་དཔེ་དེབ་ལྟ་ཀློག་བྱེད་པ། དུས་རྒྱུན་དུ་ཆེད་ལས་གཅིག་པའི་དགེ་རྒན་དག་དང་འབྲེལ་འདྲིས་གང་མང་གིས་དགེ་རྒན་རང་གི་ལས་འགན་རང་གིས་ལེགས་པོར་བསྒྲུབ་ནས་སློབ་མར་རང་དབང་དང་ངལ་གསོའི་དུས་ཡུན་སྤྲོད་དགོས་པ་མ་ཟད། སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་དོ །   
        དོན་ངོ་མས་བཤད་ན་འདི་ནི་ན་གཞོན་སློབ་མ་རྣམས་པས་ང་ཚོ་དགེ་རྒན་ལ་བཏོན་པའི་རེ་འདུན་ཡིན་ལ། དེང་རབས་སློབ་གསོའི་འཕེལ་རྒྱས་ཁ་ཕྱོགས་ཀྱིས་ང་ཚོ་དགེ་རྒན་རྣམས་ལ་བཏོན་པའི་རེ་འདུན་ཡང་ཡིན། མདོར་ན། གཅན་རོང་བསྟན་འཛིན་ལགས་ཀྱིས《སློབ་གསོའི་ལག་ལེན་རྣམ་བཤད》ལས“ང་ཚོའི་དེ་རིང་གི་དབུལ་ཕོངས་དང་རྗེས་ལུས། བག་འཁུམས་བཅས་ནི་ཁ་སང་གི་སློབ་གསོ་ལ་མཐོང་ཆེན་མ་བྱས་པའི་མཇུག་འབྲས་ཀྱང་ཡིན”⑥ཞེས་གསུངས་པ་ལྟར། སློབ་གསོ་ལ་མཐོང་ཆེན་བྱ་རྒྱུ་ནི་མི་བུ་ཀུན་གྱིས་ཕྲག་སྟེང་དུ་ལེན་དགོས་པའི་འོས་འགན་འགངས་ཆེན་དེ་ཡིན་ནོ།།
        མཆན་དང་དཔྱད་གཞིའི་ཡིག་རིགས།
        ①④⑤⑥གཅན་རོང་བསྟན་འཛིན། སློབ་གསོའི་ཐབས་ལམ་རྣམ་བཤད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས། ཤ272 ཤ259 ཤ265 ཤ66
        ②དོར་ཞི་གདོང་དྲུག་སྙེམས་བློ ། དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ།  [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ23
        ③ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ས་སྐྱ་ལེགས་བཤད།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤ17
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1