རྒྱལ་ཡོངས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གོང་འོག་མཉམ་འགུལ་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-05


          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟར་རྒྱུན་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་གང་གསུང་དེ་སྒྲུབ་ཐུབ་པ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ངེས་པར་དུ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་གྱི་ཀྲུང་དབྱང་འགོ་ཁྲིད་ཚོ་ཆུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་སྒྲིག་གཞིའི་བཀོད་འདོམས་དང་ལེན་མཐའ་གཅིག་ཏུ་ཞུ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་སྤྱད་དེ་ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་བསམ་བློ་གཏོང་དགོས་ལ། གཙོ་གནད་ས་ཁུལ་དང་རྒྱལ་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཡང་བསམ་བློ་གཏོང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གོང་འོག་མཉམ་འགུལ་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བསྟན་གནང་ཡོད།
          སྤྱི་ཚེས་4ཉིན་གྱི་སྔ་དྲོ། ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་གིས་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཕོག་པའི་ནད་པ་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམག་ཡོངས་ཀྱིས་ཁྱོན་སྨན་དོན་མི་སྣ་1400སྐོང་འཐེན་སྒྲིག་འཛུགས་བྱས་ཏེ་ཧོ་ཧྲེན་ཧྲན་སྨན་ཁང་གི་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་འགན་འཁུར་ཡོད་པ་རེད། བཅིངས་འགྲོལ་དམག་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་དམག་དོན་ཚན་རིག་ཁང་གི་དམག་དོན་གསོ་རིག་ཞིབ་འཇུག་ཁང་ནས་བཙུགས་པའི་མཉམ་འབྲེལ་རིགས་གཅིག་མཁས་པའི་ཚོགས་ཆུང་ཧོ་ཧྲེན་ཧྲན་སྨན་ཁང་དུ་བཅའ་སྡོད་བྱས་ཏེ། ས་ཆ་དངོས་སུ་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་གནང་གི་ཡོད་པ་རེད། ཧོ་ཧྲེན་ཧྲན་སྨན་ཁང་སྨན་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཙེ་ཨན་གྱིས། སྐྱོབ་བཅོས་ལག་རྩལ་ཐད་དམག་མིའི་གསོ་རིག་སློབ་ཆེན་གསུམ་དང་ཧྲི་ཤོག་རིམ་པའི་སྨན་ཁང་ཁ་ཤས་ཀྱི་རིགས་གཅིག་མཁས་པ་ཡོད་པ་དང་། སྐྱོབ་བཅོས་ལག་རྩལ་ཧ་ཅང་ཡག་པོ་ཡོད་པས། ནད་གཞི་ལྕི་པོ་ཕོག་པའི་ནད་པ་དང་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མགྱོགས་པའི་ནད་པ་ཚོར་ང་ཚོའི་འདི་གར་རྣག་ཐོག་གཙག་འཁེལ་ཐུབ་པ་བྱེད་ཐུབ་ཅེས་བཤད་ཆོག སྨན་རྫས་དང་། རྒྱུ་ཆ། སྒྲིག་ཆས། འགོག་སྲུང་དངོས་རྫས་བཅས་གཞི་རྩའི་ཐོག་དམིགས་སར་འབྱོར་ཟིན་ཞེས་གསུངས་ཡོད་པ་རེད།
          སྤྱི་ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་11པར། ཅི་ལིན་སློབ་ཆེན་པའེ་ཆིའུ་ཨེན་སྨན་ཁང་དང་པོས་རྒྱལ་ཁབ་ཀྱི་ཛ་དྲག་གསོ་རིག་རོགས་སྐྱོར་རུ་ཁག་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་སྐྱོད་པའི་མཛད་སྒོ་འཚོགས་པ་དང་། དེ་ཡང་སྨན་ཁང་དེས་མངགས་གཏོང་བྱས་པའི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་བཞི་པ་དེ་ཡིན་པ་རེད། ད་ཐེངས་ཀྱི་རོགས་སྐྱོབ་རུ་ཁག་གི་རུ་མི་32དེ་དག་ཆུ་ཚོད་48ཀྱི་རྗེས་སུ་ཧུའུ་པེའི་ཝུའུ་ཧན་དུ་འབྱོར་ནས་སྨན་བཅོས་ལས་འགན་བསྒྲུབ་རྒྱུ་ཡིན་པ་རེད། ཅི་ལིན་སློབ་ཆེན་གྱི་སྨན་ཁང་དང་པོའི་རྒྱལ་ཁབ་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཆི་ཡུས་ཝུའེ་ཡིས། ང་ཚོས་རི་ཐང་དུ་གྲུ་ཁང་གྲུ་བཞི་ཅན་གྱི་སྨན་ཁང་ནང་ལས་ཀ་བྱེད་ཀྱི་ཡོད་པས། སྒར་སའི་ནང་སྐྱོབ་བཅོས་ཀྱི་ཕན་འབྲས་ཐོན་ཐུབ། སྒུལ་བདེའི་གསོ་རིག་ཞིབ་བཤེར་རླངས་འཁོར་ཡོད་ལ། ད་དུང་སྙིང་གློག་འཕྲུལ་ཆས་ཡོད། ང་ཚོས་ད་དུང་ཁྲག་ལེན་པ་དང་། ཁྲག་གི་རྒྱུན་སྲོལ་བཟོ་བ། བྲང་ཁོག་བརྟག་དཔྱད་བཅས་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད།
          སྤྱི་ཚེས་4ཉིན་གྱི་ཕྱི་དྲོ་ཀོང་ཞི་ཡི་ཧུའུ་པེར་སྐྱོད་མཁན་རིམས་ནད་འགོག་བཅོས་སྨན་བཅོས་རུ་ཁག་ཁག་གཉིས་པ་ནན་ཉིང་ནས་ཐོན་ཏེ་ཝུའུ་ཧན་དུ་སྐྱོད་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་ཛ་དྲག་གསོ་རིག་རོགས་སྐྱོབ་སྨན་བཅོས་རུ་ཁག་གི་མི་36དང་ནད་སྐྱོང་ཆེད་ལས་སྨན་བཅོས་རུ་ཁག་གི་མི་100ཡོད་པ་རེད། ཁག་གཉིས་པའི་ཀོང་ཞི་ཡི་ཧུའུ་པེར་སྐྱོད་མཁན་རིམས་ནད་འགོག་བཅོས་སྨན་བཅོས་རུ་ཁག་གི་རུ་དཔོན་ཧོ་ཞང་ཀོང་གིས། ཝུའུ་ཧན་དུ་སླེབས་རྗེས་ང་ཚོས་ཧུའུ་པེ་ཝུའུ་ཧན་གྱི་སྤྱི་ཁྱབ་བཀོད་འདོམས་པའི་བཀོད་གཏོང་དང་ལེན་ཞུས་ནས། ང་ཚོའི་གྲུ་ཁང་རླངས་འཁོར་བེད་སྤྱོད་བྱ་རྒྱུ་ཡིན། དེ་ནི་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང་གི་གཞི་ཁྱོན་དང་མཚུངས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
          རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཐོའི་བླང་བྱ་གཞིར་བཟུང་། རྒྱལ་ཡོངས་སུ་ད་དུང་རྒྱལ་ཁབ་ཀྱི་ཛ་དྲག་གསོ་རིག་རོགས་སྐྱོབ་སྨན་བཅོས་རུ་ཁག་ཁ་ཤས་ཝུའུ་ཧན་དུ་སྐྱོབ་བཅོས་ལས་འགན་སྒྲུབ་པར་བསྐྱོད་རྒྱུ་ཡིན་པ་རེད། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པའི་ངོས་ནས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་སྤྱོད་འགོག་སྲུང་མཁོ་ཆས་དང་སྨན་རྫས་སོགས་ཀྱི་དགོས་མཁོ་མགྱོགས་མྱུར་འཕར་ཡོད། ཨན་ཧུའེ་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་དབྱང་གཉིས་ཆུ་ཐོན་སྐྱེད་ཁེ་ལས་ཤིག་གིས་དཔྱིད་གསར་དུས་ཆེན་རིང་མི་བརྒྱ་ཙམ་ལས་དུས་འཕར་མ་བྱས་ཡོད་པ་དང་། མིག་སྔར་རིམ་རྩིས་བྱས་ན་ཧུའུ་པེར་དབྱང་གཉིས་ཆུ་སོགས་དུག་སེལ་དངོས་རྫས་ཏུན་2000ཙམ་སྐྱེལ་ནས། ཧུའུ་པེའི་ཝུའུ་ཧན་དང་། ཅིང་ཀྲོའུ། ཧོང་ཀང་སོགས་གྲོང་ཁྱེར་དུ་ཁྱབ་ཡོད་པ་རེད། ཁེ་ལས་ཀྱི་འགན་འཁུར་བ་དབྱང་ལེ་ཡིས། ང་ཚོའི་ཀུང་སིས་ཧུའུ་པེར་བཏང་བ་ནི་གར་ཚད་བརྒྱ་ཆ་6ཡིན་པའི་དབྱང་གཉིས་ཆུ་ཡིན། གཙོ་བོ་རིམས་ནད་ཁུལ་གྱི་ཁོར་ཡུག་དུག་སེལ་ཐད་སྤྱོད་རྒྱུ་དང་ཚང་མ་རིན་མེད་ཞལ་འདེབས་རྒྱབ་པ་ཡིན་ཞེས་གསུངས་ཡོད་པ་རེད།
          མགྱོགས་མྱུར་སྒྲིག་སྦྱོར་ཐོན་སྐྱེད་བྱས་པ་བརྒྱུད། ཅང་ཤི་ནན་ཁྲང་གི་རླངས་འཁོར་ཁེ་ལས་ཤིག་གི་ལྡོག་གནོན་ལྟ་སྐྱོང་རྣམ་པའི་མྱུར་སྐྱོབ་རླངས་འཁོར་18ཚང་མ་སྤྱི་ཟླ་2ཚེས་3ཉིན་ཝུའུ་ཧན་དུ་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་ཡོད།
          དེའི་ནང་རླངས་འཁོར་10རིན་མེད་ཞལ་འདེབས་སུ་ཕུལ་བ་དང་། རླངས་འཁོར་ཁག་ཅིག་ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་དུ་ནད་པ་བསུ་སྐྱེལ་བྱེད་བཞིན་ཡོད།  ལྡོག་གནོན་ལྟ་སྐྱོང་ཅན་གྱི་མྱུར་སྐྱོབ་རླངས་འཁོར་འདི་རིགས་ཀྱིས་སྨན་བཅོས་མཛོད་ནང་དུ་མཁའ་རླུང་གསར་པ་སྐྱེལ་བར་འགན་སྲུང་ནུས་ལྡན་ཐུབ་པ་དང་།  སྨན་དོན་མི་སྣ་དང་ནད་པའི་བར་ཕན་ཚུན་འགོས་ཁྱབ་འགྲོ་བར་སྔོན་འགོག་བྱེད་ཐུབ། ཁེ་ལས་ཀྱི་འགན་འཁུར་བ་ལུའོ་མིན་གྱིས།  མིག་སྔར་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་ནས། སྐྱེལ་འདྲེན་གལ་ཆེ་ཤོས་སུ་བཞག་ནས་འགན་ལེན་བྱེད་བཞིན་ཡོད།  ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་པ་བརྒྱུད།  མྱུར་སྐྱོབ་རླངས་འཁོར་གྱི་ཐོན་སྐྱེད་སྤུས་ཚད་མཐོ་པོས་རྩིས་སྤྲོད་འགན་ལེན་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད་ཅེས་གསུངས་པ་རེད།
          སྤྱི་ཟླ་2པའི་ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་4པའི་སྐབས་སུ། ལེ་དབར་སྟོང་གི་བར་ཐག་ཆོད་པའི་ཀོང་ཀྲོའུ་ནས་རོགས་སྐྱོབ་ཟོག་འདྲེན་རླངས་འཁོར་ཞིག་ཝུའུ་ཧན་དུ་བདེ་བླག་ངང་འབྱོར་ཡོད། ཏོག་དབྱིབས་ནད་དུག་གསར་པའི་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྒམ་ཆུང་དང་ཆ་ལག་ཚང་བའི་སྨན་བཅོས་སྒྲིག་ཆས་ཝུའུ་ཧན་གྱི་སྨན་དོན་མི་སྣའི་ལག་ཏུ་བདེ་བླག་ངང་འབྱོར་བ་དང་།བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་15ཡང་འགོར་མེད། ཀོང་ཏུང་ཞིང་ཆེན་གྲང་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཅན་ཧྭ་ཡིས། སྡེ་ཚན་ཁག་གི་རོགས་རམ་འོག ང་ཚོས་ལས་འགན་སྒྲུབ་བཞིན་པའི་འཁོར་རིགས་ཀྱི་འགྲོ་སྐྱོད་གནས་ཚུལ་ལ་བརྒྱུད་རིམ་ཧྲིལ་པོར་བབ་བསྟུན་ལྟ་སྐུལ་ཚོད་འཛིན་བྱས་ཏེ། དུས་བཀག་ལྟར་རླངས་འཁོར་གྱི་གནས་ཚུལ་སྙན་སེང་ཞུས་ཡོད་ཅེས་གསུངས་ཡོད། སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་ཀྱང་སྐྱེལ་འདྲེན་བརྒྱུད་རིམ་གྱི་རྗེས་ཤུལ་དང་དྲོད་ཚད་ལ་ལྟ་སྐུལ་ཚོད་འཛིན་དང་མཐུན་སྦྱོར་བྱས་ནས། ལག་བསྟར་བྱེད་རིང་ཤར་གཏོང་ཐུབ་པ་དང་ལས་འགན་དེ་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱས་ཡོད་པ་རེད།
          ཧའེ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་མ་དངུལ་སྒོར་བྱེ་བ་གཅིག་བཀོད་སྒྲིག་བྱས་ནས། ཚལ་དང་ཤིང་ཏོག་སོགས་ཉོ་སྒྲུབ་བྱེད་པར་སྤྱད་ཐོག་ཧུའུ་པེ་ཞིང་ཆེན་ལ་ཛ་དྲག་ངང་རོགས་སྐྱོར་བྱས་པ་དང་། མང་ཚོགས་ཀྱི་འཚོ་བའི་མཁོ་སྤྲོད་འགན་ལེན་བྱས་ཡོད། ཏུན་1235ཟིན་པའི་སྤུས་ལེགས་ཐོན་རྫས་ཁག་ཐེངས་4ལ་བགོས་ནས་ཧུའུ་པེ་ཝུའུ་ཧན་དང་། ཅིང་ཀྲོའུ། ཧོང་ཀང་། ཞའོ་ཀན་སོགས་སུ་དབོར་རྒྱུ་ཡིན་པ་རེད། མིག་སྔར་ཧའེ་ཁོའུ་ནས་ཐོན་པའི་གཅེས་སེམས་ཐོན་རྫས་ཁག་གཉིས་པ་དེ་དབོར་མུས་ཡིན་པ་རེད། ཧའེ་ནན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཞུས་ཡུན་གྱིས། ལེགས་འདེམས་བྱེད་པའི་བརྒྱུད་རིམ་ནང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། མིག་སྔར་གཙོ་བོ་ནི་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་དང་། ཁེ་ལས་ཁ་ཤས་ལས་དོན་དེའི་ནང་ཞུགས་པའི་སྤྲོ་སེམས་ཆེ་བ་དང་འཚང་ཁ་ཤིག་ཤིག་ངང་ཞུགས་བཞིན་འདུག་ལ། ཚང་མས་རིམས་ནད་ཐོན་ཁུལ་ལ་ཚ་ཁུལ་གྱི་ཤིང་ཏོག་དང་སྔོ་ཚལ་ཞལ་འདེབས་འབུལ་རྒྱུའི་རྣམ་པ་བསྟན་གྱི་འདུག་ཅེས་གསུངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1