ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་། སྒོ་ཀུན་ནས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་ནུས་པའི་མཐོ་རུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-06


     སྤྱི་ཟླ་2པའི་ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་གི་ཡོད། ཁྲིམས་བཙུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནས་ནུས་ཤུགས་བཏོན་ཏེ་སྒོ་ཀུན་ནས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་མཐོ་རུ་བཏང་བ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་གྲོས་ཚོགས་ལ་ཞུགས་ཡོད།


     གྲོས་ཚོགས་ཐོག་ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་།  མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་འགན་སྲུང་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་སྦྱོར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར། སྲིད་འཛིན་བསྐྱར་གྲོས་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི། དེ་བཞིན་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྙན་ཞུ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་གནང་བ་བརྒྱུད་གྲོས་འཆམ་བྱུང་ཡོད་པ་རེད།


     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་འགག་རྩའི་དུས་སུ་སླེབས་ཡོད། ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དཀའ་ངལ་ཇི་ཙམ་ཆེ་རུང་། དེ་ཙམ་གྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱེད་དགོས་པ་དང་། ཁྲིམས་སྐྱོང་གི་འཁོར་ལམ་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


    ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འབྲེལ་ཡོད་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆ་སྦྱོར་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆད་གཅོད་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་བདེ་འཇགས་འགན་སྲུང་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་མ་ལག་ཆ་ཚང་ཞིང་། ཚན་རིག་དང་མཐུན་པ། ཚད་དང་ལྡན་པ། འཁོར་རྒྱུག་ནུས་ལྡན་ཆེ་བ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་མ་ལག་ཅིག་འགྲུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྒྲུབ་ཐག་གཅོད་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཉེན་ཁའི་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བཀོད་ཇུས་གཟབ་ནན་བྱེད་པ། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་ནན་པོ་བཅས་བྱས་ནས་རིམས་ནད་མུ་མཐུད་འགོས་ཁྱབ་འགྲོ་རྒྱུ་གཏན་འགོག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གནོད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཁྲིམས་འཛིན་གྱི་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་འགོག་བཅོས་བཅའ་ཁྲིམས་དང་གང་དེའི་ལག་བསྟར་སྲོལ་ཡིག རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས། སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྒྲུབ་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ། ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྒྲུབ་ཐག་གཅོད་བྱེད་པའི་བྱ་ཐབས་ལག་བསྟར་བྱེད་པ་བཅས་བྱེད་དགོས། བདེ་འཇགས་བཅོས་སྐྱོང་དོ་དམ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྨན་དོན་མི་སྣར་གཏུམ་སྤྱོད་དང་གནོད་པ་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ།  རིགས་ཁག་གི་རིམས་འགོག་མཁོ་ཆས་དང་དམངས་འཚོའི་ཚོང་ཟོག་གི་རིན་གོང་ཧམ་སྤོར་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་བཀག་འགོག་བྱེད་པ་དང་། སྨན་དོན་མི་སྣར་གནོད་འཚེ་གཏོང་བ།  རྫུན་བཟོ་རྫུན་འཚོང་བྱེད་པ། དཀྲོག་གཏམ་བཟོ་སྤེལ་བྱེད་པ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་བྱེད་དགོས།ཞལ་འདེབས་འབུལ་བ་དང་ཞལ་འདེབས་ལེན་པའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་བཟོས་ནས་ཞལ་འདེབས་བླངས་པའི་རྒྱུ་ནོར་དང་དངོས་ཟོག་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བེད་སྤྱོད་ཐུབ་པ་བྱེད་དགོས། ཁྲིམས་ལྟར་རིམས་ནད་གནས་ཚུལ་སྙན་སེང་ཞུ་བ་དང་ཡོངས་བསྒྲགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཁྲིམས་གཏན་འཁེལ་བའི་ནང་དོན་དང་གོ་རིམ། བྱ་ཐབས། དུས་བཀག་ལྟར་དུས་ཐོག་ཏུ་རིམས་ནད་གནས་ཚུལ་གྱི་ཆ་འཕྲིན་སྙན་སེང་ཞུ་དགོས། འབྲེལ་ཡོད་གྱོད་གཞིའི་འདྲི་གཅོད་ལས་དོན་ལ་མཛུབ་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་འགལ་ཟླ་སེལ་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་རིམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་གྱིས་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་ཞོགས་འདེགས་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་ཞབས་ཞུ་ཤུགས་ཆེར་གཏོང་བ་དང་། རིམས་ནད་འགོས་ཁྱབ་འགྲོ་རིང་གི་འགལ་ཟླ་སེལ་རྒྱུར་ཤུགས་སྣོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་གནང་ཡོད།


     ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒོ་ཀུན་ནས་ཁྲིམས་ལྟར་འགན་འཁྲི་འཁུར་དགོས་པ་དང་། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱ་ཐབས་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ཐལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ཁྲོད་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་དང་།  ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོ་རུ་གཏོང་དགོས། འབྲེལ་ཡོད་ཚན་པས་འགན་འཁྲི་ཁག་བགོས་གསལ་པོ་བྱེད་པ་དང་། རང་རྟོགས་ངང་འགན་འཁྲི་འཁུར་བ། ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།


     གྲོས་ཚོགས་ཐོག ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ཆ་སྦྱོར་སྒྱུར་བཅོས་ནི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་དང་། དེ་ནི་ཁྲིམས་འཛིན་གཞུང་དྲང་ནུས་མཐོ་ཡོང་བའི་དབང་གྲགས་དང་འབྲེལ་བ་ཡོད་པ་ཞིག་རེད། སྒྱུར་བཅོས་ལས་འགན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། འདྲི་གཅོད་མཁན་གྱིས་ཁྲིམས་གཅོད་བྱེད་པ་དང་། ཁྲིམས་གཅོད་མཁན་གྱིས་འགན་འཁྲི་འཁུར་བ། ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་གཞུང་དྲང་ལུགས་མཐུན་གྱི་མྱོང་ཚོར་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། རྒྱ་ཆེའི་གྲོང་གསེབ་ལས་བྱེད་པ་དང་མང་ཚོགས་ནས་ཁྲིམས་ལྟར་ལས་དོན་བསྒྲུབ་པ་དང་། གནད་དོན་འཕྲད་ན་ཁྲིམས་ལ་བརྟེན་པ། བཅའ་ཁྲིམས་ཐོག་ནས་གནད་དོན་ཐག་གཅོད་བྱེད་པ། འགལ་ཟླ་སེལ་དུས་ཁྲིམས་ལ་བརྟེན་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱེད་དགོས་པ་དང་། སྲིད་འཛིན་བསྐྱར་གྲོས་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱེད་པ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་གཞུང་དྲང་ནུས་མཐོ་དང་དམངས་བདེ་དམངས་ཕན་གྱི་ལམ་ལུགས་བཟང་ཆ་དང་སྲིད་འཛིན་རྩོད་གཞི་སེལ་བའི་གཙོ་བོའི་ཐབས་ལམ་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  


     གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་བཟང་ཆ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཁྲིམས་སྐྱོང་འཛུགས་སྐྱོང་ཡང་དེའི་རྗེས་སྙེག་པ་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རིགས་གཞུང་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་འདུས་ཡོད་པ་དང་། དེ་ནི་ལམ་ལུགས་བཅོས་སྐྱོང་གི་ཆེས་གཞི་རྩ་དང་ཆེས་བརྟན་ལྷིང་། ཆེས་བློས་འགེལ་ཆོག་པའི་འགན་སྲུང་ཡིན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཏང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་མཐོ་རུ་གཏོང་བ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་གིས་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ལ་ཁྲིད་སྟོན་དང་། ཚད་ལྡན་བཟོ་བ། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་བྱས་ཏེ། རིམ་བཞིན་རྒྱལ་ཁབ་བཅོས་སྐྱོང་ལམ་ལུགས་ཅན་དང་། གོ་རིམ་ཅན། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས།  མཐོ་རིམ་ཇུས་འགོད་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱེད་པ་དང་། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་པའི་སྒྲིག་གཞི་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།  ཁྲིམས་ལུགས་ལག་བསྟར་གྱི་ལྟ་སྐུལ་ཤུགས་ཆེར་གཏོང་བ། སྤྱི་ཚོགས་གཞུང་དྲང་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལུགས་ཀྱིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཕན་ནུས་མཐོ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། སྣེ་ཁྲིད་དེ་ཁྲིམས་ལུགས་ལ་བརྩི་སྲུང་དང་། ཁྲིམས་ལུགས་སློབ་སྦྱོང་། ཁྲིམས་ལུགས་ལ་བརྩི་བཀུར། ཁྲིམས་ལུགས་བེད་སྤྱོད་བཅས་བྱས་ཏེ་ལག་ལུགས་ལག་བསྟར་གྱི་མིག་དཔེར་འགྱུར་བ་བྱེད་དགོས། དམངས་ཡོངས་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་ལྟ་བ་ཤུགས་ཆེར་གཏོང་བ། སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། སྤྱི་ཚོགས་ཀྱི་དར་སྲོལ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཆགས་རྒྱུར་འབད་བརྩོན་བྱེད་དགོས། རྒྱལ་སྤྱིའི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རང་རྒྱལ་གྱི་ཁྲིམས་ལུགས་ཁྱབ་ཁོངས་མིན་པར་སྤྱོད་པའི་ཁྲིམས་ལུགས་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་ཞིབ་འཇུག་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ལས་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་དབྱང་ཁྱོན་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1