ཞི་ཅིན་ཕིང་གིས་ཡུན་ནན་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-23


         དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་ཡག་པ། མེས་རྒྱལ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས་གནང་བ།
         ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡུན་ནན་ས་གཞི་ཆེན་མོ་དེ། ནམ་མཁའ་སྔོ་ཞིང་དྭངས་བ། མེ་ཏོག་རྣམ་པར་བཀྲ་བ། སྐྱེ་སྟོབས་དཔལ་གྱིས་ཕྱུག་པ་ཞིག་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡུན་ནན་དུ་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཞུས་གནང་བ་དང་། རྒྱལ་ཡོངས་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད།
         སྤྱི་ཟླ་1ཚེས་19ཉིན་ནས་21ཉིན་བར། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཧའོ་དང་ཞིང་ཆེན་གྱི་འགོ་འཛིན་རོན་ཁྲེང་ཧྥ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་ཐེང་ཁྲུང་དང་ཁུན་མིང་སོགས་སུ་ཕེབས་ནས་གྲོང་གསེབ་དང་། གནའ་གྲོང་། འབྱུང་ཁམས་འདམ་ར། ལོ་ཟོག་ཁྲོམ་ར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཅས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་ཞུས་གནང་ཡོད།
         པའོ་ཧྲན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོ་ནི་དེ་སྔ་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན་པ་དང་སྤྱི་ལོ་2017ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད། སྤྱི་ཚེས་19ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སན་ཅ་གྲོང་ཚོར་ཕེབས་ནས་དབུལ་སྒྲོལ་འགག་གཏོར་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ས་གནས་དེ་གའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་། སན་ཅ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་དང་འདེབས་འཛུགས་གསོ་ཚགས་ལས་རིགས། ངལ་ནུས་ཕྱིར་གཏོང་བཅས་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། མིའི་གནས་སྡོད་ཁོར་ཡུག་ལེགས་སུ་བཏང་བས། དབུལ་པོར་འགྱུར་ཚད་སྤྱི་ལོ་2014ལོའི་21%ནས་མིག་སྔའི་0.45%བར་ཆག་ཡོད་ཅེས་བརྗོད་པས། ཞི་ཅིན་ཕིང་གིས་དོན་དེར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་མི་རིགས་གཅིག་ཀྱང་མ་ལུས་པ་བྱ་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མི་རིགས་ཁག་གི་མི་དམངས་ནས་འདྲ་མཉམ་ངང་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
         ཞི་ཅིན་ཕིང་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལཱ་དབའ་རིགས་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། སི་མོ་ལཱ་ཞེས་པ་ནི་དབའ་རིགས་ཀྱི་སྐད་ནང་བདེ་སྐྱིད་ལྡན་པའི་ས་ཆའི་དོན་ཡིན། གྲོང་ཚོ་དེར་ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དེ་ནི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་ཞིག་ཡིན་ཞིང་། དབའ་རིགས་དང་། རྒྱ་རིགས། པའེ་རིགས། ཏའེ་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱས་ཡོད།
         ཞི་ཅིན་ཕིང་གིས་གྲོང་མི་ལི་ཧྥ་ཧྲུན་གྱི་ཁྱིམ་དུ་ཕེབས་ནས་མགྲོན་ཁང་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་སོགས་ལ་གཟིགས་པ་དང་། གནས་སྡོད་གནས་ཚུལ་མཁྱེན་རྟོགས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་གིས་སྒོ་རའི་ནང་ལི་ཧྥ་ཧྲུན་གྱི་ཁྱིམ་མི་དང་མཉམ་དུ་ས་གནས་དེ་གའི་དུས་ཆེན་གྱི་སྲོལ་རྒྱུན་བཟའ་བཅའ་སྟེ་འབྲས་སོག་བཟོས་གནང་བ་མ་ཟད་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། ལི་ཧྥ་ཧྲུན་ཁྱིམ་གྱི་དབུལ་སྒྲོལ་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ལི་ཧྥ་ཧྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དེ་སྔ་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁར་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་དགོས་པས་སྐབས་ཤིག་རིང་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བྱུང་། ལོ་དེ་དག་ནང་སྒོ་ཕྱུགས་གསོ་བ་དང་། འབྲས་བགྲུས་རྒྱག་པ། ཕྱིར་གླ་པ་རྒྱུག་པར་བསྐྱོད་པ་སོགས་བརྒྱུད་ཡོང་འབབ་མི་ཉུང་བ་ཞིག་བྱུང་ནས། སྤྱི་ལོ་2017ལོར་དབུལ་སྒྲོལ་ཐུབ་པ་དང་། ཁྱིམ་མི་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ། ཕྲུ་གུ་སློབ་གྲྭར་བསྐྱོད་ཐུབ་པ། ཁང་པ་གཙང་ལ་བརྟན་པ། འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་ལེགས་སུ་ཕྱིན་སོང་ཞེས་བརྗོད། ཞི་ཅིན་ཕིང་གིས་གསན་གྲུབ་རྗེས་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་ཞིང་། ཁོང་གིས། ཡུལ་མི་ཚོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་དང་པོ་ཙམ་ཡིན་པ་དང་། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་རེད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་རྨང་གཞིའི་སྟེང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། བདེ་སྐྱིད་ལྡན་པའི་དབའ་རིགས་གྲོང་ཚོ་དེ་བས་བདེ་སྐྱིད་ལྡན་པ་བྱ་དགོས་ཞེས་གསུངས་ཡོད།
         དྲོ་ཞིང་འཇམ་པའི་ཉི་འོད་ཐང་ཆེན་ཐོག་འཕྲོ་དུས། གྲོང་མི་རྣམས་ཀྱིས་འཁྲུག་ཆ་དོད་པའི་དབའ་རིགས་ཀྱི་ཞབས་བྲོ་འཁྲབ་བཞིན་མཆིས། ས་གནས་དེ་གའི་གོམས་སྲོལ་ལྟར། ཞི་ཅིན་ཕིང་གིས་དབའ་རིགས་ཀྱི་རྔ་ལན་གསུམ་བརྡུངས་གནང་ནས། དུས་སང་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། རྒྱལ་ཁབ་བདེ་ལ་འཁོད་པ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། གྲོང་མི་རྣམས་ཀྱིས་དགའ་སྤྲོའི་རྣམ་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིར་གཅིག་མཇུག་གཉིས་མཐུད་དུ་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་སྨོན་འདུན་ཞུས་གནང་ནས། ཡུལ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཡུལ་མི་ཚོས་༼དབའ་རིགས་མི་དམངས་ཀྱིས་གླུ་དབྱངས་གསར་པ་ལེན་༽ཞེས་པ་བླངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་གྲོང་ཚོ་ནས་དོན་པ་དང་། གླུ་སྒྲ་དང་དགོད་སྒྲ་གྲོང་ཚོའི་ནང་ཡུན་རིང་གྲགས་ཡོད་པ་རེད།
         དེ་རྗེས། ཞི་ཅིན་ཕིང་ཧོ་ཧྲུན་གནའ་གྲོང་དུ་རྟོག་ཞིབ་བརྟག་ཞིབ་གནང་བར་ཕེབས་ཡོད། ཧོ་ཧྲུན་ནི་གནའ་བོའི་དུས་སུ་སི་ཁྲོན་དང་། ཡུན་ནན། འབར་མ། རྒྱ་གར་གྱི་ལྷོ་ཕྱོགས་བཅས་ཀྱི་སྐམ་སའི་དར་གོས་ལམ་བུའི་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་ཞིང་། ཅུང་ཆ་ཚང་བའི་མིང་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་བཟོ་བཀོད་དུ་མ་ཉར་ཚགས་བྱས་ཡོད། ཧོ་ཧྲུན་དུ་གནའ་སྔ་མོ་ནས་རིག་གནས་ལ་མཐོང་ཆེན་དང་། སློབ་གསོ་དར་སྤེལ། ཁྱིམ་སྲོལ་ལ་མཐོང་ཆེན་བཅས་ཀྱི་སྲོལ་རྒྱུན་ལྡན་པ་དང་། ཧོ་ཧྲུན་དཔེ་མཛོད་ཁང་ནི་གྲོང་གསེབ་ཀྱི་དཔེ་མཛོད་ཁང་ཞིག་ཡིན་ཞིང་། དཔེ་མཛོད་ཁང་དེ་བཙུགས་ནས་ལོ་ངོ་90ལྷག་ཙམ་འདས་ཡོད། ཞི་ཅིན་ཕིང་དཔེ་མཛོད་ཁང་དུ་ཕེབས་པ་དང་། གནའ་གྲོང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་རིག་གནས་སློབ་གསོ་དར་སྤེལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས་ཧོ་ཧྲུན་གྲུ་ཁའི་འགྲམ་ངོགས་སུ་ཕེབས་ནས་གནའ་གྲོང་གི་མཛེས་ལྗོངས་ལ་གཟིགས་གནང་བ་དང་། ལྷོ་ནུབ་དར་གོས་གནའ་ལམ་གོང་འཕེལ་དང་ཧོ་ཧྲུན་གནའ་གྲོང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ལམ་འགྲམ་གྱི་ཡུལ་སྐོར་བ་དང་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་ཡང་སེ་གནང་བ་དང་། ཚང་མར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད།
         ཧོ་ཧྲུན་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་ཨའེ་སེ་ཆི་ཡི་ཕ་ཡུལ་ཡིན། ཞི་ཅིན་ཕིང་གནའ་གྲོང་གི་དབུས་སུ་གནས་པའི་ཨའེ་སེ་ཆི་དྲན་གསོ་ཁང་དུ་ཕེབས་པ་དང་། ཨའེ་སེ་ཆི་ཡིས་སྐུ་ཚེ་གང་པོར་མར་ཁེ་སི་རིང་ལུགས་མཚན་ཉིད་རིག་པའི་ཞིབ་འཇུག་དང་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། མར་ཁེ་སི་རིང་ལུགས་མཚན་ཉིད་རིག་པ་མང་ཚོགས་རང་བཞིན་དང་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བའི་མཛད་རྗེས་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། བློ་མཐུན་ཨའེ་སེ་ཆི་ནི་ཏང་གི་ཕུལ་བྱུང་རིགས་པའི་གཞུང་ལུགས་མཁས་པ་དང་། ཕུལ་བྱུང་རིགས་པའི་གཞུང་ལུགས་ལས་དོན་པ་ཞིག་ཡིན་པ་དང་། ཁོང་གི་དགོངས་པ་དང་དུས་རབས་ཟུང་སྦྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་སྦྲེལ། མཚན་ཉིད་རིག་པ་དང་མི་དམངས་ཟུང་སྦྲེལ་བཅས་ཀྱི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་གཏོང་དགོས། དུས་རབས་གསར་པར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ཡག་པོ་བརྗོད་ཐུབ་པའི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་ཀྱི་ཡོད་པ་དང་། མི་དམངས་ནས་གོ་བ་ལེན་ཐུབ་པ་དང་། གོ་བ་ལེན་འདོད་པའི་སྐད་ཆ་བརྗོད་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་ཁྱིམ་དུ་སླེབས་པ་བྱ་དགོས་ཞེས་བསྟན་གནང་ཡོད།
         སྤྱི་ཚེས་20ཉིན། ཞི་ཅིན་ཕིང་ཁུན་མིང་དུ་རྟོག་ཞིབ་བརྟག་ཞིབ་གནང་བར་ཕེབས་ཡོད། ཉིན་དེའི་ཕྱི་དྲོ། ཁོང་ཐོག་མར་ཏན་ཁྲི་མཚེའུ་ཡི་ཤིན་ཧའེ་ཕྱེད་གླིང་ཕྲན་གྱི་འབྱུང་ཁམས་འདམ་རར་ཕེབས་པ་དང་། ཡུན་ནན་ཞིང་ཆེན་དང་ཁུན་མིང་གྲོང་ཁྱེར་གྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ལྷོ་ནུབ་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པའི་སྤྱིའི་གནས་ཚུལ་གྱི་སྙན་སེང་གསན་གནང་ཡོད་ལ། ཏན་ཁྲི་མཚེའུ་དང་། ཧྥུའུ་ཤན་མཚེའུ། ཨེར་ཧའེ་མཚེའུ་བཅས་ཀྱི་ཆུའི་མ་དཔེ་དང་། ཏན་ཁྲི་མཚེའུ་ཡི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྲེམས་སྟོན་ལ་གཟིགས་གནང་ཡོད། ཏན་ཁྲི་མཚེའུ་ཡི་འབྱུང་ཁམས་ཁོར་ཡུག་ལ་དུས་མཚམས་ཤིག་རིང་གཏོར་སྐྱོན་ཕོག་ནས། རང་རྒྱལ་གྱི་སྦགས་གཙོག་ཚབས་ཆེ་ཤོས་ཀྱི་མཚེའུའི་གྲས་ལ་གྱུར་ཡོད། ལོ་མང་བཅོས་སྐྱོང་བྱས་པ་བརྒྱུད། འབྱུང་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས། ཏན་ཁྲི་མཚེའུ་ཡི་སྲུང་སྐྱོབ་བཅོས་སྐྱོང་དང་ཆུའི་སྤུས་ཚད་ལེགས་བཅོས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བཏོན་པའི་འབྱུང་ཁམས་ཤེས་དཔལ་འདུ་ཤེས་མི་སེམས་ལ་ཟུག་ཡོད། འདུ་ཤེས་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་དང་མཐུན་ཡོད་ལ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་མཐུན་ཡོད། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་སྔོན་ལ་སྦགས་གཙོག་བཟོ་བ་དང་རྗེས་སུ་བཅོས་སྐྱོང་བྱེད་པའི་ལམ་བུ་རྙིང་པའི་ཐོག་གཏན་ནས་བསྐྱོད་མི་རུང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་རྒྱུན་འཁྱོངས་དང་། རྒྱུན་བསྲིངས་ལྷོད་མེད། ཡུན་རིང་འབད་འཐབ་བྱས་ཚེ། རི་བོ་སྔོ་ལ་ཆུ་མོ་དྭངས་བ་དེ་གསེར་རི་དངུལ་རིར་འགྱུར་ཐུབ་ངེས་རེད། ཞི་ཅིན་ཕིང་གིས། ཡུན་ནན་གྱི་འབྱུང་ཁམས་གནས་བབ་གལ་ཆེན་པོ་ཡོད་པ་དང་རང་ཉིད་ཀྱི་བཟང་ཆ་ལྡན་ཡོད། འགག་རྩ་ནི་སྲུང་སྐྱོང་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས། ཏན་ཁྲི་མཚེའུ་ནི་ཁུན་མིང་དུ་ཕྲ་བཏབ་པ་ལྟ་བུའི་རྩ་ཆེའི་ནོར་བུ་ཞིག་ཡིན་པས། རི་བོ་སྔོན་པོར་དམ་འཛིན་ཡག་པོ་བྱས་ནས་རི་བོ་དང་། ཆུ་མོ། ནགས་ཚལ། ཞིང་ཐང་། མཚེའུ། རྩྭ་ཐང་བཅས་ནི་ཚེ་སྲོག་གཅིག་མཐུན་མ་ལག་ཡིན་པའི་འདུ་ཤེས་གཞིར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཡང་འབད་བསྐྱར་འབད་ངང་ཏན་ཁྲི་མཚེའུའི་བཅོས་སྐྱོང་ལས་དོན་སྔར་ལས་ལྷག་པ་བསྒྲུབ་དགོས་ཞེས་གསུངས་གནང་ཡོད།
         ཁུན་མིང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སྐབས་བཅུ་བཞི་པའི་ཁུན་མིང་གི་དཔྱིད་གསར་དུས་ཆེན་གྱི་ཉོ་སྒྲུབ་འགྲེམས་ཚོགས་གཉེར་བཞིན་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ཏེ་འགྲེམས་ཚོགས་ཀྱི་ལོ་ཟོག་ཁྲོམ་གཞུང་ལ་གཟིགས་གནང་ཡོད། ཁྲོམ་སྟེགས་ཐོག་ཞིང་ལས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་ཤིང་དུས་ཆེན་གྱི་དམངས་སྲོལ་མཁོ་ཆས་ལས་དུས་ཆེན་གྱི་རྣམ་པ་མངོན་པ་དང་། གྲངས་ཉུང་མི་རིགས་དང་མཐའ་འཁོར་རྒྱལ་ཁབ་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཡོད། ཞི་ཅིན་ཕིང་ཁྲོམ་འདོན་ཁུལ་དུ་ཕེབས་སྐབས་ཚོང་པ་དང་སྐུ་མགྲོན་གྱིས་འཚང་ཁ་ཤིག་ཤིག་ངང་དེ་གར་འཛོམས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད། ཁོང་གིས། སྔོན་ཆད་དངོས་ཟོག་མི་འདང་བ་ནས་ད་ཆ་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད་པའི་བར་ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལོ་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། སྔོ་ཚལ་དང་། འབྲུ་རིགས། ཤིང་འབྲས་བཅས་ཚང་མ་དམངས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་ལས་དོན་ཡག་པོ་བསྒྲུབ་སྟེ། དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་། སྤུས་ཚད་དང་བདེ་འཇགས་བློས་འགེལ་ཆོག་པ་བྱས་ཏེ་མང་ཚོགས་རྣམས་དུས་བདེ་ལྷིང་འཇགས་དང་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་ལ་རོལ་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་གནང་ཡོད།
         འགྲེམས་སྟོན་ཚོམས་ཆེན་གྱི་ཕྱི་རོལ་ཐང་ཆེན་དུ་ལོ་ཟོག་ཉོ་སྒྲུབ་བྱེད་པར་ཡོང་བའི་མང་ཚོགས་ཀྱིས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་དེར་འཛོམས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ཁམས་བཟང་ཞེས་བརྗོད་ཡོད། ཞི་ཅིན་ཕིང་གིས་ཚང་མར་མཛའ་བརྩེའི་ཕྱག་བཏང་གནང་ནས་ཡུན་ནན་གྱི་མང་ཚོགས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། ཀང་ཨའོ་ཐའེ་ཡི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲིས་སྨོན་འདུན་ཞུས་གནང་བ་དང་། ཚང་མ་ལོ་གསར་པའི་ནང་གཟུགས་གཞི་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། འཆམ་མཐུན་བཀྲ་ཤིས། བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲིས་སྨོན་འདུན་དང་མི་རིགས་ཁག་གི་མི་དམངས་རྣམས་བློ་བདེ་བག་ཕེབས་དང་། བློ་འབབ་ཡིན་མཐུན། དགའ་དགའ་སྤྲོ་སྤྲོ་ཡོང་བ། འཚོ་བ་སྔར་བས་ལེགས་སུ་འགྲོ་བའི་བཀྲིས་སྨོན་འདུན་ཞུས་གནང་བ་དང་། རླབས་ཆེན་མེས་རྒྱལ་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲིས་སྨོན་འདུན་ཞུས་གནང་ཡོད།
         འགྲེམས་སྟོན་ལྟེ་གནས་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཡུན་ནན་དགེ་འོས་སློབ་ཆེན་གྱི་སློབ་རའི་ནང་ཡོད་པའི་གཞུང་བཙུགས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་གནའ་ཤུལ་དུ་ཕེབས་ཏེ་རྟོག་ཞིབ་བརྟག་ཞིབ་གནང་ཡོད། སྤྱི་ལོ་1937ལོར་ལྗར་འགོག་དམག་འཁྲུག་ཁྱོན་ཡོངས་ནས་ལངས་རྗེས་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་ལྷོ་ཕྱོགས་སུ་སྤོ་དགོས་བྱུང་ཡོད། དཀའ་བ་དུ་མ་བརྒྱུད་ཁུན་མིང་དུ་བཀོད་སྒྲིག་བྱས་ཡོད། ཁུན་མིང་དུ་སྤོས་ནས་ལོ་བརྒྱད་སོང་རིང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཚོས་བློ་རྩ་བརྟན་ལ་གཟེངས་སུ་ཐོན་པའི་སློབ་གྲྭའི་གདམས་ངག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། སྙིང་དབུས་སུ་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་སྐྱོབ་པའི་ཕུགས་བསམ་བརྟན་པོ་བཅངས་ཤིང་། ཕྱར་བ་གྲུ་འདེགས་དང་དགྲ་ལ་མཉམ་སྡང་བྱས་ཏེ་ལྗར་འགོག་དམག་འཁྲུག་གི་ལོ་ཟླའི་ནང་སློབ་མ་དུ་མས་སློབ་མཚམས་བཞག་ནས་དམག་ནང་ཞུགས་པ་དང་རྒྱལ་ཁབ་སྲུང་བ། ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དགེ་སློབ་ཚོས་ནང་འཁྲུག་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་ལས་འགུལ་ནང་ཧུར་ཐག་ཞུགས་པ་དང་། མི་སེམས་འགུལ་བའི་རྒྱལ་གཅེས་རིང་ལུགས་ཀྱི་ལེའུ་བརྩམས་ཡོད།
         ཞི་ཅིན་ཕིང་གིས་ལམ་བར་དུ་བཅུ་གཉིས་པའི་ཚེས་གཅིག་གི་ལས་འགུལ་གྱི་དྲན་གསོའི་ཐང་ཆེན་དང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་སྔོན་མའི་སློབ་ཁང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དྲན་གསོའི་རྡོ་རིང་སོགས་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་ཡོད། ཁོང་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་དངོས་མང་བཤམས་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་དུས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྲག་རྒྱུན་རྒྱུན་འཛིན་དང་། རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པའི་ལོ་རྒྱུས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས། སློབ་གསོ་དང་རྒྱལ་ཁབ་ཀྱི་ལས་དབང་ནི་གཅིག་ལ་གཅིག་རྟེན་ཡིན། ང་ཚོའི་སློབ་གསོའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་དང་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལོ་རྒྱུས་ཀྱི་འགན་སེམས་དང་། མིག་རྒྱང་རིང་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད། དངོས་མང་བཤམས་མཛོད་ཁང་གི་མདུན་དུ། ཞི་ཅིན་ཕིང་གིས་ཡུན་ནན་དགེ་འོས་སློབ་ཆེན་གྱི་དགེ་རྒན་དང་ལས་བཟོ་པ་ཡོངས་དང་། དགུན་གསེང་སྐབས་སློབ་གྲྭར་བསྡད་ནས་སྤྱི་ཚོགས་ཉམས་མྱོང་གསོག་བཞིན་པའི་སློབ་ཆེན་སློབ་མའི་དང་བླངས་པའི་འཐུས་མི། དངོས་མང་བཤམས་མཛོད་ཁང་གི་ལས་དོན་མི་སྣ་བཅས་དང་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད་དགེ་སློབ་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་ཡོད།
         སྤྱི་ཚེས་21ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་གནང་བ་དང་། ཡུན་ནན་ཞིང་ཆེན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་དང་ཁས་ལེན་གནང་ལེགས་གནང་ཞོར། ཡུན་ནན་གྱིས་རྒྱལ་ཡོངས་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ཁྲོད་ཐོན་པའི་གནས་བབ་དང་ནུས་པར་ངོས་འཛིན་དང་དམ་འཛིན་ཡང་དག་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕར་སྣོན་བརྟན་པོ་ཡོང་བ་བྱེད་པ་དང་། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་གཞི་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁར་སྔོན་འགོག་བྱེད་པ། བརྟན་ལྷིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་ཁུལ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག ཨ་ཤེ་ཡ་ལྷོ་མར་ཕྱོགས་མའི་ལྟེ་བ་བཅས་འཛུགས་སྐྱོང་བྱེད་པའི་ཐད་འཕེལ་རིམ་གསར་པ་ཐོབ་པའི་བརྩོན་ལེན་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་ལེའུ་ཡག་པོ་བརྩམ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
         ཞི་ཅིན་ཕིང་གིས། དུས་རབས་གསར་པར་གོང་འཕེལ་ལ་དམ་འཛིན་བྱེད་པར་ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་བྱས་རྗེས་ལྟ་བ་ཡང་དག་འཛུགས་དགོས་པ་དང་། བརྟན་ལྷིང་དང་ཡར་རྒྱས། འཛུགས་པ་དང་གཏོར་བ། རྫུན་མ་དང་བདེན་པ། ཡན་ལག་དང་རྩ་བ། ཉེ་ས་དང་རིང་ས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མ་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་ཐིག་ཁོང་དུ་ཆུད་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། དངོས་གཟུགས་དཔལ་འབྱོར་དར་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལེགས་སྒྱུར་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་གནས་སྤོ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་བྱེད་པོའི་ནུས་པ་མངོན་གསལ་ཆེ་ཞིང་། དགེ་མཚན་གསབ་རེས་ཐུབ་པ། སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བ་བཅས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་བྱེད་པའི་གྲུབ་འབྲས་སྲ་བརྟན་བཏང་ནས། ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། གནམ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་རྒྱུན་ཆད་མེད་པར་ཡག་པོ་རྒྱག་དགོས། རྒྱལ་ཁབ་གོང་འཕེལ་གྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་བྱས་ཏེ། སྒོ་དབྱེ་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་། ཉེ་འཁོར་རྒྱལ་ཁབ་དང་ཕན་ཚུན་འབྲེལ་མཐུད་ཀྱི་རྒྱལ་སྤྱིའི་བགྲོད་ལམ་ཆེན་མོ་བསྐྲུན་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས། མཐའ་འཁོར་རྒྱལ་ཁབ་དང་རིག་གནས་སྤེལ་རེས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
         ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་ཡུན་ནན་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་འགན་ལེན་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཕྲེད་གཞུང་ཕྱོགས་གཉིས་ཀར་མཐའ་འཁྱོལ་བ་བཅས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་ཀུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་བཅས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་སོགས་ཀྱི་འཆར་འགོད་ལག་བསྟར་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། ཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ནག་སེལ་ངན་འཇོམས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། དུག་རྫས་དང་འཇིགས་སྐུལ། ལྐོག་འཚོང་། མགོ་སྐོར། མཐའ་མཚམས་ནས་ལྐོག་གྲོལ་བྱེད་པ། མཐའ་མཚམས་བརྒལ་ནས་རྒྱན་འཛུགས་སོགས་མཐའ་མཚམས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱབ་ཕྱོགས་སུ་གནས་པའི་ནག་ཚོགས་སྟོབས་ཤུགས་དང་། རྒྱབ་རྟགས་རྩ་བ་ནས་མེད་པ་བཟོ་བ་བཅས་བྱེད་དགོས། མཐའ་མཚམས་སྟོབས་ཆེན་དང་འགོག་སྲུང་སྲ་བརྟན་གྱི་ལས་དོན་སྒྲིག་གཞི་འཐུས་ཚང་བཙུགས་ནས། མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད།
         ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་ཆེས་ཆེ་བ། ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གནད་དོན་དམ་འཛིན་ཡག་པོ་བྱེད་པ། ཁྱོན་ཡོངས་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་རྟོགས་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལེགས་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཆེས་དབུལ་ཕོངས་ས་ཁུལ་དུ་གཅིག་སྡུད་བྱེད་པ། ལས་འགན་དཀའ་ཚེགས་ཆེ་བའི་རྫོང་དང་ཤང་ལ་དོ་ཁུར་བྱེད་པ། ཁག་གཅིག་བྱས་པ་ལྔའི་བྱ་ཐབས་ལ་གཞིགས་པ། རིག་དབྱེ་ཇུས་འདོན་དང་སྒོ་བྱང་འགེལ་བ་བརྒྱུད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མ་མཐའི་བཙན་རྫོང་འགག་གཏོར་ཏན་ཏིག་ཐུབ་པ་བྱེད་པ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་གཞི་རྩའི་ཚད་གཞི་དམ་འཛིན་ཡག་པོ་བྱེད་པ། རྩིས་ལེན་ནན་པོ་བྱེད་པ་བཅས་བྱེད་དགོས། རྗེས་མཐུད་ཀྱི་སྲིད་ཇུས་རྒྱབ་སྐྱོར་མི་འདང་བས་དབུལ་ལོག་ཐེབས་པའམ་ཡང་ན་ནད་གཞིའི་རྐྱེན་པས་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་དགོས། བསམ་བློ་ཕྱུག་པོ་དང་། དངུལ་ཁུག་གང་བ་གཉིས་ཀ་གཙོ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་སྐྱོར་དང་། རིག་སྐྱོར་བློ་སྐྱོར་གཉིས་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒོ་དབྱེ་རྣམ་པའི་དབུལ་སྐྱོར་དང་འགན་སྲུང་རང་བཞིན་གྱི་དབུལ་སྐྱོར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་གནང་ཡོད།
         ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོར་དུས་ཚོད་ཀྱི་ཚད་བཀག་ཡོད། ཐོག་མའི་བསམ་འདུན་ལ་དུས་བཀག་མེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མུ་མཐུད་འབད་བརྩོན་བྱེད་རྒྱུར་སྐུལ་འདེད་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་དེ་གཉིས་ཏང་འཛུགས་སྐྱོང་བྱེད་པའི་འགྱུར་མེད་ཀྱི་བརྗོད་གཞི་དང་། ཏང་ཡོན་དང་ལས་བྱེད་པའི་ཚེ་གང་གི་བསླབ་གཞིར་འགྱུར་བ་བྱེད་པ། དུས་རབས་གསར་པར་དཀའ་སྤྱད་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་སྐུལ་སྤེལ་བྱེད་པ་བཅས་བྱེད་དགོས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱས་ནས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གལ་ཆེན་པོ་ཡིན་པ་ཤེས་རྟོགས་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གཉིས་བརྟན་སྲུང་བྱ་རྒྱུ་གལ་ཆེན་པོ་ཡིན་པར་གོ་བ་ལེན་ཐུབ་པ་བྱེད་དགོས། ཡུན་ནན་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད། གཏམ་རྒྱུད་དེ་དག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་སློབ་གསོའི་གསོན་ཉམས་ལྡན་པའི་བསླབ་གཞིར་འཛིན་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་ལ་ཞིབ་བཤེར་དང་། ཐོག་མའི་བསམ་འདུན་གསོ་སྤེལ་བྱ་རྒྱུར་སྣེ་ཁྲིད་བྱས་ནས། ལྷག་བསམ་དག་ལ་བསམ་བློ་གཙང་ཞིང་འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་བཟང་ལ་ཞུན་བརྡར་ཟམ་མི་ཆད་པར་བྱེད་དགོས། བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་མཉམ་སྐྱོད་བྱེད་དགོས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པས་འདུ་ཤེས་རྙིང་པ་རྩ་གཏོར་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས། སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གསོ་སྤེལ་བྱེད་པ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཉེན་སྟོན་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། གཅིག་ཤེས་ཀུན་གྲོལ། རྐྱེན་རྩ་ཆུང་ལྡོག ལམ་ནོར་ཟློག་ཤེས་བཅས་བྱ་ཐུབ་པ་བྱེད་དགོས། དབང་ཆ་ཚོད་འཛིན་བྱེད་པའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ལས་བྱེད་པས་རང་ངོས་གཅུན་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་དབང་ཆའི་བསམ་བློར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། བཟའ་ཟླ་དང་གཉེན་ཉེར་སློབ་གསོ་དང་དོ་དམ་ཡག་པོ་བྱེད་པ། ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་མིའི་བཀོལ་སྤྱོད་སྟོན་ཕྱོགས་ཁ་གསལ་བ་ཞིག་འཛུགས་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1