འགག་པ་ཡུལ་ཤོག་གིས་རིམས་ནད་སྔོན་འགོག་དམ་ནན་བྱས།

མཁས་གྲུབ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-06




    ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་བྱུང་ཚུན་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ནུས་ཤུགས་ཆེན་པོ་སྒྲིམ་བཞིན་ཡོད་དེ། དཔྱིད་གསར་གྱི་གུང་གསེང་སྐབས་ཁྱིམ་མི་ལྷན་འཛོམས་ཀྱི་ལོ་སར་རོལ་རྒྱུ་རྒྱབ་ཏུ་བསྐྱུར་ནས་ཉིན་མཚན་མེད་པར་རང་འཁྲིའི་ལས་གནས་སུ་ཞུགས་ཏེ་རིམས་འགོག་གི་ལས་ལ་བྲེལ་བ་དང་། ཉིན་ལྟར་ཡུལ་ཤོག་རང་གི་མངའ་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ12སུ་ཟབ་ཞུགས་བྱས་ནས་དུད་ཚང་རེ་རེ་བཞིན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེ་ཇི་ལྟར་ཡིན་པ་དང་། དེ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྐོར་གྱི་ཤེས་བྱ་ངོ་སྤྲོད་དང་བརྒྱུད་སྒྲོག་བྱས་པས་མ་ཚད། གྲོང་སྡེའི་འགོ་འཛིན་གཙོར་བྱས་ཀྱི་མང་ཚོགས་ཡོངས་ལ་དུས་སྐབས་འདིའི་རིང་གཉེན་སྟོན་མོ་དང་གྲོགས་ལྷན་འཛོམས་སོགས་འདུ་འཛོམས་ཀྱི་བྱ་བ་གཏན་ནས་བྱེད་མི་ཆོག་པ་དང་། ནང་མི་ཕྱི་ལ་མི་འགྲོ་བ་དང་ཕྱི་མི་ནང་ལ་མི་ཁྲིད་པ། རྒྱུན་པར་ཁ་རས་གོན་ཞིང་ལག་པ་གཙང་འཁྲུ་བྱ་རྒྱུ་སོགས་རིམས་འགོག་གི་ལས་ཀར་ཧུར་གྱིས་གཞོལ་བཞིན་བྱེད་ཐབས་སྣ་མང་སྤྱོད་བཞིན་ཡོད་པ་རེད།

    དེ་བཞིན་རིམས་ནད་དེ་སྔོན་འགོག་དང་ཚོད་འཛིན་དེ་བས་ཁག་ཐེག་ཡོང་ཆེད། སྲིད་འཛིན་གྲོང་ཚོ་སོ་སོའི་ཁྱིམ་མི་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་རིམས་འགོག་ལས་དོན་ཁྲོད་སྒོ་ཕྱིར་མི་འགྲོ་བ་དང་། ཁྱིམ་ཚང་སོ་སོའི་བར་འགྲོ་འོང་མི་བྱེད་པ། འདུ་འཛོམས་མི་བྱེད་པ། གཉེན་ཉེ་དང་གྲོགས་པོ་བཅས་ལ་འཚམས་འདྲིར་མི་འགྲོ་བ། གཉེན་སྟོན་དང་ཆོས་འཚོགས་པ་སོགས་ཐུན་མོང་གི་བྱ་འགུལ་མི་སྤེལ་བ། རང་འགུལ་གྱིས་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་ནས་གཙང་སྦྲ་ཡག་པོ་བྱེད་པ་དང་ཟས་དང་གསང་སྤྱོད་སྔོན་རྗེས་སུ་ལག་པ་འཁྲུ་རྒྱུ། གྲོང་སྡེ་རང་དུ་ཕྱི་ནས་ཡོང་བའི་མི་ཁྲིད་མི་ཡོང་བ་དང་། རིམས་ནད་ཚབས་ཆེན་བྱུང་བའི་ས་གནས་གཞན་དག་ཏུ་མི་འགྲོ་བ། གོང་རིམ་སྡེ་ཁག་གི་ཞིབ་བཤེར་དང་རིམས་འགོག་ལས་ཀར་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་བཅས་དང་། གལ་ཏེ་གོང་གི་གནས་ཚུལ་ལ་འགལ་ཏེ་ཤུགས་རྐྱེན་ངན་པ་བྱུང་ན་རང་ཉིད་ཀྱིས་དེར་བསྟུན་འགན་འཁུར་དགོས་པའི་སྐོར་གྱི་ཏོག་དབྱིབས་ནད་དུག་རིམས་འགོག་འགན་འཁྲིའི་ཁས་ལེན་ཡི་གེར་ཐོ་འགོད་བྱས་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1