མཚོ་འཕགས་སྨི་4183སྟེང་གི་རིམས་འགོག་དཔུང་ཁག །

ཐུབ་བསྟན་ཉི་མ་དང་གཡུ་མགོན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གསེར་རྟ་རྫོང་ཨུ་དྲིལ་བསྒྲགས་པུའུ། སྤེལ་དུས། 02-08



    སྙི་སྟོད་གྲོང་བླ་རྒྱ་སྡེ་པ་ནི་གསེར་རྟ་རྫོང་གི་སྲིད་འཛིན་གྲོང་ཚོ་134ཡི་ཁྲོད་ཀྱི་རྫོང་དང་བར་ཐག་རིང་ཤོས་ཀྱི་སྡེ་བའི་གྲས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དཔོན་སྐོར་ཡུལ་ཚོ་དང་ས་མཚམས་འབྲེལ་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4100ཡན་ཟིན་པ་དང་། ཚོད་ཚོད་ལ་དགུན་དུས་ལས་དབྱར་ཁ་མེད་པའི་གནམ་གཤིས་གྲང་ངར་ཆེ་ཞིང་། ལས་ཀ་དང་འཚོ་བའི་ཁོར་ཡུག་ཧ་ཅང་ཞན། ལོ་ལྟར་གཞི་རིམ་གྱི་རིམ་པ་དང་པོའི་ལས་བྱེད་པར་འགྲན་རྩོད་སློང་བཞིན་ཡོད། སྤྱི་ཟླ་1པོའི་ཚེས་21ཉིན་རྫོང་ཨུ་ཡིས་གསེར་རྟ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་འདུ་འཚོགས་རྗེས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་། རྫོང་སྤྱི་བདེ་ཅུས། རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས། སྙི་སྟོད་གྲོང་རྡལ་གྱི་ཏང་ཨུ། སྲིད་གཞུང་བཅས་ཀྱིས་འཕྲལ་དུ་རྫོང་ཨུའི་ལས་ཀའི་བཀོད་སྒྲིག་དང་ལེན་བྱས་ཏེ། ཆེད་དོན་འཛིན་གྲྭ་བཙུགས་ཏེ་སི་ཁྲོན་དང་མཚོ་སྔོན་ས་མཚམས་སུ་རིམས་ནད་མཉམ་འགོག་ཚོད་འཛིན་གྱི་འགྲིམ་འགྲུལ་རིམས་བཤེར་ས་ཚིགས་བཙུགས་ཏེ། ས་བབ་མཐོ་ཚད་སྨི་4183སྟེང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱས།

    སྤྱི་ཟླ་1པོའི་ཚེས་31ཉིན་ཁུལ་ཨུའི་རྒྱུན་ཨུ་དང་། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི། གསེར་རྟ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པ་འགོས་པར་ཁ་གཏད་གཅོག་པའི་རིམས་ནད་མཉམ་འགོག་ཚོད་འཛིན་གྱི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧུ་པའེ་ཡིས་རུ་སྣེ་ཁྲིད་དེ་སྙི་སྟོད་གྲོང་དང་ཁེས་སྐོར་ཡུལ་ཚོ། མཁན་ལེབ་ཡུལ་ཚོ། སྟག་རྩེ་ཡུལ་ཚོ། མཆོག་ཚང་ཡུལ་ཚོ།སྙན་ལུང་ཚོ་སོགས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བསྐྱོད་དེ། རིམས་ནད་ཀྱི་ཚ་བཤེར་སྒོ་བསྟེན་སྨན་བཅོས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ། རིམ་པ་དང་པོའི་ས་ཁུལ་དུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་ནད་ཡམས་ཚོད་འཛིན་གྱི་མི་སྣ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་ཡང་བྱས། ཧུ་པའེ་ཡིས་འགྲིམ་འགྲུལ་རིམས་བཤེར་ས་ཚིགས་ཀྱི་སྨན་བཅོས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་མི་སྣ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པའི་འབད་བརྩོན་ལ་ཁས་ལེན་གང་ལེགས་བྱས་པ་དང་།  རྫོང་ཨུའི་་ཚབ་ཞུས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་གུས་འདུད་ཀྱང་ཞུས།


    ཁོང་གིས་ཞིབ་བཤེར་བྱེད་སྐབས་གསུང་རྒྱུར། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་ཕ་ཡུལ་དུ་ལོག་པ་དང་གྲོང་ཚོར་ལོག་པའི་མི་སྣ་ཚང་མ་མིག་སྔའི་དོན་ཆེན་དུ་བརྩིས་ཤིང་། ལྷག་པར་དུ་རིམས་ནད་ཁུལ་གྱི་ཡུལ་སྐོར་མྱོང་མཁན་ནམ་ཡང་ན་རིམས་ནད་ཁུལ་གཙོ་བོའི་མི་སྣ་དང་འབྲེལ་བ་གཏན་འཁེལ་བྱེད་པའམ། ཡང་ན་ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་གྱི་མི་སྣར་གཙོ་གནད་གྲལ་བཤེར་བྱ་ཡུལ་དུ་བརྩིས་ནས། རིགས་དབྱེ་དོ་དམ་ཚོད་འཛིན་ཡག་པོ་དང་ཞབས་ཞུ་ཡག་པོ་བྱེད་དགོས་པ་དང་། ཁ་པར་གྱི་ལམ་ནས་ཐོག་ནས་ཕྱི་ཡུལ་བསྐྱོད་མཁན་གྲྭ་བ་དང་ཕྱི་རོལ་དུ་སྐྱོད་མཁན་གྱི་སློབ་མ། སླར་ལོག་བྱ་རྒྱུར་སྒུག་མཁན། ཕ་ཡུལ་དུ་ལོག་མཁན་གྱི་ཚོང་པ། ལས་ཀ་བྱེད་མཁན། དགེ་རྒན། སློབ་མ་བཅས་ཀྱི་བྱ་སྤྱོད་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་པ་དང་། རིམས་ནད་ཁུལ་དུ་བསྡད་མྱོང་བའམ་ཡང་ན་རིམས་ནད་ཁུལ་གཙོ་བོའི་མི་སྣ་དང་འབྲེལ་བ་དམ་ཟབ་བྱས་ཡོད་མེད་ཤེས་རྟོགས་བྱས་ཏེ། ཁོང་ཚོར་ཁྱིམ་དུ་ལོགས་སུ་བཀར་ནས་སྒོ་ཉུང་ཙམ་བསྐྱོད་པ་དང་། ལག་པ་ཡང་ཡང་བཀྲུ་བ། ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་དགོས་པ་སོགས་ཀྱི་རང་སྲུང་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ལས་ཀ་བ་རྣམས་རང་རྫོང་དུ་ཕྱིར་ལོག་པའི་མི་སྣའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། ཐོག་མའི་དུས་རིམ་ནང་གནས་སའི་ཡུལ་ཚོ་དང་གྲོང་སྡེའི་ས་ཁུལ་དུ་འབྱོར་ཐོ་འགོད་པར་བསྐྱོད་དེ། རང་རྟོགས་ངང་ལུས་དྲོད་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱ་དགོས། དེ་དང་ཆབས་ཅིག་ཏུ་བདེ་ཐང་སློབ་གསོ་ཡག་པོ་རྒྱག་པ་དང་། བདེ་ཐང་གི་རྒྱུན་ཤེས་ཁོང་དུ་ཆུད་པ། འགྲོ་འདུག་གི་གོམས་གཤིས་བཟང་པོ་ཆགས་པ་བཅས་བྱ་དགོས་པ་དང་། རིམས་ནད་གནས་ཚུལ་དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མང་ཚོགས་རྣམས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་བཟོ་བ་བཅས་ཀྱི་སློབ་གསོ་རྒྱག་པ་དང་། ཚན་རིག་དང་མཐུན་ཞིང་རྗེས་དཔག་གི་སྒོ་ནས་རིམས་ནད་ལ་ལྟ་སྟངས་འཛིན་པ། གོ་རིམ་ལྡན་པ་དང་། ནུས་ཤུགས་ལྡན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དང་རང་ངོས་འགོག་སྲུང་བྱ་ཐབས་སྤྱོད་པ། གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཡོངས་ལ་ཁོར་ཡུག་འཕྲོད་བསྟེན་དང་། ཁྱིམ་ཚང་གི་འཕྲོད་བསྟེན། མི་སྒེར་གྱི་འཕྲོད་བསྟེན་བཅས་ཡག་པོ་བྱ་རྒྱུའི་སྐུལ་སློང་བྱེད་པ། རིམ་པ་དང་པོས་དང་ལེན་བྱེད་པའི་བྱ་ཐབས་ཁག་ལ་རང་རྟོགས་ངང་རྒྱབ་སྐྱོར་དང་རང་འགུལ་ངང་ཞུགས་པ་དང་། ནང་འདྲེན་སྔོན་འགོག་དང་། ཁྱབ་མཆེད་སྔོན་འགོག  ཕྱིར་གཏོང་སྔོན་འགོག་བཅས་ཡག་པོ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་པ་མཆེད་པར་འགོག་རྒོལ་བྱེད་པའི་ལྕགས་རི་བརྟན་པོ་འཛུགས་པ་དང་ནད་དུག་མཆེད་པའི་འགོག་རྒོལ་འཐབ་འཛིང་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པར་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1