དགེ་འདུན་འདུ་ཚོགས་ནས་རིམས་ལྡོག་སྨོན་ལམ་གནང་བ་མ་ཟད་ད་དུང་ཞལ་འདེབས་ཕུལ་བ་རེད།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-05


          རྒྱལ་ཡོངས་ས་གནས་ཁག་གིས་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་བོད་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་གནས་སྐབས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྒོ་འབྱེད་མཚམས་འཇོག་པ་དང་། མཉམ་སྡེབ་ཆོས་ལུགས་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱེད་པ། ཆོས་ལུགས་སློབ་གླིང་གི་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱེད་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་འཕྲལ་མར་སྤྱད་དེ་དད་ལྡན་མང་ཚོགས་ལ་དྲིལ་བསྒྲགས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད།


གཙུག་ལག་ཁང་གི་དགེ་འདུན་ནས་ཞལ་འདེབས་ཕུལ་བ།
          གསར་འགོད་པས་ས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་གནས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤྱི་བསྒྲགས་སྤེལ་ནས་དཔྱིད་གསར་དུས་ཆེན་རིང་གནས་སྐབས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་མཚམས་བཞག་ནས་མཆོད་འབུལ་དང་སྨོན་ལམ་སོགས་མཉམ་སྡེབ་ཆོས་ལུགས་བྱེད་སྒོ་གནས་སྐབས་སྤེལ་མཚམས་བཞག་ཐོག་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་གྲོས་འགོ་བཏོན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ཏེ་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཐོག་ལྷ་ལྡན་གཙུག་ལག་ཁང་དང་། འབྲས་སྤུངས་དགོན། སེ་ར་དགོན། ཀུན་བདེ་གླིང་དགོན་སོགས་ཀྱིས་ནད་གྲོལ་དཀའ་སེལ་དང་འགྲོ་བར་ཕན་པ་འདོགས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་རིམས་ནས་གནོད་འཚེའི་ཁུལ་ལ་ཞལ་འདེབས་འབུལ་བའི་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་འབྲེལ་རྒྱལ་ཁམས་བདེ་ཞིང་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་ཡོང་བའི་རིམས་ལྡོག་སྨོན་ལམ་གཟབ་རྒྱས་གནང་ནས་རིམས་ནད་སྔོན་འགོག་དང་རིམས་ལྡོག་ཡོང་ཆེད་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཡོད་པ་རེད།
ཀུན་བདེ་གླིང་དགེ་འདུན་ནས་ཞལ་འདེབས་ཕུལ་བ།
འབྲས་སྤུངས་དགོན་ནས་ཞལ་འདེབས་ཕུལ་བ།
སེ་ར་དགོན་གྱི་དགེ་འདུན་ནས་ཞལ་འདེབས་ཕུལ་བ།
          གཞན་ཡང་ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་2ཚེས་2ཉིན་བར་རྒྱལ་ཡོངས་ས་གནས་ཁག་གི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རིམ་རྩིས་བྱས་ན་ཞལ་འདེབས་བརྒྱབ་པའི་སྒོར་དུང་ཕྱུར་1.5ལས་བརྒལ་ཡོད་ལ་རིམས་ནད་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་ཆོས་ལུགས་ལས་རིགས་ཀྱི་ཞལ་འདེབས་དང་དངོས་ཟོག་བསྡུ་རུབ་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1