བོད་ཀྱི་དབྱངས་གསལ་སོ་བཞི་ལས་ནང་ཕན་ཚུན་བར་ འབྲེལ་བ་ཇི་ལྟར་ཡོད་ཚུལ་ལ་དཔྱད་པ།

ཀུན་ཁྱབ་ཀླུ་བྱམས། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-10


[གནད་བཏུས] དཔྱད་རྩོམ་འདིའི་ནང་གཙོ་བོར། བོད་ཀྱི་ཡི་གེ་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ཡོད་པ་ལས། ལས་ཚིག་གི་སྐབས་སུ་སྡེ་བ་ལྔ་པ་ཙ་སྡེ་ཡན་ཆད་ཀྱི་ཡིག་འབྲུ་ཐོག་མ་གསུམ་པོའི་བར་དུ་གཉེན་ཚན་ལྟ་བུའི་འབྲེལ་བ་ཇི་ལྟར་ཡོད་ཚུལ་དང་། མིང་གི་སྐབས་སུ་སྡེ་བ་དེ་ལྔ་བོའི་ཡིག་འབྲུ་ཕན་ཚུན་བར་གཅིག་ཚབ་གཅིག་ཏུ་བྱ་རུང་བའི་འབྲེལ་བ་ཇི་ལྟར་ཡོད་ཚུལ། སྡེ་བ་དྲུག་པ་ཞ་སྡེ་ནས་ཕྱེད་སྡེའི་བར་གྱི་ནང་གསེས་སུ་ཕན་ཚུན་བར་འབྲེལ་བ་ཇི་ལྟར་ཡོད་ཚུལ། དེ་བཞིན་དུ། དབྱངས་ཡིག་བཞི་ལས་ཕན་ཚུན་བར་འབྲེལ་བ་ཇི་ལྟར་ཡོད་ཚུལ་སོགས་ཡིག་རྙིང་ཁག་ལ་གཞིར་བཅོལ་ཞིང་། བོད་པ་རང་གི་ངག་རྒྱུན་དང་ཕྱག་རྒྱུན་དུ་སྤྱོད་བཞིན་པའི་དཔེ་གཞི་གསོན་ཉམས་ལྡན་པ་དག་དང་ཟུང་སྦྲེལ་སྒོས་ཉམས་ཞིབ་བྱས་ཏེ་གསང་གནད་མང་པོ་ཞིག་བརྟོལ་ཡོད།

[གནད་ཚིག] དབྱངས། གསལ་བྱེད། འབྲེལ་བ།


དེ་ཡང་བོད་ཀྱི་ཡི་གེ་ལ་གྲངས་ཀྱི་སྒོ་ནས་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་དབྱེར་ཡོད་ཅིང་།རྟགས་ཀྱི་སྒོ་ནས་དབྱངས་མོ་གསལ་བྱེད་ཕོ་རུ་འདོད་པ། དོན་གྱི་སྒོ་ནས་མིང་གཞི་འཕུལ་རྟེན་ཡང་འཇུག་དང་།མགོ་ཅན་འདོགས་ཅན་བཅས་སུ་ཡོད་པ་རྣམས་བོད་པ་རང་གི་སྐད་ཆའི་གདངས་ལ་ཡང་ཡང་དཔྱད་ཅིང་གཞིར་བཅོལ་ཏེ་བཟོས་པ་ཤ་སྟག་ཅིག་ཡིན་ཕྱིར། སྔོན་གྱི་ཡིག་རྙིང་ཁག་ཏུ་འཁོད་པའི་ཡིག་གཟུགས་ཡ་མ་ཟུང་རྣམས་དང་། ད་ལྟའི་བར་གྲ་མ་ཉམས་ཤིང་ཟུར་མ་ཆག་པར་བོད་པ་རང་གི་ངག་ལས་ཐོན་པའི་སྒྲ་ཡི་འགྱུར་ཚུལ་ཐད། ཕྱོགས་ལྷུང་དང་བྲལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་ཞིབ་བྱས་ཚེ། ད་གཟོད་དེ་ལྟར་བྲི་བའམ་བརྗོད་པ་ལ་གཞི་ཁུངས་མེད་པ་ཞིག་གཏན་ནས་མིན་པར། དབྱངས་དང་གསལ་བྱེད་ནང་ཕན་ཚུན་བར་གཉེན་ཚན་ལྟ་བུའི་འབྲེལ་བ་ཡོད་ཚུལ་གྱི་ཆོས་ཉིད་ཅིག་རྟོགས་ཐུབ། 

དང་པོ། གསལ་བྱེད་སུམ་ཅུ་ལས་ནང་ཕན་ཚུན་བར་གྱི་འབྲེལ་བའི་སྐོར་གླེང་བ།

༡. རེའུ་མིག་གི་ལམ་ནས་གསལ་བྱེད་སུམ་ཅུའི་འབྲེལ་བ་རགས་ཙམ་བཤད་པ།

ང་ཚོས་གོང་གསལ་རེའུ་མིག་ལས། སྡེ་བ་ལྔ་པ་ཙ་སྡེ་ཡན་གྱི་སྡེ་བ་རེ་རེའི་ཡིག་འབྲུ་ཐོག་མ་རྣམས་ནི་རིམ་པ་བཞིན། ཀ་ཅ་ཏ་པ་ཙ་སྟེ་ཕོ་ཡིག་ཡིན་པ་དང་། གཉིས་པ་རྣམས་ནི་རིམ་པ་བཞིན་ཁ་ཆ་ཐ་ཕ་ཚ་སྟེ་མ་ནིང་གི་ཡི་གེ་ཡིན་པ། གསུམ་པ་རྣམས་ནི་རིམ་པ་བཞིན་ག་ཇ་ད་བ་ཛ་སྟེ་མོ་ཡིག་ཡིན་པ། བཞི་པ་རྣམས་ནི་རིམ་པ་བཞིན་ང་ཉ་ན་མ་སྟེ། ཤིན་ཏུ་མོ་ཡིག་དང་།

ཝ་ནི་མོ་ཡིག་གི་གྲས་ཡིན་པ་བཅས་ཡི་གེ་དེ་དག་རང་རང་གི་སྐྱེ་གནས་ལས་འབྱིན་པའི་ཚེ་ན་དབུགས་ཀྱི་སྟོབས་དང་བྱེད་རྩོལ་དྲག་ཞན་གྱི་དབང་གིས་རང་སྡེ་ནང་གསེས་ནས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཤུགས་ཞན་པའམ་ལྷོད་པ་ཅན་གྱི་ཡི་གེ་ཡིན་ཚུལ་ཤེས་ཐུབ་པ་མ་ཟད། སྡེ་བ་ཕྱེད་དང་བརྒྱད་ལས་སྡེ་བ་ཁག་ཅིག་སྐབས་འགར་སྡེ་བ་གོང་འོག་ཕན་ཚུན་བར་དུའང་སྒྲ་དོན་གང་རུང་གི་འབྲེལ་བ་ངེས་ཅན་རེ་ཡོད་པའི་གསང་གནད་ཀྱང་རིགས་པས་དཔྱད་ན་དགྲོལ་ནུས། དེ་ལྟར་ལྷག་མའི་ཞ་སྡེ་དང་། ར་སྡེ་གཉིས་ལས་སོ་སོར་ཡིག་འབྲུ་ཐོག་མ་གཉིས་ཀ་སྟེ། ཞ་དང་ཟ་གཉིས་ཀས་སྐབས་འགར་གཅིག་ཚབ་གཅིག་ཏུ་བྱེད་པ་ཡོད་ཅིང་། ར་དང་ལ་གཉིས་ཀས་སྐབས་འགར་གཅིག་ཚབ་གཅིག་ཏུ་བྱེད་དུས་ཡོད། ཡིག་འབྲུ་མཐའ་མ་གཉིས་ཀ་སྟེ་འ་དང་ཡ་གཉིས་ཀས་སྐབས་འགར་གཅིག་ཚབ་གཅིག་ཏུ་བྱེད་པ་ཡོད་ལ། ཤ་དང་ས་གཉིས་ཀས་སྐབས་འགར་གཅིག་ཚབ་གཅིག་ཏུ་བྱེད་དུས་མཆིས། དེ་བཞིན་དུ་ཕྱེད་སྡེ་ཧ་ཨ་གཉིས་ཀས་ཀྱང་སྐབས་འགར་གཅིག་ཚབ་གཅིག་ཏུ་བྱེད་དུས་མཆིས་ཙ་ན། གཤམ་དུ་རེ་རེ་ནས་རྣམ་གསལ་གྱི་དཔེ་བརྗོད་དང་བཅས་ངོ་སྤྲོད་ཞུ་བར་བྱའོ། །

༢. གསལ་བྱེད་སུམ་ཅུའི་ནང་ཕན་ཚུན་བར་གྱི་འབྲེལ་བ་ཞིབ་ཏུ་གླེང་བ།

སྤྱིར་བཏང་དུ་གསལ་བྱེད་སུམ་ཅུའི་སྡེ་བ་ལྔ་པ་ཙ་སྡེ་ཡན་ཆད་ནས་དུས་གསུམ་སྐུལ་ཚིག་དང་བཅས་པའི་གཟུགས་འགྱུར་ཡོད་པའི་ལས་ཚིག་གི་སྐབས་སུ་ཡིག་འབྲུ་ཐོག་མ་གསུམ་གྱིས་གཅིག་ཚབ་གཅིག་ཏུ་བྱེད་པའི་སྒོ་ནས་སྐབས་དོན་རྫོགས་པར་བྱེད་མོད། བྱེ་བྲག་མིང་དང་མིང་གི་ཆ་ཤས་སམ་ཕྲད་ཀྱི་སྐབས་སུ་དེ་ལྟ་མ་ཡིན་པར། སྐབས་འགར་ཡིག་འབྲུ་ཐོག་མ་གསུམ་ལས་ཡིག་འབྲུ་དང་པོ་དང་གཉིས་པ་གཉིས་ཀས་གཅིག་ཚབ་གཅིག་ཏུ་བྱེད་པ་དང་། སྐབས་འགར་ཡིག་འབྲུ་ཐོག་མ་གསུམ་ལས་ཡིག་འབྲུ་བར་མཐའ་གཉིས་ཀས་གཅིག་ཚབ་གཅིག་ཏུ་བྱེད་པ། ཡང་སྐབས་འགར་ཡིག་འབྲུ་ཐོག་མ་གསུམ་ལས་ཐོག་མཐའ་གཉིས་ཀས་གཅིག་ཚབ་གཅིག་ཏུ་བྱེད་པའང་མཆིས།

⑴ གཟུགས་འགྱུར་ཡོད་པའི་ལས་ཚིག་གི་སྐབས་སུ་སྡེ་བ་ལྔ་པ་ཙ་སྡེ་ཡན་གྱི་ཡིག་འབྲུ་ཐོག་མ་གསུམ་གྱིས་གཅིག་ཚབ་གཅིག་ཏུ་བྱེད་པའི་སྒོ་ནས་སྐབས་དོན་སྟོན་ཚུལ། དཔེར་ན། 

༡ ཀ་སྡེ། མདུད་པ་སོགས་དགྲོལ་བྱ་དང་། འགྲོལ་བྱེད། བཀྲོལ་ཟིན། ཁྲོལ་ཅིག ཅེས་དང་། 

༢ ཅ་སྡེ། དགྲ་སོགས་གཞོམ་བྱ་དང་། འཇོམས་བྱེད། བཅོམ་ཟིན། ཆོམས་ཤིག

༣ ཏ་སྡེ། དཔེ་ཆ་སོགས་གདོན་བྱ་དང་། འདོན་བྱེད། བཏོན་ཟིན། ཐོན་ཅིག

༤ པ་སྡེ། ཡི་གེ་སོགས་བྲི་བྱ་དང་། འབྲི་བྱེད། བྲིས་ཟིན། ཕྲིས་ཤིག

༥ ཙ་སྡེ། དགེ་རྒན་གྱིས་སློབ་མ་ལེགས་ལམ་དུ་གཟུད་བྱ་དང་། འཛུད་བྱེད། བཙུད་ཟིན། ཚུད་ཅིག ཅེས་པ་ལྟ་བུའོ། །

⑵ མིང་གི་སྐབས་སུ་སྡེ་བ་ལྔ་པ་ཙ་སྡེ་ཡན་གྱི་ཡིག་འབྲུ་ཐོག་མ་གསུམ་གྱིས་ལུགས་དང་མཐུན་པར་གཅིག་ཚབ་གཅིག་ཏུ་བྱེད་ཚུལ། དཔེར་ན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ266པར། གཞལ་མེད་ཁང་ལ་གཞལ་མྱེད་ཀང་།①ཞེས་དང་། ལྡེབ515པར། ལྷ་ཁང་ལ་ལྷ་གང་། རྟེན་ཁང་ལ་རྟེན་ཀང་། ནམ་མཁའ་ལ་ནམ་ཀ བཀའ་ཁྲིམས་ལ་བཀའ་གྲིམས་ཏེ། ལྡེབ62པར། བློན་ཆེ་སྟོང་རྩན་གྱྀས། འགོར་ཏྲྀར། བཀའ་གྲིམས་གྱྀ་ཡི་གེ་བྲྀས་ཕར་ལོ་གཆིག ཅེས་དང་། ལྡེབ187པར། དཀྱིལ་འཁོར་ལ་དཀྱིལ་ཀོར། ཞེས་དང་། བྱང་ཆུབ་ལ་བྱང་ཅུབ། ཡན་ཆད་ལ་ཡན་ཅད། ལྡེབ267པར། དཀོན་མཆོག་གསུམ་ལ་དཀོན་མཅོག་གསུམ། ཞེས་དང་། གཏོགས་ལ་གཐོགས། སྙད་བཏགས་ལ་སྙད་བཐགས། སྟོང་ལ་སྠོང་། ལྡེབ252པར། མེ་ཏོག་ལ་མེན་ཐོག ཅེས་དང་། ལྡེབ463པར། ལྷ་མོ་ས་གཞྀ་དང་བཆས་པར་གར་སོང་གཐོལ་མྱེད་ནས། ཞེས་བཅས་ལ་བཆས། གཏོལ་མེད་ལ་གཐོལ་མྱེད། མཁར་འཕྱིང་བ་སྟག་རྩེ་ལ་མཁར་ཕྱིང་བ་སྟག་རྩེའམ་མཁར་པྱིང་བ། དཔྱིད་ལ་དཕྱྀད། ལྡེབ260པར། ཕྱག་འཚལ་ལ་ཕྱག་འཙལད། ལྡེབ267པར། སྐྱེད་མོས་ཚལ་ལ་བསྐྱེད་མོས་ཙལ། ཅེས་དང་། ལྡེབ261པར། ཚུལ་ལ་ཙུལ། མཚམས་ལ་མཙམས། མཚན་མ་ལ་མཙན་མ། ལྡེབ262པར། རྒྱལ་མཚན་ལ་རྒྱལ་མཙན། མལ་གྲོ་ལ་མལ་ཏྲོ་དང་མལ་ཐྲོའམ་མལ་དྲོ་ཞེས་ཏུན་ཧོང་གཏེར་ཡིག་སོགས་ཡིག་རྙིང་ཁག་ཏུ་འབྱུང་བ་དེ་དག་ཀྱང་རྒྱུ་མཚན་དང་གནས་ལུགས་བརྗོད་དུ་ཡོད་པའི་སྒོ་ནས་བྲིས་པ་ཤ་སྟག་ཅིག་གོ །དེར་མ་ཟད་ད་ལྟའི་དུས་སུའང་ངག་ཐོག་ཡིག་ཐོག་གང་རུང་དུ་སྔ་སྲོལ་མ་ཉམས་པར། སྟོན་ཀ་དང་སྟོན་ཁ། ཐབ་ཀ་དང་ཐབ་ཁ། འབྲི་གུང་དང་འབྲི་ཁུང་། གཏིང་དང་གདིང་། ཚད་པ་དང་ཙད་པ། སྤྱང་ཀི་དང་སྤྱང་ཁི། ཨ་མེ་རི་ཀ་དང་ཨ་མེ་རི་ཁ། སྣ་ཁུང་དང་སྣ་གུང་། ཡར་ཁ་དང་ཡར་ཀ(རྐ)། གསེར་ཁང་དང་གསེར་ཀང(རྐང)།ཁངས་དང་གངས། ཅི་ཞིག་དང་ཆི་ཟིག གཅིག་དང་ཆིག ལོ་ཏོག་དང་ལོ་ཐོག ཕུ་དུང་དང་ཕུ་ཐུང་། སྙིང་ཏིག་དང་སྙིང་ཐིག དེ་ཕོ་དང་དེ་བོ། བོང་ཕྲུག་དང་བོང་པྲུག ཙབས་དང་ཚབས། གནོད་འབུ་གཏི་ཁེ་ལ་སི་ཁྲོན་མཛོད་དགེ་རྫོང་གི་སྐད་དུ། ཐེ་ཁེ་ཟེར་བ་སོགས་གདམ་ངའི་ཚུལ་དུ་བཤད་དང་འཆད་བཞིན་པ་དང་། བྲིས་དང་འབྲི་བཞིན་ཡོད་པ་ལྟ་བུའོ། །

⑶ མིང་གི་ཆ་ཤས་སམ་ཚིག་ཕྲད་བར་གྱི་འབྲེལ་བའི་སྐོར།

དཔེར་ན། བཙན་པོ་ལ་བཙན་ཕོ། དམར་པོ་ལ་དམར་ཕོ། གསོལ་པ་ལ་གསོལད་ཕ། བློན་ཆེན་པོ་ལ་བློན་ཆེན་ཕོ། ཞེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ453པར། གང་ལ་མདའ་འཕངས་ཕོག་ཆིང་འགུམ་བར་གསོལ་བར་བསམས་པ་དང་། ཞེས་སམ། བཙན་པོ་མྱེས་ཁྲི་སྲོང་གྱི་སྤུར་ཕྱིང་བའི་རིང་ཁང་ནའ་མཁྱུད་ཆིང་བཞུག་ལྟ་བུ། ལྡེབ486པར། རྒྱལ་པོ་ར་མ་ན་དང་ལྷ་མོ་སི་ཏ་སྟངས་དབྱལ་ཡབ་སྲས་ཀྱང་མཁོར་མང་པོ་དང་ཕོ་བྲང་སྟེང་ན། སྐྱིད་ཆིང་བཞུགས། ཧ་ནུ་མན་ཏ་སྤྲེ་འུ་འཁོར་ཏང་བཆས་པ་ཡང་རང་གི་གནས་ན། བདེ་ཞིང་མཆིས་སོ། །② ཞེས་ཚིག་ཕྲད་ཅིང་གི་ཚབ་ཏུ་ཆིང་དང་། དང་སྒྲའི་ཚབ་ཏུ་ཏང་ཡིག་བྲིས་ཡོད་པ་ལྟ་བུ། ཚིག་ཕྲད་ཏེ་ཡི་ཚབ་ཏུ་ཐེ་བྲིས་ཡོད་དེ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ68པར། རྒྱལ་འབངས་ལས། བླར་ཐབས་གིས། གསོལད་ཐེ། འདི་འདྲ་བར། ཕྲོགས་པ་ཙམ་ཞིག ། བུ་བཟངས་ལྟ་བུར་ཕྱག་རྒྱ་དང་གཐད་ཐོགས་ཐེ། སྤུས་འཛིན་དུ་ནི་མྱི་གནང་། །③ཞེས་འབྱུང་བ་ལྟ་བུ།

གཉིས་པ། གསལ་བྱེད་སུམ་ཅུའི་སྡེ་བ་གོང་འོག་བར་གྱི་འབྲེལ་བའི་སྐོར་གླེང་བ། 

༡. ཀ་སྡེ་དང་ཅ་སྡེ་གཉིས་བར་གྱི་འབྲེལ་བའི་སྐོར།

ཕོ་ཡིག་ཀ་ཅ་གཉིས་ནི། དཔེར་ན། བཅའ་བ་རིམ་གྲོ་ལ་བཀྱའ་བ་རིམ་གྲོ་ཞེས་དང་། གྲི་རྡུགས(རྟུགས)ཀྱིས་ཤ་ལ་གཅིལ་པའི་དོན་ལ་གྲི་རྡུགས་ཀྱིས་ཤ་ལ་དཀྱིལ། ལྕང་ལྕུག་གིས་བྲབས་ལ་ལྕང་ཀྱུག་གིས་བྲབས། བྱ་སྐྱུང་ཀ་ལ་ལྕུང་ག་ཞེས་པའི་གདངས་ཐོན་ལ། བཀའ་ཁྲིམས་ལ་བཅའ་ཁྲིམས་ཞེས་ཀྱང་འབྲི་སྲོལ་ཡོད་པ་ལྟ་བུ། མ་ནིང་ཁ་ཆ་གཉིས་ནི། དཔེར་ན། འབུད་ཤིང་ཆ་མ་ལ་ཁྱ་མ་ཞེས་དང་། ཆ་མ་འགེལ་བྱེད་ཀྱི་སྒའམ་གླང་སྒ་ལ། ཨ་མདོའི་རོང་སྐད་དུ། ཁྱ་སྒ(ཆ་སྒ)ཞེས་པའི་གདངས་ཐོན། ལག་ཆགས་པ་ལ་ལག་ཁྱགས། ལྷས་ཆུ་ས་འོག་ནས་བཞུར་སའི་ཆུ་ཁུང་གི་མིང་ལ་ཁྱུག་ཝུང་། འབྲུག་ཕོ་ཆུང་ལ་འབྲུག་ཕོ་ཁྱུང་ཞེས་པའི་སྒྲ་ཐོན།

《དགའ་བཞི་བའི་རྣམ་ཐར》གྱི་ལྡེབ70པར། ད་ལམ་ནད་འོག་འདི་ནས་ཐར་རེ་མི་འདུག་རུང་སྐྱེ་བ་ཕྱི་མ་ངོས་མཇལ་ཡོང་བའི་རྟེན་འབྲེལ་ཁྱད་རྡོ་རིང་དུ་འདི་ཕུལ་ཤོག་གསུངས་བྱུང་། ཞེས་སམ། ལྡེབ72པར། གང་ཅི་འཐུས་ཤོར་མི་འབྱུང་ཁྱད་རང་གཞིས་དགའ་བཞིའི་ཕྱི་ནང་ཚང་མའི་འགན་འཁུར།④ཞེས་ཆེད་ཀྱི་ཚབ་ཏུ་ཁྱད་བྲིས་ཡོད་ལ། 《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ》པོད6པའི་ལྡེབ273པར། ཟོ་ཆུན་ལ་ཟོ་ཁྱུན།⑤ཞེས་འབྱུང་ཞིང་། དམུ་དགེ་བསམ་གཏན་ཚང་གིས《བརྡ་དཀྲོལ་གསེར་གྱི་མེ་ལོང》གི་མགོ་བརྗོད་གསུངས་པའི་ཁྲོད། སྤྱིར་གཞུང་ལུགས་དག་ལ་ལྟ་ཞིང་སྦྱང་བར་བྱེད་པ་ལ་མིང་གི་བརྡ་ཁྱད་ཤེས་པ་གལ་ཆེ།⑥ཞེས་བརྡ་ཆད་ལ་བརྡ་ཁྱད་བྲིས་ཡོད། ཁྱོ་ལག་ལ་ཆོ་ལག(སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཡོ་ལོ་མ་དང་ཡོ་ཁྱོ་མ་ཟེར་ཏེ། དགྲ་ལག་ཡོ་ཁྱོ་མ་ཟེར་བ་ལྟ་བུ)ངག་འཆལ་ལ་ངག་འཁྱལ། ཆེད་དམིགས་ལ་ཁྱད་དམིགས། ཆེད་མཁས་ལ་ཁྱད་མཁས། འཆུས་པ་ལ་འཁྱུས་པ(འཁྱོག་པོའི་དོན)ཟེར་བ་ལྟ་བུའོ། །མོ་ཡིག་ག་ཇ་གཉིས་ནི། དཔེར་ན། རང་གིས་བྱས་པའི་ཉེས་སྐྱོན་སོགས་ཁས་བླངས་རྗེས་སླར་ཡང་ཁས་མི་ལེན་པར་བྱེད་པའི་བྱ་སྤྱོད་ཀྱི་མིང་ལ་འཇུན་ཟེར་ཡང་། ཨ་མདོའི་ཡུལ་བྱེ་བྲག་གི་སྐད་དུ། འགྱུན་སྒྲ་ཐོན་ལ། ཡང་རེབ་གོང་སོགས་ཀྱི་སྐད་དུ། འཇུན་གྱི་སྔོན་འཇུག་བོར་བའི་ཇུན་ཡིག་ལ་གྱུན་སྒྲ་ཐོན་ཏེ། ཁྱོས་གྱུན(ཇུན)གིན་མ་འདུག རྐུན་མས་གྱུན(ཇུན)དེངས་ཐལ་ཟེར་བ་ལྟ་བུའོ། །

༢. ཀ་སྡེ་དང་ཏ་སྡེ་གཉིས་བར་གྱི་འབྲེལ་བའི་སྐོར།

མིང་གཞི་ཏ་ཡིག་ཅན་གྱི་ཡི་གེ་རེ་གཉིས་ལ་སྐབས་འགར“ཀྱ”སྒྲ་ཐོན་ཅིང་། ཐ་ཡིག་ཅན་རེ་གཉིས་ལ“ཁྱ”སྒྲ་ཐོན། དཔེར་ན། འདུག་སྟེགས་དང་ས་སྟེགས་ལ་འདུག་སྐྱེགས་དང་ས་སྐྱེགས་ཟེར་ཏེ། ས་སྐྱེགས་ཐོག་ལ་གནམ་སྐྱེགས་ཟེར་བ་ལྟ་བུ། ལག་པ་ཡར་བཏེགས་ལ་ལག་པ་ཡར་བཀྱེགས། འོན་ཏང་ལ་འོན་ཀྱང་། མགོའི་ཕྱི་ལྟག་ལ་མགོའི་ཕྱི་ལྐག་ཅེས་དང་། ཐེག་ལ་ཁྱེག ཐེག་རྒྱུ་མ་རེད་ལ་ཁྱེག་རྒྱུ་མ་རེད། འགན་ཐེག་ལ་འགན་ཁྱེག ངག་རྒྱུན་དུའང་། ཁྱེག་ཁྱེག་ཀླད་པའི་གཙུག ། མི་ཁྱེག་རྐང་བའི་མཐིལ། བོང་བུས་གསེར་སྒ་མི་ཁྱེག་ཟེར་བ་ལྟ་བུ། ཚད་ལས་བརྒལ་ལ་ཚད་ལས་བརྡལ། 《རྭ་ལོ་ཙཱ་བའི་རྣམ་ཐར》གྱི་ལྡེབ170དང་ལྡེབ185པར། རབ་བྱུང་བསྙེན་རྫོགས་ཀྱང་བརྒྱ་ཕྲག་བརྡལ་བ་བསྒྲུབས། ཞེས་སམ། ལྡེབ187པར། དེ་ནས་ཁོང་གིས་དབུ་མཛད་པའི་སློབ་མ་སྟོང་བརྡལ་ཙམ་ལ་དབང་དང་གདམས་པ་གནང་།⑦ཞེས་འབྱུང་བ་ལྟ་བུ་དང་། གློ་རྡེག་ལ་གློ་རྒྱག མི་དེའི་མིང་གློ་རྒྱག་ཏུ་ཡིད་ལ་མ་དྲན། ཁ་སང་ངེད་ཚང་ལ་གློ་རྒྱག་ཏུ་འགྲུལ་བ་འགའ་ཐོན་ཟེར་བ་ལྟ་བུ། རྣས་ཚོར་ཉེས་བྱུང་བའི་སྒྲ་ལོག་གི་མིང་ལ་རྣ་ ག་གོ་ཟེར་བ་དེ་རྣ་ལྡོག་ལས་སྒྲ་འགྱུར་བྱུང་བ་ལྟ་བུའོ། །

༣. ཞ་སྡེའི་ཡིག་འབྲུ་ཐོག་མ་ཞ་དང་ཟ་གཉིས་བར་དང་། མཐའ་མའི་ཡིག་འབྲུ་འ་དང་ཡ་གཉིས་བར་གྱི་འབྲེལ་བའི་སྐོར།

⑴ ཞ་དང་ཟའི་རྣམ་གསལ་གྱི་དཔེ་བརྗོད་ལ། ཅི་ཞིག་ལ་ཆི་ཟིག་ཅེས་དང་། མྱི་ཞིག་ལ་མྱི་ཟིག སོ་སྲུབས་ནས་དབུགས་བཙན་གྱིས་ཕུད་དེ་བྱུང་བའི་སྒྲའི་མིང་ལ། འབྲོག་སྐད་དུ། གཞུགས་ཀ་ཟེར་ཞིང་། རོང་སྐད་དུ། གཟུགས་ཀའམ་གཟུགས་ས་ཟེར་བ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ161པར། འདིའི་ནུབ་ཕྱོགས་ལྟར། གར་ལོག་སྡེ་གསུམ་ཞིག་མཆིསྟེ། །དམག་བརྒྱད་སྟོང་མཆིས། དུ་རྒྱུས་དང་ཏ་ཞིག་དང་འཐབོ། །⑧ཞེས་ཏ་ཟིག་གམ་སྟག་གཟིག་ལ་ཏ་ཞིག་ཅེས་བྲིས་ཡོད་པ་ལྟ་བུ། 

⑵ འ་དང་ཡའི་རྣམ་གསལ་གྱི་དཔེ་བརྗོད་ལ། ངོ་འོག་ལ་ངོ་ཡོག ལ་འོག་ལ་ལ་ཡོག འོབས་ལ་ཡོབས། འོང་ལ་ཡོང་། འུ་བུ་ཅག་ལ་ཡུ་བུ་ཅག ལྗོན་ཤིང་ཡོ་འབོག་ལ་འོ་འབོག རྣ་བ་འོན་ལ་རྣ་བ་ཡོན། རྟ་སྒའི་ཐོག་གི་ཡོབ་ཆེན་ལ་འོབ་ཆེན་ཟེར་བ། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ127པར། མར་པ་ལོ་ཙྭའི་བུ་རྒྱུད་ལ། ། གཏམ་སྙན་མང་པོའི་འོང་སྒོ་ཡོད། །⑨ཅེས་ཡོང་སྒོ་ལ་འོང་སྒོ་བྲིས་ཡོད་པ་ལྟ་བུས་མཚོན། མཚོ་སྔོན་ཡུལ་ཤུལ་གྱི་སྐད་དུ། དེང་དུས་ཀྱང་གང་ན་ཡོད་ཅེས་པར་གང་ན་འོད་ཅེས་ཟེར་སྐད། ཡུན་རིང་བོའམ་མང་པོའི་དོན་ལ་རེབ་གོང་སོགས་ཀྱིས་ཡུད་ཙིག་དང་། ཡུད་རྐ་ཞིག་ཟེར་ཞིང་། མཚོ་སྔོན་གྱི་ཐེམ་ཆེན་རྫོང་སོགས་ཀྱིས། འུད་ཟིག་འགོར་སོང་ཟེར་བ་ལྟ་བུའོ། །

༤. ཙ་སྡེའི་ཙ་ཚ་གཉིས་དང་ར་སྡེའི་ས་གསུམ་བར་གྱི་འབྲེལ་བའི་སྐོར།

རྣམ་གསལ་གྱི་དཔེ་བརྗོད་ལ། ནོར་ལུག་སོགས་རི་མགོ་ནས་ཤི་ཚེ་སྤྱང་ཁི་དང་བྱ་རྒོད་ཀྱིས་ཤ་བཏོགས་ནས་རྩིབ་གུ་རབས་སེ་རུས་སྒྲོམ་ཁོ་ན་ལུས་པའི་མིང་ལ་ཙངས་དྲ་ཟེར་བ་སངས་དྲ་ཞེས་པའི་དོན་ཡིན་ལ། ཚེ་ཏན་དགོན་པ་ལ་སེ་ཏན་དགོན་པ་ཟེར་བ། 《གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》དུ། སྣ་འཚུབས་ལ་སྣ་སུབས།⑩ཞེས་འབྱུང་ཞིང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ17པར། ལོ་ངམ་གྱྀས་མཆན་ནས་སྤྲེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །ཞེས་ཡིག་རྙིང་ཁག་ཏུའང་གངས་ཏི་སེའི་མིང་ལ། ཏི་སེ་གངས་སམ་ཏི་ཙེ་གངས་ཞེས་འབྱུང་། ཆུ་ཟོ་འཁུར་སྐབས་རྟེན་འཆའ་སའམ་མལ་གསོ་སའི་མིང་ལ་མལ་ཙ་ཟེར་བར་མལ་ས། འཚོ་ནམ་ལ་སོ་ནམ། ཡུན་རིང་འགོར་ནས་ཞོ་ལད་པའི་དོན་གྱི་ཞོ་ཚགས་ལ་ཞོ་སགས། ཀན་ལྷོའི་རྨ་ཆུ་རྫོང་གི་སྐད་དུ། ཞོ་ཚགས་བསྡད་ཀིན་ཟེར། མགོའི་སྤྱི་གཙུག་གི་མདུན་ངོས་སུ་མཚོག་མ་ཟེར་བར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ་སོག་མའང་ཟེར། ཁ་སྩང་ལ་ཁ་སང་། གསོ་མ་ལ་གཙོ་མ། གསོ་སྒྱེ་ལ་གཙོ་སྒྱེ། གསོ་སྐུད་ལ་གཙོ་སྐུད། བྱིས་པ་བཙས་པ་ལ་བྱིས་པ་བསས་ཟེར་ཞིང་། ཁྱེད་ཚང་དང་ངེད་ཚང་ཞེས་པར་ཁྱེད་སང་དང་ངེད་སང་། འཕྲལ་དུའམ་ཅང་མ་འགོར་བའི་དོན་གྱི་ཐད་ཙེ་ལ་ཐད་ཚེ་དང་ཐད་སེའང་ཟེར། ཐད་ཀ་ཐད་སོ་ལ་ཐད་ཀ་ཐད་ཚོ། ཕྱོགས་གཅིག་ལ་ཡོ་བའི་དོན་གྱི་ཕྱོགས་གཅིག་སར་ཁྱོགས་ཐལ་ཞེས་པ་ལ་ཕྱོགས་གཅིག་ཚར་ཁྱོགས་ཐལ། ཕྱེད་སར་ཡོན་ཐལ་ལམ་ཁྱོགས་ཐལ་ཞེས་པར་ཤ་ཚར་ཡོན་ཐལ། གདུང་འཚོབ་ལ་གདུང་སོབ། འཚང་རྒྱ་ལ་སངས་རྒྱ། ན་སོ་ལ་ན་ཚོད། འཚོ་ཚིས་ལ་སོ་ཚིས། ཉམས་ཚད་ལ་ཉམས་སད། ཀུ་རེ་རྩེད་པའི་དོན་གྱི་ཚད་ཀིས་བཤད་པ་ཡིན་ཞེས་པ་ལ་སད་ཀིས་བཤད་པ་ཡིན། ཡིད་ཚིམས་ལ་ཡིད་སིམས། ཚུན་ཆད་ལ་སུན་ཆད།(ཚེས་དགུའི་ཚུན་ཆད་ལ་ཚེས་དགུའི་སུན་ཆད)ཚབ་ལ་གསབ། ཁྱོད་ཚུར་ཤོག་ལ་ཁྱོད་སུར་ཤོག འགྲོ་ཚུལ་འདུག་ཚུལ་ལ་འགྲོ་སུལ་འདུག་སུལ། བཟའ་ཚུལ་འཐུང་ཚུལ་ལ་བཟའ་སུལ་འཐུང་སུལ། རྩྭ་ལྡུམ་སྣ་མང་བཏུས་ནས་མང་ཉུང་ལ་འགྲན་རེས་བྱས་པའི་དོན་ལ་ལྡུམ་ཚོགས་བརྒྱབ་ཞེས་པར་ལྡུམ་སོགས་བརྒྱབ། གོ་རེ་རླངས་འཚོད་བྱེད་སྤྱད་ལ་ཨམ་སྐད་དུ། ཁོན་ཞེས་པར་ཡིག་སྐད་དུ། ཁྲོལ་སག་གམ་ཁོལ་སག་ཟེར་བ་ལ་ཁྲོལ་ཚགས་སམ་ཁོལ་ཚགས། ས་རྡོ་འཁུར་བྱེད་ཀྱི་སེལ་བོ་ལ་ཙེལ་པོ། སྦྱིན་སྲེག་ལ་སྦྱིན(བཞིན)ཚེག་གམ་བཞིན་ཚེག་ཟེར་བ་ལྟ་བུ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ140པར། བློན་ཆེན་པོས། ། འདུན་ཙ་ལོང་ཅུ་ནས། ། ཞེས་པའི་འབྲུ་འགྲེལ་དུ། འདུན་ས་ལོང་ཅུ་ནས།ཞེས་བཀྲལ་ཡོད། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》དུ། བསལ་བ་ལ་བསྩལ་བ་དང་། སོགས་པ་ལ་སྩོགས་པ། བསུ་བ་ལ་བསྩུ་བ། དྲི་བསུང་ལ་དྲི་བསྩུང་། བསངས་པ་ལ་བསྩངས་པ།ཞེས་བཀྲལ་ཡོད་པ་ལྟ་བུའོ། །

༥. ར་སྡེའི་ཡིག་འབྲུ་ཐོག་མ་ར་དང་ལ་གཉིས་བར་དང་། ཡིག་འབྲུ་མཐའ་མ་ཤ་དང་ས་གཉིས་བར་གྱི་འབྲེལ་བའི་སྐོར། 

⑴ ར་དང་ལ་གཉིས་བར་འབྲེལ་བ་ཡོད་པའི་དཔེ་བརྗོད་ལ། ལྷ་ས་ལ་ར་ས་ཟེར་བ་ལྟ་བུ། གཞན་ཡང་། བོད་མིང་དུ་ལྷ་བརྟན་དང་རབ་བརྟན་ཞེས་པ་གཉིས་ལ་བོད་པ་རང་གིས་འབོད་སྐབས་སྒྲ་གདངས་ཀྱི་ཁྱད་ཆེ་ཡང་། མི་རིགས་གཞན་གྱི་སྐད་དུ་གཉིས་ཀར་ལཱ་ཏན(拉旦)ཞེས་ཁྱད་མེད་དུ་སྒྲ་ཐོན་གྱིན་ཡོད་ལ། ཀྲུང་ཏུང་ས་ཁུལ་གྱི་རྒྱལ་ཁབ་ཅིག་གི་མིང་ལ་དབྱིན་སྐད་དུ་དབྱི་སི་རལ་ཞེས་འབོད་ཀྱང་། རྒྱ་ནག་སྐད་དུ་དབྱི་སི་ལའེ་ཞེས་འབོད་ཀྱིན་ཡོད་པ་དེས་ཀྱང་དེ་གཉིས་བར་འབྲེལ་བ་ཡོད་པ་གསལ་བཤད་བྱས་འདུག་སྙམ། 

⑵ ཤ་དང་ས་གཉིས་བར་འབྲེལ་བ་ཡོད་པའི་དཔེ་བརྗོད་ལ། མཚོ་སྔོན་ཞིང་ཆེན་འབའ་རྫོང་ཡུལ་དུ་སེང་ཁྲི་དགོན་པ་ཞེས་རྙིང་མའི་དགོན་པ་ཞིག་ཡོད་པ་ལ་ཁ་སྐད་དུ་ཤེང་ཁྲི་དགོན་པ་ཞེས་འབོད་ཀྱིན་ཡོད་ཅིང་། སྒ་བེ་ཤིང་ལ་སྒ་བེ་སིང་ཟེར་བ། ཨ་ཤོ་ཀ་ལ་ཨ་སོ་ཀ་ཟེར་བ་ལྟ་བུས་མཚོན། 

༦. ཕྱེད་སྡེའི་ཧ་ཨ་གཉིས་བར་གྱི་འབྲེལ་བའི་སྐོར།

དཔེར་ན། ཧ་ཅང་ལ་ཨ་ཅང་འབྲི་བ་ལྟ་བུ། 

༧. ཅ་སྡེའི་ཅ་ཆ་གཉིས་དང་ར་སྡེའི་ཤ་གསུམ་བར་གྱི་འབྲེལ་བའི་སྐོར།

⑴ ཅ་དང་ཤ་ཡིག་གཉིས་བར་གྱི་འབྲེལ་བ། 

དཔེར་ན། གྲངས་ཀྱི་ཉི་ཤུ་ཞེས་པར་མཚོན་ན། བཅུ་ཚན་གཉིས་སམ་བཅུ་སྐོར་གཉིས་ཀྱི་མིང་སྟེ། ཉི་ནི་གཉིས་ཀྱི་དོན་དང་ཤུ་ནི་བཅུའི་དོད་ཚབ་ཡིན་པས་ཉིས་ཅུ་ཞེས་པའི་དོན་ནོ། ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ275པར། བྱང་ཆུབ་སེམས་པ་ཐབས་ཀྱྀས་རོལ་ཅིང་སེམས་ཤན(ཅན)གྱྀ་དོན་མཛད་ཅྀང་སྤྲུལ་པ་ཡང་མང་དུ་གཞུགས་སོ། །ཞེས་དང་། ལྡེབ292པར། གཉན་རྡོ་ཐམ་ཤད(ཅད)གྱིས་བསྐོངས་ན་རྩི། ལྡེབ294པར། རི་དགས་ཐམ་ཤད(ཅད)གྱི་གློ་ཕྱེ་དང་བྱ་ཐམ་ཤད(ཅད)གྱི་གློ་བ་དང་དེ་རྣམས་ཆང་ཉིང་གུ་ལ་སྦྱར་དེ། ལྡེབ298པར། བྱ་ཐམ་ཤད(ཅད)དང་རི་དགས་ཐམ་ཤད(ཅད)གྱི་མཆིན་པ། ལྡེབ299པར། འདྲུབ་རྩི་ཐམ་ཤད(ཅད)འཐུངས་ན་རྩི། ལྡེབ302པར། མཆྀན་རྩི་ཐམ་ཤད(ཅད)བཅད་ན་སྨན། དེས་གྱང་མ་ཕན་ན་དུག་གྱྀ་རྩི་ཐམ་ཤད(ཅད)བསྩོགས་ཏེ། འགྲོང་དུ་བདུགས་ན་རྩི། མཆིད་རྩ་ཐམ་ཤད(ཅད)བཏབ་ན་རྩི།…ཞེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ17པར།…དེ་ནས་ལྷ་འྀ་དཀོར་ཐམ་ཤད(ཅད)སྩལ་ཏོ། འུང་ནས་ལོ་ངམ་རྟ་རྫི་ཡང་། མཁར་མྱང་རོ་ཤམ་པོར་སྔར་མཆིས་སོ། ། ལྡེབ453པར། ལྷ་རྣམས་ལ(དབང་བྱེད་པས)ལྷ་ཐམས་ཤད་བཆག་པར་བྱས་ནས། ལྡེབ475པར། རེ་ཤིག་ན་སྲིན་པོ་ཤམ་རྣ་ཞེས་བྱ་བ། ། སྔུན་སེམས་ཤན་ཐམས་ཤད་ཟ་བར་དངོས་གྲུབ་བསྒྲུབས་པ་ལས། ། དུས་ཐམས་ཤད་དུ་གཉིད་ལོག་པ་ཞིག་ཡོད་པ་དེཞེས་སོགས་ཡིག་རྙིང་ཁག་ཏུ་ཅ་ཡིག་གི་ཚབ་ལ་ཤ་ཡིག་བྲིས་པ་མང་དུ་སྣང་ཞིང་། 《སྒྲ་སྦྱོར་བམ་གཉིས》སུ། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས།ཞེས་པའི་འོན་ཅང་དོ་ལ། 《དུང་དཀར་ཚིག་མཛོད་ཆེན་མོ》དང《བོད་རྒྱ་ཚིག་མཛོད་ཆེན་མོ》 སོགས་སུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གླིང་ངམ་འུ་ཤང་ལྷ་ཁང་།ཞེས་ཅང་གི་ཚབ་ཏུ་ཤང་བྲིས་ཡོད་ཕྱིར། ཉི་ཤུ་ཞེས་པའང་དོན་གྱིས་ཉིས་བཅུ་ཞེས་པའི་བརྗོད་བདེ་ཙམ་དུ་ཟད་དེ། འཕྲོས་མ་སུམ་ཅུ་ནས་དགུ་བཅུའི་བར་དུ་ཅུའམ་བཅུ་ཡིག་འབྲི་བ་དེས་ཀྱང་རིགས་ལམ་དེ་ཡང་དག་ཉིད་དུ་བསྒྲུབ་ནུས། བོད་ཡིག་གི་མིང་དང་ཚིག་གི་བར་མཚམས་གཅོད་བྱེད་ལ་ཆིག་ཤད་དང་། ཉིས་ཤད། བཞི་ཤད་ཅེས་ཟེར་བ་དེ་ཡང་དོན་གྱིས་བཅད་ཡིག་ལ་སྒྲ་འགྱུར་བྱུང་སྟེ་ཤད་དུ་གྱུར་པ་ཙམ་ལས། བསྟན་དོན་དངོས་ནི་ཆིག་བཅད་དང་། ཉིས་བཅད། བཞི་བཅད་ཅེས་པ་ཡིན་ཚུལ་གོང་གསལ་དཔེ་གཞི་དེ་དག་ལས་རྟོགས་ཐུབ་ཅིང་། མདོ་སྨད་དཔའ་རིས་རྫོང་གི་སྐད་དུ། ཟོག་གིས་བཏང་བའི་ལྕི་བའི་མིང་ལ་ཤེ(ཕྱེ)ཞེས་ཕྱེ་སྒྲ་ཐོན་པ་ལའང་དེ་མཐུན་གྱི་གནས་ལུགས་ཡོད་པས་སོ། །

གཞན་ཡང་། སྐབས་འདིར་དྲི་བ་གཞན་ཞིག་འབྱུང་སྲིད་པ་ནི། འོ་ན། སུམ་ཅུ་ནས་དགུ་བཅུའི་བར་དུ་ཡོངས་ཁྱབ་ཏུ་ཅུའམ་བཅུ་ཡིག་སྦྱར་ཡོད་ན། ཉི་ཤུ་ལ་ཅིའི་ཕྱིར་བཅུ་ཡིག་མ་སྦྱར་བར་ཤུ་སྦྱོར་དགོས་སམ་ཞེ་ན། དེ་ནི་མིང་གཞི་ཅ་དང་ཉ་གཉིས་ཀ་སྡེ་ཚན་གཅིག་ཉིད་ལས་བྱུང་བ་ཡིན་པ་དང་། དོན་གྱི་འཇུག་ཚུལ་ཐད་ནས་སྐབས་རེར་གཅིག་ཚབ་གཅིག་ཏུ་བྱེད་པ་ཡོད་པའི་སྟེང་ནས་ངག་ལ་བརྗོད་པ་བདེ་ཕྱིར་ཉི་ཤུ་ཞེས་སྦྱར་བ་ཡིན་སྙམ། །

⑵ཆ་དང་ཤ་ཡིག་གཉིས་བར་གྱི་འབྲེལ་བ་ནི། དཔེར་ན། འཆི་དང་ཤི། འཆར་དང་ཤར། འཆད་དང་བཤད། འཆོར་དང་ཤོར། འཆགས་དང་བཤགས། གཞན་ཡང་། ཨམ་སྐད་ཁྲོད། འགྲོ་རུ་ཆུགས་ལ་འགྲོ་རུ་ཤུགས(ཞུགས)འགྲུབ་ཏུ་ཆུགས—འགྲུབ་ཏུ་ཤུགས།(ཞུགས)ཀྱི་སྒྲ་ཐོན་པ་ལྟ་བུའོ། །

༨. པ་སྡེའི་ཕ་དང་བ་གཉིས་དང་ར་སྡེའི་ཤ་གསུམ་བར་གྱི་འབྲེལ་བའི་སྐོར།

ཨམ་སྐད་ཁྲོད། ཕྱ་དང་བྱ་ཡིག་གཉིས་ལ་དབྱངས་སོགས་ཞུགས་པའི་ཡི་གེ་ཁག་ཅིག་ལ་སྐབས་འགར“ཤ”ཡི་གདངས་ཐོན་ཏེ། དཔེར་ན། རེབ་གོང་སོགས་ཀྱིས་ཕྱེད་ཀའི་དོན་གྱི་ཕྱ་ཚལ་ཕྱེད་མ་ལ་ཤ་ཚལ་ཤེད་མ་ཟེར། ད་ལོའི་ཞོར་ལས་ཀྱི་ཡོང་སྒོས་དོམ་ཕྱ་ཚལ་ཕྱེད་མ(ཤ་ཚལ་ཤེད་མ)གསུར་ཚར་ཟེར་བ་ལྟ་བུ། ཕ་རོལ་པ་ལ་རྒྱུ་མཚན་འདྲི་བའི་དོན་ཅན་གྱི་ཅིའི་ཕྱིར་ཞེས་པ་ལ་ཆི་ཤེར་ཟེར་བ། མཚོ་སྔོན་གྱི་གཅན་ཚ་རྫོང་དང་། ཀན་ལྷོའི་ཀླུ་ཆུ་རྫོང་སོགས་ཀྱི་སྐད་དུ། ཕྱི་དྲོ་ལ་ཤི་དྲོ། ཉལ་ཐུལ་ཕྱི་མ་ལ་ཉལ་ཐུལ་ཤི་མ། ཕྱིང་ཞྭ་ལ་ཤིང་ཞྭ། སང་ཕྱིན་ཆད་ལ་སང་ཤིན་ཆད། ཕྱིར་མ་སོང་ན་མི་ཆོག་ཅེས་པ་ལ་ཤིར་མ་སོང་ན་མི་ཆོག ཕྱིར་ལོག་ལ་ཤིར་ལོག འབྲུ་ཞིབ་མོར་བཏགས་པའི་ཕྱེ་ཡི་མིང་ལ་ཤེ ། མགོའི་ཕྱི་ལྟག་ལ་ཤི་ལྟག བསང་ཕུད་པའི་དོན་ལ་བསང་ཕྱུང་ཞེས་པར་བསང་ཤུང་ཟེར་ཞིང་། ཕྱོགས་ཁག་ལ་ཤོགས་ཁག ཕྱོགས་བཅུ་དུས་གསུམ་ལ་ཤོགས་བཅུ་དུས་གསུམ། རྐང་པའི་ཕྱི་རྟིང་ལ་རྐང་པའི་ཤིར་རྟིང་། ལྭ་བ་ཕྱིར་སློག་ལ་ལྭ་བ་ཤིར་སློག རྒྱུན་དུའམ་བར་མ་ཆད་པའི་དོན་ལ་ཕྱོ་མེད་པར་ཞེས་པ་ལ་ཤོ་མེད་ལ། ཁྱི་རྦད་པའི་དོན་ལ་ཕྱོ་ཕྱོ་ཟེར་བར་ཤོ་ཤོ་ཞེས་པའི་གདངས་ཐོན་པ་ལྟ་བུ་མང་དུ་མཆིས།《དག་ཡིག་གསར་བསྒྲིགས》སུ། ཕྱོ་ཕྱོ། ཁྱི་རྦད་པའི་སྒྲ་སྟེ། ཁྱི་ཕྱོ་ཕྱོ་ཟེར་ནས་རྦད་ལྟ་བུ།ཞེས་བཀྲལ་ཡོད། འདི་ལྟར་ཕྲིས་ཞེས་པའི་དོན་གྱི་འདི་བྱེད་ཕྲིས་ཞེས་པ་ལ་འདི་ཤེད་ཕྲིས་ཞེས་པའི་སྒྲ་ཐོན་ཅིང་། འདི་ལྟར་བྱོས་ལ་འདི་ཤེད་ཤོས། དྲན་བྱང་བཞག་ལ་དྲན་ཤང་བཞག་ཟེར་བ་ལྟ་བུའོ། ། དེ་བཞིན་དུ་ཤ་ཡིག་ཁག་ཅིག་ལ་སྐབས་འགར་ཕྱ་སྒྲ་ཐོན་དུས་མཆིས་ཏེ། ཕག་ཤ་ལུག་ཤ་ལ་ཕག་ཕྱ་ལུག་ཕྱ་ཞེས་དང་། གྲྭ་ཤག་ལ་གྲྭ་ཕྱག ཤི་སོང་ལ་ཕྱི་སོང་། ཤུག་པ་ལ་ཕྱུག་པ། ཤུག་སྡོང་ལ་ཕྱུག་སྡོང་། ཤོབ་གཏམ་ལ་ཕྱོབ་གཏམ། རྣམ་ཤེས་ལ་རྣམ་ཕྱེས་ཟེར་བ་ལྟ་བུའོ། །

༩. ཅ་སྡེའི་ཉ་དང་ཏ་སྡེའི་ན་གཉིས་བར་གྱི་འབྲེལ་བའི་སྐོར། 

མཚོ་སྔོན་གྱི་བ་ཡན་རྫོང་དང་། ཀན་ལྷོའི་ཅོ་ནེ་རྫོང་། བསང་ཆུ་རྫོང་གི་འབོ་ར་དང་། ཨ་མཆོག་སོགས་ཀྱི་སྐད་དུ། ཉ་ལ་ན་སྒྲ་ཐོན། ཆུ་ནང་དུ་ཉ་མང་ཞེས་པ་ལ་ཆུ་ནང་དུ་ན་མང་ཟེར་ཞིང་། ཉི་ཤུ་ལ་ནི་ཤུ སྔ་ཉིན་ལ་སྔ་ནི། གནངས་ཉིན་ལ་ནངས་ནི། ཤ་ཉེ་ལ་ཤ་ནེ། གཉིས་ལ་ནིས། དེ་རིང་གི་ཉི་མ་ལ་དེ་རིང་གི་ནི་མ་ཞེས་པའི་སྒྲ་ཐོན་པས། ཡུལ་དེའི་བླ་མ་ཞིག་ལ་ཆིབས་བསུ་བྱེད་སྐབས། ངག་ལས་བླ་མ་ནི་མ(ཉི་མ)འདྲ་བོ་ཞེས་འབོད་ཀྱིན་ཡོད་ཅེས་ཐོས། ཉན་ལ་ནན། ཉལ་ལ་མནལ། ཉལ་ཐུལ་ཉལ་གདན་ལ་མནལ་ཐུལ་མནལ་གདན། རྨྱི་ལམ་རྨྱིས(རྨི་ལམ་རྨིས)ལ་རྣི་ལམ་རྣིས། ཉུང་ལ་ནུང་། ཐུག་པ་ནུང་ནུང་ཞིག་འཆུས་ཟེར་བ། ཉིན་དཀར་ལ་ནིན་དཀར། གཉའ་ལྟག་ལ་གནའ་ལྟག ཞོ་ཉོ་བ་ལ་བཞོ་ནོ་གེ ཞོ་བསྙལ་ལ་ཞོ་བསྣལ(བསྣའ་སྒྲ་ཐོན)།

སྙིང་མ་རྗེ་ལ་སྣིང་མ་རྗེ། སྙོར་སྐྱོང་ལ་སྣོར་སྐྱོང་། ཁའི་ནང་གི་རྙིལ་གྱི་མིང་ལ་བརྡ་རྙིང་དུ་རྣིལ་ཟེར། གནའ་བོའི་ཞང་ཞུང་སྐད་དུ། བཅུ་གཉིས་ལ་ཅུ་ནིས་ཟེར་ཞིང་། རེབ་གོང་སོགས་ཀྱི་སྐད་དུའང་། ཡིན་ནི་ནམ་འདོད་ལ་ཞེས་པར་ཡིན་ཉི་ནང་འདོད་ལ་ཟེར་ཞིང་། གོ་རེའི་ནང་སྙི་ལ་ཉང་སྙིས་ཟེར། དཔེར་ན། གོ་རེའི་གྱོང་ཁ་བྱིས་པར་བྱིན། ཉང་སྙི་ལོ་ལོན་ལ་བྱིན་ཟེར་བ་ལྟ་བུ། 《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》པོད་གསུམ་པའི་ལྡེབ286པར། མི་ཉག་ཅེས་པ་མི་ནག་ཅེས་སྒྲ་འགྱུར་བ་ཡིན་པར་བཤད།ཅེས་འབྱུང་བ་ལྟ་བུའོ། ། དེ་དག་ནི་བརྡ་རྙིང་གི་འཆད་རྒྱུན་བཟུང་བས་རེད། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ20པར། འ་བ་ཉི་ཉེ་པ་ཉིད།ཅེས་པའི་ཉི་ནི། ངོས་བཟུང་གི་ཕྲད་ནི་ཞེས་པ་དང་སྦྱོར་དོན་མཚུངས་པར་གོ་དགོས་པ་ལྟ་བུའོ། ། 

༡༠. ཅ་སྡེའི་ཉ་དང་ཞ་སྡེའི་ཡ་གཉིས་བར་གྱི་འབྲེལ་བའི་སྐོར།

དབྱངས་དང་འཕུལ་རྟེན་ཞུགས་པའི་ཉ་དང་ཡ་ཡིག་ཁག་ཅིག་སྐབས་འགར་རེས་མོས་ཚུལ་དུ་སྤྱོད་དུས་མཆིས། དཔེར་ན། མཚོ་སྔོན་མགོ་ལོག་གི་སྐད་དུ། ལག་པ་གཡོན་པའི་མིང་ལ་ཡོ་ལག་གམ་ཉོ་ལག་ཟེར། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཡོ་ལོ་མ་དང་། ཡོ་ཁྱོ་མ་ཟེར། དགྲ་ལག་ཡོ་ཁྱོ་མ་ཟེར་བ་ལྟ་བུ། དག་ཡིག་ཁག་ཏུའང་ལ་ཕུག་གི་བྱེ་བྲག་ཡུང་མ་ལ་ཉུངས་མ་ཞེས་བཀྲལ་ཡོད། ཡོ་ལ་ཉོ་སྒྲ་ཐོན་ཚུལ་ནི་བརྡ་རྙིང་གི་རྗེས་ཤུལ་འཚོལ་བའི་དན་རྟགས་རྣལ་མ་ཞིག་ཡིན་ཏེ། 《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས》ཀྱི་ལྡེབ112པར། གནའ་བོའི་དུས་སུ་ཉ་དང་ཡ་དོན་གཅིག་ཏུ་སོང་བ་ཡོད་པས་བོད་ཁ་གཡག་དྲུག་གམ་བོད་ཁ་ཉ་དྲུག་ཅེས་གདམ་ང་དང་། ཉག་ཆུ་བྱ་བའང་དེད་དེ་སོང་ན་འབྲི་ཆུ་ཡིན་ཞིང་། རྒྱ་ཡིག་ཏུ་མའོ་ཉིའུ་ཧོ་སྟེ(牦牛河)གཡག་ཆུ་ཞེས་བསྒྱུར་ཡོད་པ་དང་། མི་ཉག་ཅེས་པའང་སུམ་པའི་ཆོས་འབྱུང་དུ། མི་ཡག་ཅེས་པའི་དོན་ཡིན་པར་གསུངས་པར་གཞིགས་ན། གནའ་དུས་སུ་ཡ་དང་ཉ་ཕལ་ཆེར་དོན་གཅིག་ཡིན་པར་སྣང་བས། ཉ་གོང་ངམ་གཉའ་གོང་ནི་གཡག་གོང་དུ་ར་འཕྲོད་ཅིང་། ཞེས་འབྱུང་བ་ལྟ་བུ་སྟེ། བོད་ཁ་གཡག་དྲུག་ལ་བོད་ཁ་ཉ་དྲུག་ཅེས་དང་། ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱའི་གཡག་གོང་མཁར་རམ་གཡག་མགོའི་མཁར་ལ་གཉའ་གོང་མཁར། ཉག་ཆུ﹙འབྲི་ཆུ﹚ལ་གཡག་ཆུ། མི་ཉག་ལ་མི་ཡག་ཅེས་བྲིས་ཡོད་པ་ལྟ་བུས་མཚོན།

༡༡. པ་སྡེའི་བ་མ་གཉིས་བར་གྱི་འབྲེལ་བའི་སྐོར།

གསལ་བྱེད་སུམ་ཅུ་ལས་བ་དང་མ་ཡིག་གཉིས་ལ་ཡི་གེ་གཞན་དག་དང་མི་མཚུངས་པར་སྔོན་རྗེས་མིང་གསུམ་ཅི་རིགས་ཀྱི་སྒོ་ནས་ཕན་ཚུན་གཅིག་ཚབ་གཅིག་ཏུ་བྱེད་པའི་འབྲེལ་བ་མཆིས།

⑴ སྔོན་འཇུག་གཅིག་ཚབ་གཅིག་གིས་བྱེད་ཚུལ། དཔེར་ན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ464པར། བདག་ནྀ་ནུ་བོ་ལགས་ཏེ། བགྲིན་བཟང་ཤེས་བགྱི།ཞེས་སམ། ལྡེབ319པར། མ་ཡར་མོ་དང་བནའ་མ་ཁྱོ་མོ་དང་བུ་སྲིང་ཁྱོ་མ་མཆིས་པ་འདི་རྣམས།…ལྡེབ465པར། རྒྱལ་པོ་ར་མ་ན་འྀ་ཞལ་ནས། བགྲིན་བཟང་གྱི་དན་གྲོགས་བྱསྟེ། རྒྱལ་སྲིད་དུ་གཞུག་ན།…ཞེས་མནའ་མ་ལ་བནའ་མ་ཞེས་དང་། མགྲིན་ལ་བགྲིན་ཞེས་འབྱུང་ཞིང་། གཞན་ཡང་། བཙན་པོ་གནམ་རི་སྲོང་བཙན་ལ་བཙན་པོ་སློན་མཚན། ཞེས་བཙན་ལ་མཚན། རྒྱལ་བོ་ཐུགས་མཉེས་ལ་བཙན་པོ་ཐུགས་བཉེསྟེ། ཞེས་མཉེས་ལ་བཉེས། དགུ་ཐང་མཉམ་ལ་དགུ་ཐང་བཉམ། ཞེས་མཉམ་ལ་བཉམ་བྲིས་ཡོད་ཅིང་། དེ་བཞིན་དུ། མནལ་ལ་བནལ། མཐུན་ལ་བཐུན། ཞེས་ཡིག་རྙིང་ཁག་ལས་མང་དུ་མཐོང་རྒྱུ་ཡོད་པ་བཞིན་ནོ། །

⑵ མིང་གཞི་གཅིག་ཚབ་གཅིག་གིས་བྱེད་ཚུལ། 

དཔེར་ན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ395པར། ལོ་མང་མོ་ཞིག་དུ་དཔོན་སྣ་གཉེར་ལེན་འབྱུང་འཇུག་དུ་གྱུར་གྱྀས་ཀྱང་།…ཞེས་སམ། ལྡེབ471པར། རྐྱལ་ཀ་མང་མོ་ཞིག་བྱས་པ་དང་། འབངས་ལས་མང་མོ་ཞིག་འཛིན་དུ་བཏང་ན། ལྡེབ528པར། སོག་དག་ཚོང་པ་མྱྀ་མང་མོ་ཞིག་གི་རེ་བ་ཡང་བསྐང་བར་སྙམ་ནས། ཞེས་མང་བོ་ལ་མང་མོ། ཞེས་བྲིས་ཡོད་ཅིང་། ལྡེབ515པར། རྒྱལ་པོ་ཕྲག་དོག་སྐྱེས་སྟེ། ཁྲོས་ནས། ། དང་མོ་བཙས་པའི་སར་བོར་ཏེ།…ཞེས་དང་པོ་ལ་དང་མོ་ཞེས་བྲིས་ཡོད་པ། ལྡེབ18པར། རྷྱས་བཀྲགས་རབས་བཆད། དུད་སྣ་ཕོ་ལོ་བཀྲགས་ཀྱྀ་ཆུང་བ་གཆིག་བྲོས་ཏེ། ཕ་མྱིང་གྀ་ཡུལ་དུ་ཐར་ཏོ། ཞེས་དང་། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ12པར། བློན་ཆེན་པོའྀ་འོག་པོན་དྔ་ཞང་བློན་ཆེན་པོ་འདྀ་བཞི། ཁོང་ཏ་ངོ་བོ་དང་། ཁོང་ཏའྀ་མྱེས་པོ་དང་ཕ་མ་དང་འདི་རྣམས།ཞེས་སམ། ལྡེབ13པར། ཞང་ལོན་ཆེན་པོ་ངོ་བོ་དང་། ཆེན་པོ་དང་སྟོང་མཉམས་བ་ཞིག ། ལ། ཞེས་དང་། ལྡེབ24པར། རྀ་དག་ལ་མདའས་རྡུལ་ཕ་ལ་སྩོག་ཏེ། ཕོགས་པ་ལ། སྟོང་མཉམ་བོ། །ཞེས་ངོ་མོའམ་དངོས་ཀྱི་དོན་ལ་ངོ་བོ་ཞེས་དང་། ཆུང་མ་ལ་ཆུང་བ། མཉམ་མོ་ལ་མཉམ་བོ་ཞེས་བྲིས་ཡོད་ཅིང་། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ150པར། ཁལ་ཕྱེད…སྔ་བོང་འབུལ། ཞེས་རྔ་མོང་ལ་སྔ་བོང་།ཞེས་བྲིས་ཡོད་པ་ལྟ་བུས་མཚོན།

⑶ རྗེས་འཇུག་གཅིག་ཚབ་གཅིག་གིས་བྱེད་ཚུལ།

དཔེར་ན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ516པར། བདག་རྒྱ་རྗེ་འི་བུ་མ་ལགས་པར་གྱུར་ན། བདག་རྒྱ་རྗེའི་ཞམ་འབྲིང་ན་མཆིས་ན་ཅྀ་སྨན།ཞེས་ཞབས་འབྲིང་གི་ཚབ་ཏུ་ཞམ་འབྲིང་བྲིས་ཡོད་ཅིང་། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ19པར། ཞང་ལོན་གསེར་གྱྀ་ཡི་གེ་ངོ་བོ་དང་། གསེར་གྱྀ་ཡྀ་གེ་པ་དང་། སྟོང་ཐང་མཉབ་པ། ཞིག་ལ།ཞེས་མཉམ་པ་ལ་མཉབ་པ་ཞེས་བྲིས་ཡོད་པ་ལྟ་བུ། 

༡༢. རྗེས་འཇུག་ཁག་ཅིག་གི་ཕན་ཚུན་བར་གྱི་འབྲེལ་བའི་སྐོར། 

⑴ མིང་བརྡ་ཁག་ཅིག་གི་རྗེས་འཇུག་ད་ན་གཉིས་སྐབས་འགར་བརྗེ་སྤོར་བྱེད་ཚུལ། དཔེར་ན། ཐང་ཆེན་པོ་ལ་ཐང་ཆེད་པོ་ཞེས་དང་། རི་ཆེན་པོ་ལ་རི་ཆེད་པོ། མི་གཟུགས་རིང་ཤ་རྒྱགས་ཅན་ལ་མྱི་ཆེད་པོ། རྒྱུད་འཛིན་ལ་རྒྱུན་འཛིན། མི་གཤིས་རྒྱུད་ཁྱོག་ཅན་ལ་རྒྱུན་ཁྱོག་ཟེར་བ། གྱོང་གུད་ལ་གྱོང་གུན། བར་ཆོད་ལ་བར་ཆོན། ཡིད་བརྟོད་ལ་ཡིད་བརྟོན། དྲོད་ལ་དྲོན། རྒད་པོ་ལ་རྒན་པོ། སྟོན་མོ་ལ་སྟོད་མོ་སོགས་ཟེར་བ་ལྟ་བུའོ། ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ལྡེབ39པར། དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ། །ཞེས་དང་། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ133པར། རྒྱ་འྀ་དམག་བྱྀན་ཆེད་པོ།…ལྟོ་ཆེད་པོར་ཞུགས་ཀྲང་། ། གྀས་གནམ་པྱགས་ཆེད་པོས་བཏབ་སྟེ།…ཞེས་དང་། ལྡེབ134པར། ཐང་ཆེད་པོ་གཆིག་ལ།…གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངསྣ་སོད་ཀྲང་།…རྀ་ཆེད་པོ་འི་ལྗིད་ཀྱྀས་མནན་ན་ཆོགས་ཀྲང་།
…མཚོ་ཆེད་པོ་འི་རླབས་ཀྱིས་བསད་ན་སོད་ཀྲང་།
…རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང་།…ཞེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ1པར། ཡུལ་དང་མཁར་དུ་བཅས་པཱ། སོ་སོ་ཡུལ་བདེ་བཞྀ་ལས། སྤུར་རྒྱལ་བོན་གི་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ།…ཞེས་སྤུ་རྒྱལ་བོད་ལ་སྤུར་རྒྱལ་བོན་ཞེས་བྲིས་ཡོད་ཅིང་། ལྡེབ26པར།(སྟག་བུ་སྙ་གཟིགས་སྐབས)ཁྱོན་འདའ་མ་རན་པ་མྱེད་དོ། ། ཞེས་པའི་ཁྱོན་ནི་ཁྱོད་ཀྱི་དོན་དང་། འདའ་ནི་འདྲ་བའི་དོན་ཡིན་པས། ཁྱོད་ལྟ་བུ་དེའི་བྲན་དུ་མ་རན་པ་མེད་དོ། ། ཞེས་སམ། ལྡེབ270པར། ནོར་རྫས་གསོལ་ཕས་ནྀ་འཇྀག་རྟེན་ཐམས་ཅད་དབུལ་ཞིང་ཕོངས་པའྀ་མྱྀང་མྱྀ་གྲག་སྟེ། ཡྀན(ཡིད)བཞྀན་ལྷའྀ་ལོངས་སྤྱོད་དང་ལྡན་ཞྀང་ཟད་མྱྀ་ཤེས་པའྀ་གཏེར་དང་ལྡན་བར་ཤོག་ཤྀག ། ཅེས་ཡིད་བཞིན་ལ་ཡྀན་བཞིན་ཞེས་བྲིས་ཡོད་པ། ལྡེབ525པར། མཆོད་རྟེན་ཆེད་པོ་གཅིག་བརྩིག་སྟེ། ། མཆོད་པ་མཛད་དོ། ། ཞེས་དང་། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ201པར། གང་ཟག་ལ་བདག་མྱེད་ཅེས་བྱ་བ་ནི། ། བདག་དང་སེམས་ཅད་དང་། སྲོག་དང་། ང་དང་ངའྀ་ལསྩོགས་པ་མྱེད་པར་རྟོགས་པའོ། །ཞེས་སོགས་རྗེས་འཇུག་གི་སྐབས་སུ་ད་ན་གཉིས་བརྗེ་སྤོར་ཚུལ་དུ་འབྱུང་རྒྱུ་ཡོད་པ་མ་ཟད། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ38པར། སྟོང་མཉམ་པ་འདི་རྣམས་ནང་།ཞེས་དང་གི་ཚབ་ཏུ་ནང་བྲིས་ཡོད་ཅིང་། ལྡེབ44དང45པར། སྡར་མ་ལ་སྣར་མ། ཞེས་མིང་གཞིའི་སྐབས་སུའང་ད་ན་གཉིས་བརྗེ་སྤོར་ཚུལ་དུ་བྲིས་ཡོད་པ་ལྟ་བུ། དེ་འདྲའི་དབང་གིས། ཡང་འཇུག་ད་དྲག་འཐོབ་པའི་ཡི་གེ་ཁག་ཅིག་ལ་ན་སྒྲ་ཐོན་དུས་མཆིས་ཏེ། རྒྱལད་བསྐུགས་ལ་རྒྱན་བསྐུགས་ཞེས་དང་། ཡ་མཚརད་ལ་ཡ་མཚན། སྒྲོལད་མ་འཚོ་ལ་སྒྲོན་མ་འཚོ། ཆོས་སྒྲོལད་སྐྱིད་ལ་ཆོས་སྒྲོན་སྐྱིད། ཚེ་སྒྲོལད་ལ་ཚེ་སྒྲོན། སྒྲོལད་དཀར་ལ་སྒྲོན་དཀར། ཤ་ཟེལད་ལངས་ལ་ཤ་ཟེན་ལངས། ཁྲོལ་ཚགས་ཁོལད་ལ་ཁོན། ལག་སྐོར་གྱིས་རྩམ་པ་འཐག་སྐབས་འོག་སྟན་གྱི་མིང་ལ་ཁོལད་ལྟེབ་ཅེས་པར། མཚོ་སྔོན་གྱི་མགོ་ལོག་དང་། སི་ཁྲོན་ཁྱུང་མཆུ་རྫོང་གི་སྐད་དུ། ཁོན་ལྟེབ་ཅེས་པའི་གདངས་ཐོན་པ་ལྟ་བུས་མཚོན། དེ་ལྟར་དུ། རེབ་གོང་གི་སྐད་དུ། ཁྱོད་བུ་ངརད་བ་ཞིག་རེད་ཅེས་པ་ལ་ཁྱོད་བུ་ངན་གིན་ཞེས་དང་།
ཁྱོད་སློབ་སྦྱོང་ལ་ངརད་ཀིན་ཞེས་པ་ལ་ཁྱོད་སློབ་སྦྱོང་ལ་ངན་གིན་ཟེར་བའང་འགྲོས་དེ་མཚུངས་ཀྱི་རིགས་པ་ལས་མ་འདས་སོ། །

⑵ རྗེས་འཇུག་མ་དང་ང་གཉིས་ཀྱི་སྒྲ་གདངས་སྐབས་འགར་བརྗེ་སྤོར་བྱེད་ཚུལ། དཔེར་ན། མཚོ་སྔོན་གྱི་རེབ་གོང་དང་། མགོ་ལོག་གི་ཡུལ་སྡེ་འགའི་སྐད་དུ། གཅར་རྡུང་བྱས་པའི་དོན་གྱི་འཇོམས་པ་བྱིན་ཞེས་པར་འཇོངས་པ་བྱིན་ནམ་འཇོངས་པ་སྟེར་ཞེས་པའི་གདངས་ཐོན། ཡིན་ནམ་ཞེས་པ་ལ་ཡིན་ནང་ཟེར། འབྲས་སྤུངས་དགོན་པའི་ཀླུ་འབུམ་ཁམ་ཚན་ལ་ཀླུ་འབུམ་ཁང་ཚན་ཞེས་ཁམ་དང་ཁང་གཉིས་རེས་མོས་སུ་བྲིས་སྣང་སྟེ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ལྡེབ22པར། དེ་མཚམས་ནས་སྐུ་དྲག་དང་དགེ་བཤེས། རྩེ་དྲུང་། གདན་སའི་ཐོབ་ཁུངས་ཀྱི་ཁང་ཚན་སོགས་བཅར་མི་མང་། དངོས་འབྲེལ་ཕན་ཐོགས་ཆེ་ཤོས་སེར་བྱེས་ཀྱི་ཁང་ཚན་ཞིག་ཡོད།ཅེས་འབྱུང་བ་ལྟ་བུ་དང་། མ་ཕམ་གཡུ་མཚོའམ་མཚོ་མ་ཕམ་ལ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཀྱི་ལྡེབ104-105པར། མ་པང་ནྀ་མཚོ་འགྲམ་ནས། …མ་པང་ནྀ་མཚོ་འིས་བྲུན།ཞེས་འབྱུང་བ་ལྟ་བུ། 《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས》ཀྱི་ལྡེབ107པར། ཏུན་ཧོང་གཏེར་ཡིག་ཏུ། ཤངས་ཀྱི་སུམ་ཆུ་བོར། …སུམ་ཆུ་བོ་ཞེས་པ་བསང་ཆུ།ཞེས་བཀྲལ་ཡོད་པ་ལྟ་བུ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ15པར། སྟོང་མཉམ་པ་ཞེས་པར་སྟོམ་མཉམ་བ།ཞེས་དང་། ལྡེབ18པར། ཐོང་མྱི་ཞེས་པར་ཐོམ་མྱིག་ཅེས་བྲིས་ཡོད། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ4པར། ཡུལ་ཀླུང་རོ་འི་ཡ་གསུམ་ན།ཞེས་པ་ལ། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》སྟོད་ཆའི་ལྡེབ56པར། ཡུལ་ཀླུམ་རོའི་ཡ་གསུམ་ན།ཞེས་འབྱུང་བ་ལྟ་བུ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཀྱི་ལྡེབ171པར། ལོ་ཐང་བླ་སྐྱེས་ལ་སྐྱེས་ལོ་དམ།ཞེས་འབྱུང་ཞིང་། 《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》པོད3པའི་ལྡེབ301པར། ལྡོང་ཤུལ་ཆེན་བཅོ་བརྒྱད་དང་། ལྡོང་ཚ་ཆེན་བཅོ་བརྒྱད་བགྲང་སྐབས། ཟམ་ཚ།ཞེས་པ་ལ། དབལ་ཤུལ་བསོད་ནམས་དར་རྒྱས་ཀྱི《གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན》དུ། ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ལ། ཟངས་ཚ།ཞེས་འཁོད་ཡོད་པ་ལྟ་བུ། དམ་ལྷོད་མེད་དང་ཐམ་ལྷོད་མེད་ཅེས་པ་ལ“དང་ལྷོད་མེད”དང“ཐང་ལྷོད་མེད”ཟེར་བ། འགྲོ་རྒྱུ་ཡིན་ནམ་མིན་ཞེས་པ་ལ་འགྲོ་རྒྱུ་ཡིན་ནང་མིན། ཚུར་སྣང་བའི་ཚུལ་དུ་ཞེས་པའི་དོན་གྱི་སྣང་སྟངས་ལ་སྣམ་སྟངས་ཟེར་བ། མཚོ་སྔོན་ཕྱོགས་ཀྱི་རོང་སྐད་དུ། ཁང་པའི་ཐོག་གམ་སྟེང་ལ་ཁོམ་ཐོག(ཁང་ལ་ཁམ་སྒྲ་ཐོན། ཐོག་གི་དབྱངས་ན་རོ་མིང་གི་སྔ་ཆར་སྤོས)ཟེར་བ། སི་ཁྲོན་མཛོད་དགེ་རྫོང་གི་སྐད་དུ། སྐྱིལ་ཀྲུང་ལ་སྐྱིལ་ཁྲུམ་ཟེར་བ། ཀན་ལྷོའི་ཐེ་བོ་རྫོང་གི་སྐད་དུ། སྐམ་བཤའ་ལ་ཀང(སྐང)བཤའ། སྐམ་ཤ་ཉོས་ལ་ཀང(སྐང)ཤ་ཉོས། ལམ་ལ་ལང་། རྒྱ་ལམ་ལ་རྫ་ལང་། ཁམས་པ་ལ་ཁངས་པ། རྐང་སྣམ་ལ་རྐང་ལང་། ཕམ་ལ་ཕང་། ཚོང་ཕམ་སོང་ལ་ཚོང་ཕང་སོང་། མཛོ་མོ་དེད་ལ་མཛོང་དེད། ནམ་ལ་ནང་། ཁྱོད་ནམ་ཚུར་ཡོང་རྒྱུ་ལ་ཚོས(ཁྱོས)ནང་སུར(ཚུར)ཡོང་རྒྱུ། ནངས་སྔ་མོ་ལ་ནམས་སྔ་ཡེ། ཟམ་པ་ལ་ཟང་པ། ཉི་མ་ལ་ཉིང་། ཉི་མ་འགྱལ་སོང་ལ་ཉིང་འཛུལ་ར། ཉི་མ་དྲོ་ལ་ཉིང་དྲོ། འོ་མ་ལ་འོང་། ལྷམ་ལ་ཧང་ཟེར། ཀན་ལྷོའི་འབོ་ར་དང་། ཨ་མཆོག ཨ་ལ། རྒྱུས་ཚང་སོགས་ཀྱི་ཡུལ་སྐད་དུ། དེ་རིང་གི་ཉི་མ་ཞེས་པར་དེ་རིང་གི་ནིང་ཞེས་རྗེས་འཇུག་མ་ལ་ང་སྒྲ་ཐོན་པ་ལྟ་བུས་མཚོན་ནོ། །

༡༣. ཏ་སྡེའི་ད་དང་ཞ་སྡེའི་ཟ་ཡིག་གཉིས་བར་གྱི་འབྲེལ་བའི་སྐོར། 

མིང་གཞི་ད་ཅན་གྱི་རྩེག་ཡིག་རེ་གཉིས་སམ་དབྱངས་ཞུགས་པའི་ད་ཡིག་ཁག་ཅིག་ལ་སྐབས་འགར་གཞི་གདངས“གཟའ”ཡི་སྒྲ་དང་ཉེ་འདྲ་ཞིག་ཐོན། དཔེར་ན། མཚོ་སྔོན་བ་ཡན་རྫོང་སོགས་ཀྱི་སྐད་དུ། སྡེ་ལ་བཟེ་ཞེས་དང་། སིལ་སྡོང་ལ་སིལ་གཟོང་། གདུང་མ་ལ་གཟུང་མ། བྱིས་པའི་སྔུན་ནས་ཟས་ཞིམ་པོ་ཟོས་ནས་ཧེབ་བསྩངས་ཚེ་སྡིག་པ་ཡོད་ཟེར་བར་གཟིག་ག་ཡོད། གཤེ་གཤེ་བཏང་བའི་དོན་གྱི་བསྡིགས་ལ་གཟིགས། ཁྱི་སྡིགས་སྤྲང་སྡིགས་བྱས་ལ་ཁྱི་གཟིགས་སྤང་གཟིགས་བྱས་ཟེར་བ། ཐང་འཕྱག་བྱེད་ཀྱི་སྡུད་མ་ལ་གཟུད་མ། ལྗོན་ཤིང་སྡོང་པོ་ལ་གཟོང་བོ། སྡོམ་པ་སྲུང་ལ་གཟོམ་པ་སྲུང་། ཐང་ནས་སྡོད་ལ་ཐང་ནས་གཟོད་ཅེས་པའི་གདངས་དང་ཡི་གེ་གཉིས་ཀ་འབྱུང་སྟེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》སོགས་སུ།(གཟོད་མ)ལ་གདོད་མ་ཞེས་དང་། གདོད་ལ་གཟོད་དམ་ད་གཟོད།ཅེས་འབྱུང་བ་ལྟ་བུའོ། །

གསུམ་པ། དབྱངས་ཡིག་བཞི་ལས་ཕན་ཚུན་བར་གྱི་འབྲེལ་བའི་སྐོར་གླེང་བ།

སྤྱིར་བཏང་དུ་དབྱངས་ཡིག་བཞི་ལས་སྐབས་འགར་དང་པོ་དང་གསུམ་པ་གཉིས་ཀྱི་སྒྲ་གདངས་ཕན་ཚུན་རེས་མོས་ཚུལ་དུ་ཐོན་པ་མང་ཞིང་། སྐབས་འགར་གཉིས་པ་དང་བཞི་པ་གཉིས་ཀྱི་སྒྲ་གདངས་ཕན་ཚུན་བརྗེ་རེས་ཚུལ་དུ་ཐོན་པ་མང་མོད། ཡང་སྐབས་འགར་གོ་ལྡོག་ནས་ཐོན་ཚུལ་ཡང་མཆིས། དཔེར་ན། ཨ་མདོའི་ཡུལ་སྡེ་འགའི་སྐད་དུ། ཟོག་གིས་བཏང་བའི་ལྕི་བ་ལ་ལྕེ་ཞེས་པའི་སྒྲ་ཐོན་ཅིང་། ལྗི་བ་ལ་ལྗེ། ཙེག་གཏི་དམར་པོ་ལ་ཙེག་གཏེ་དམར་རོ། གཏི་ཁེ་ལ་གཏེ་ཁེའམ་གཏེ་ལེ་དཀར་ལྡང་། འཕྱི་བ་ལ་ཕྱེ། རེ་ལྕག་ལ་རིས་ལྕག འབུ་སྲིན་སྲིལ་ལ་སྲེལ(ཧྲེས)། ཧྲིལ་བོ་ལ་ཧྲེལ་བོ། སྙེ་མ་ལ་སྙི་མ། སྟ་རེ་ལ་སྟ་རི་ཞེས་པའི་སྒྲ་ཐོན་ཏེ། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ397པར་ཡང་། གཟོང་གཅྀག སྟ་རྀ་གཅྀགཅེས་འབྱུང་བ་ལྟ་བུ། གོ་རེ་ལ་གོ་རི། ཞེ་ཐག་ལ་ཞི་དག ཨེ་ཡོད་ལ་ཨི་ཡོད། ཕྱི་རོལ་མུ་སྟེགས་པ་ལ་མུ་སྟིགས་པ། དེའི་རྐྱེན་གྱིས་ལ་དེའི་རྐྱོན་གིས། ཁྱེད་ཚོ་ལ་ཁྱིད་ཆོ། ངེད་ཚོ་ལ་ངིད་ཆོ། དེ་དགོང་ལ་དོ་དགོང་། དེ་མོ་དེ་ལ་དི་མོ་དི།(དེ་འདྲའི་དོན)དེ་རེད་མ་རེད་ལ་དི་རིད་མ་རིད། ཁེར་མ་གཉིས་མ་ཞེས་པའི་དོན་གྱི་ཁ་ཁེར་ཞེས་པར་ཁ་ཁིར་ཟེར་ཏེ། རྟ་རྒྱུགས་ས་ན་རྟ་ལུད་ཁ་ཁིར་ཡོད་ལོས་ཆོག་ཟེར་བ་ལྟ་བུ། ཤ་ཁུ་ལ་ཤ་ཁོ། རུས་ཁུ་ལ་རུས་ཁོ། རྩུབ་པོ་ལ་རྩོམ་པོ། དྲི་མ་སྣོམས་ལ་དྲི་མ་སྣུམས། ཚོམ་བུ་ལ་ཚོམ་འབུ། ཁོ་ཚོ་ལ་ཁུ་ཆོ། མགོ་ཡོམ་འཁོར་ལ་མགོ་ཡུ་འཁོར། ཆོག་པའི་དོན་གྱི་ལོས་ཆོག་ལ་ལེ་ཆོག་དང་། ཨ་ནེ་ལ་ཨ་ནི། ཕ་རོལ་ཚུ་རོལ་ལ་ཕ་རིལ་ཚུ་རིལ་ཟེར་བ་སོགས་ལྟ་བུ། ཡང་མགོ་ལོག་གི་དགའ་བདེ་རྫོང་དང་། ཀན་ལྷོའི་རྨ་ཆུ་རྫོང་། སི་ཁྲོན་གྱི་རྔ་བ་རྫོང་སོགས་ཀྱི་སྐད་དུ། ཟོག་གིས་བཏང་བའི་ལྕི་བ་ལ་ལྕོ་དང་། རི་དྭགས་འཕྱི་བ་ལ་ཕྱོ་ཞེས་པའི་གདངས་ཐོན་ཅིང་། དཔའ་རིས་རྫོང་གི་སྐད་དུ། ལྕི་བ་ལ་ཤེ(ཕྱེ)ཞེས་ཕྱེ་སྒྲ་ཐོན་ཟེར། ལྷག་པར་དུ། བཅུ་ནས་བརྒྱའི་བར་གྱི་གྲངས་གནས་བགྲང་སྐབས། བཅུ་ཚན་གཉིས་རྫོགས་མཚམས་ནས་བཟུང་ཉི་ཤུ་ཞེས་མགོ་གླེང་འཕྲལ། ཉི་ཤུ་རྩ་གཅིག ཉི་ཤུ་རྩ་གཉིས། ཉི་ཤུ་རྩ་གསུམ། ཉི་ཤུ་རྩ་བཞི། ཉི་ཤུ་རྩ་ལྔ། ཉི་ཤུ་རྩ་དྲུག ཉི་ཤུ་རྩ་བདུན། ཉི་ཤུ་རྩ་བརྒྱད། ཉི་ཤུ་རྩ་དགུ་བཅས་ཟེར་ཞིང་། ཉི་ཤུ་རྩ་ཞེས་པའི་ཡིག་འབྲུ་གསུམ་བསྡུས་པས་རྩ་ཡི་ར་མགོ་དེ་ཉི་ལ་རྗེས་འཇུག་གི་ཚུལ་དུ་སྦྱར་ནས་ཉིར་གྲུབ་པ་ཡིན་ཕྱིར། ཉིར་གཅིག ཉིར་གཉིས། ཉིར་གསུམ། ཉིར་བཞི། ཉིར་ལྔ་སོགས་ཡིན་ཡང་། ངག་ཏུ་བརྗོད་བདེ་བའམ་དབྱངས་བཞིའི་འབྲེལ་བའི་དབང་གིས་དེ་སྐད་མི་ཟེར་བར། ཉེར་གཅིག ཉེར་གཉིས། ཉེར་གསུམ། ཉེར་བཞི། ཉེར་ལྔ། ཉེར་དྲུག ཉེར་བདུན། ཉེར་བརྒྱད། ཉེར་དགུ་ཞེས་དབྱངས་དང་པོ་ལ་གསུམ་པ་འགྲེང་བུའི་ཚུལ་དུ་སྒྲ་ཐོན་པ་ཡིན་ལ། དེ་ལྟར། སུམ་ཅུ་རྩ་ཞེས་པའི་ཡིག་འབྲུ་གསུམ་བསྡུས་པས་སུར་བྱུང་བ་ཡིན་ཡང་། བརྗོད་བདེའམ་དབྱངས་བཞིའི་འབྲེལ་བའི་དབང་གིས་ཞབས་ཀྱུ་ལ་ན་རོའི་སྒྲ་ཐོན་ནས་སོར་དུ་གྱུར་པས། སོར་གཅིག སོར་གཉིས། སོར་གསུམ། སོར་བཞི། སོར་ལྔ། སོར་དྲུག སོར་བདུན། སོར་བརྒྱད། སོར་དགུ་ཞེས་པའི་སྒྲ་ཐོན། དེ་བཞིན་དུ། བཞི་བཅུ་རྩ་ཞེས་པ་བསྡུས་པས་ཞིར་བྱུང་ཞིང་། དེ་བརྗོད་བདེའམ་དབྱངས་བཞིའི་འབྲེལ་བའི་དབང་གིས་ཞེར་གྱི་སྒྲར་གྱུར་ནས། ཞེར་གཅིག ཞེར་གཉིས། ཞེར་གསུམ། ཞེར་བཞི། ཞེར་ལྔ། ཞེར་དྲུག ཞེར་བདུན། ཞེར་བརྒྱད། ཞེར་དགུ་བཅས་སུ་གྲུབ་པ། ལྔ་བཅུ་རྩ་ཞེས་པ་བསྡུས་ཏེ་ངར་བྱུང་བས། ངར་གཅིག ངར་གཉིས། ངར་གསུམ། ངར་བཞི། ངར་ལྔ། ངར་དྲུག ངར་བདུན། ངར་བརྒྱད། ངར་དགུར་གྲུབ་པ། དྲུག་ཅུ་རྩ་ཞེས་པ་བསྡུས་པས། དྲུར་བྱུང་བ་ཡིན་ལ། དྲུར་ཞེས་པ་ལ་རུར་སྒྲ་ཐོན་པ་ཡིན། དེ་ནི་ཆོས་ཀུན་འགྲིག་ལ་ཀུན་རིག་ཅེས་དང་། སྐད་དྲིགས་ལ་སྐད་རིགས། སྦྲ་ལ་ར། བླ་བྲང་ལ་བླ་རང་། ཕོ་བྲང་ལ་ཕོ་རང་། ཐེའུ་བྲང་ལ་ཐེའུ་རང་།

གྲོགས་ལ་རོགས། འདྲུལ་ལ་རུལ་ཟེར་བའི་འགྲོས་དང་མཚུངས། དེ་ལྟར། དབྱངས་བཞིའི་འབྲེལ་བའི་དབང་གིས་རུར་ལ་རེར་སྒྲ་ཐོན་ཏེ། རེར་གཅིག རེར་གཉིས། རེར་གསུམ། རེར་བཞི། རེར་ལྔ། རེར་དྲུག རེར་བདུན། རེར་བརྒྱད། རེར་དགུ་ཞེས་པར་གྱུར། བདུན་ཅུ་དོན་གཅིག་ནས་དོན་དགུའི་བར་དུ་དོན་སྒྲ་ཐོན་པ་ནི་བདུན་གྱི་སྔོན་འཇུག་བ་དོར་ཤུལ་གྱི་དུན་ལ་དབྱངས་གཉིས་པ་དང་བཞི་པ་ཕན་ཚུན་བརྗེ་རེས་སྒོས་སྒྲ་ཐོན་པའི་ཚུལ་དུ་བཞི་པ་ན་རོའི་གདངས་ཐོན་པས་ཡིན། བརྒྱད་ཅུ་རྩ་ཞེས་པ་བསྡུས་པས་བརྒྱད་ཀྱི་མིང་གཞི་གྱ་ལ་རྩ་ཡི་ར་མགོ་དེ་རྗེས་འཇུག་གི་ཚུལ་དུ་སྦྱར་བས་གྱར་བྱུང་སྟེ། གྱར་གཅིག གྱར་གཉིས། གྱར་གསུམ། གྱར་བཞི། གྱར་ལྔ། གྱར་དྲུག གྱར་བདུན། གྱར་བརྒྱད། གྱར་དགུ་ཞེས་པར་གྱུར། དགུ་བཅུ་རྩ་ཞེས་པ་བསྡུས་ནས་གུར་བྱུང་བས། བརྗོད་བདེའམ་དབྱངས་བཞིའི་འབྲེལ་བའི་དབང་གིས། གོར་གཅིག གོར་གཉིས། གོར་གསུམ། གོར་བཞི། གོར་ལྔ། གོར་དྲུག གོར་བདུན། གོར་བརྒྱད། གོར་དགུ་བཅས་དབྱངས་བཞི་བ་ན་རོ་ཅན་དུ་གྱུར་པ་ཡིན་མོད། ཆོས་ཉིད་དེ་མ་རྟོགས་པས་ཉི་ཤུའི་སྡེ་ཚན་གྱི་སྐབས་སུ་ཉེར་གཅིག་ཉེར་གཉིས་སོགས་ཉེར་འབྲི་བ་མ་གཏོགས། འཕྲོས་མ་རྣམས་སུ་སོ་གཅིག་སོ་གཉིས་ཞེས་དང་། ཞེ་གཅིག་ཞེ་གཉིས། ང་གཅིག་ང་གཉིས། རེ་གཅིག་རེ་གཉིས། གྱ་གཅིག་གྱ་གཉིས། གོ་གཅིག་གོ་གཉིས་སོགས་ལ་རྗེས་འཇུག་ར་གཏན་མེད་དུ་བཟོས་དང་བཟོ་བཞིན་པའི་མ་དག་རྒྱུན་འབྱམས་འདི་བྱུང་བ་རེད། དེ་འབྲེལ་གྱི་དོན་གཞན་ཞིག་ནི། འདིར་བསྟན་གྱི་ཉི་ཤུ་རྩ་གཅིག་ནས་བརྒྱ་རྩའི་བར་གྱི་རྩ་ཞེས་པའང་། སྔོན་བྱོན་མཁས་པའི་གསུང་དུ་ལྷག་མའི་དོན་དུ་བཀྲལ་འདུག་ཟེར་མོད། རྒྱུ་མ་ཕུ་འདེད་ཚུལ་དུ་བརྟག་ཚེ་རྩ་ཞེས་པ་ནི་མ་རྩའམ་མ་གཞིའི་དོན་ལས་མ་འདས་ཕྱིར། བཅུ་ཚན་གཉིས་མ་རྩ་བྱས་པའམ་མ་རྐང་བྱས་པས་ཉི་ཤུ་ཞེས་སྡེབ་གྲངས་སམ་དེའི་ལྷག་མ་ན་ཡོད་མེད་དང་ཡོད་ན་ག་ཙམ་ཡོད་པ་མཚོན་བྱེད་དུ། ད་གཟོད་རྩ་ཡི་རྗེས་སུ་གཅིག་དང་གཉིས་སོགས་སིལ་གྲངས་རིགས་སྦྱར་ནས་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་གཉིས་ལྟ་བུ་ཟེར་ལུགས་བྱུང་བ་ཡིན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ3པར། རྗོ་བོ་ལིག་སྙ་ཤུར།ཞེས་རྗེ་བོ་ལ་རྗོ་བོ་ཞེས་སམ། ལྡེབ18པར། མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ང་འི་རྗོ་བོ་གར་རེ།…ཞེས་དང་། ལྡེབ17པར། ཕོ་ལ་ལྟསུ་བལྟས་ན་ལྟས་བཟང་སྟེ། ཞེས་ལུང་བའི་ཕུ་མདའ་ཞེས་པའི་ཕུ་ལ་ཕོ་བྲིས་ཡོད་པ་སོགས་བོད་ཀྱི་ཡིག་རྙིང་དག་ཏུའང་། བུ་མོ་ལ་བོ་མོ། ཚེ་དཔག་མེད་ལ་ཚི་དཔག་མེད། འདིར་ཤོག་ལ་འདེར་ཤོག དེ་རིང་ལ་དི་རིང་སོགས་འབྱུང་བ་དག་གིས་ཀྱང་མཚོན་ནུས་སོ། །

མདོར་ན། སྟོང་ལོ་བརྒལ་བའི་ཡིག་རྙིང་དག་ཏུ་འཁོད་པ་རྣམས་དང་། ད་ལྟའི་བར་རྒྱུན་མ་ཉམས་པར་འཆད་བཞིན་པའི་སྐད་ཆའི་ཁྲོད་ཀྱི་མིང་བརྡ་དེ་རིགས་ཁོལ་དུ་ཕྱུང་ནས་གཤིབ་བསྡུར་སྒོས་དཔྱད་ཚེ། ད་གཟོད་དེ་དག་ནི་བྱུང་རྒྱལ་དུ་བྲིས་པའམ་རང་སྣང་གང་ཤར་དུ་སྨྲས་པ་ཞིག་མ་ཡིན་པར་ཕན་ཚུན་བར་གཉེན་ཚན་ནང་བཞིན་གྱི་འབྲེལ་བ་ཟབ་ཅིང་། བོད་པ་རང་གི་སྐད་བརྡའི་ཆོས་ཉིད་དང་ཡང་མཐུན་པའི་རྟོགས་དཀའི་གནས་ལུགས་དག་ཀུན་ལ་གའུ་ཁ་སྦྱོར་ཚུལ་དུ་ངོ་འཕྲོད་ཐུབ་པ་དང་ཆབས་ཅིག རིག་གཞུང་ཞིབ་འཇུག་ལས་ལ་བརྩོན་སེམས་ལྡན་མཁན་ཚོར་སྨན་པའི་བློ་སྐྱེད་རེ་ཡང་ཡོད་སྲིད་སྙམ་མོད། འོན་ཏང་། སྔོན་མར་སུས་ཀྱང་མ་དཔྱད་པའི་དཀའ་གནད་ཅིག་ལ་ལྷུ་དང་ཚིགས་བྱས་ནས་གཤགས་བཅོས་བྱེད་པའི་ཁུར་བླངས་ན། སུ་ཞིག་ཡིན་རུང་མ་བཤད་ལོག་བཤད་ཀྱི་གནས་ཀྱང་ལུས་དང་གྲིབ་མ་འགྲོགས་པ་བཞིན་དུ་འབྱུང་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཙ་ན། ས་ཕག་འཕངས་ནས་གཡང་ཊི་འདྲེན་པའི་ཚུལ་དུ་སྦྱར་བ་དགེ་གྱུར་ཅིག །

སློབ་གསོའི་མན་ངག་བདུད་རྩིའི་ཐིགས་པ།

ZANG WEN JIAO YU 2020. 1

༈ གལ་སྲིད་སློབ་གསོ་རིག་པས་ཕྱོགས་ཡོངས་ནས་མི་ལ་སློབ་གསོ་གཏོང་འདོད་ན། ངེས་པར་དུ་ཐོག་མར་ཕྱོགས་ཡོངས་ནས་མི་ལ་རྒྱུས་ལོན་བྱེད་དགོས།

༈ སྐྱེ་བོ་སུ་ཡིན་ཡང་བྱིས་པའི་དུས་རིམ་བརྒྱུད་ནས་འཚར་ལོངས་བྱུང་བ་ཡིན་མོད། འོན་ཀྱང་། དོན་དངོས་སུ་སྐྱེ་བོ་རེ་རེས་བྱིས་པར་རྒྱུས་ལོན་བྱུང་ཡོད་པའི་ངེས་པ་མེད། གཞན་གྱིས་བྱིས་པར་རྒྱུས་ལོན་མ་བྱས་ན་ཆོག་རུང་།
སློབ་ཆུང་དགེ་རྒན་གྱིས་གཏན་ནས་མི་ཆོག རྒྱུ་མཚན་ནི་སློབ་ཆུང་དགེ་རྒན་གྱིས་ཕལ་ཆེར་ཉིན་རྒྱུན་བྱིས་པར་འབྲེལ་འདྲིས་བྱེད་ཀྱིན་ཡོད་ཅིང་བྱ་བའི་ཁ་གཏད་སའང་བྱིས་པ་ཡིན་པའི་ཕྱིར་རོ། ། གལ་ཏེ་ང་ཚོས་བྱིས་པར་རྒྱུས་ལོན་མ་བྱས་པར། བྱིས་པའི་སེམས་ཁམས་ཀྱི་འཇིག་རྟེན་དུ་བགྲོད་མ་ཐུབ་ཚེ། ང་ཚོས་ཕུལ་དུ་བྱུང་བའི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་བྱེད་མི་ཐུབ་པ་དང་། བྱིས་པའི་སེམས་ཁམས་ཀྱང་བཞེངས་མི་ཐུབ་བོ། །

༈ བྱིས་པ་ནི་བྲེལ་བྲེལ་འཚབ་འཚུབ་ལ་དགའ་བས། བྱིས་པའི་དགའ་ཕྱོགས་འདི་ལ། ནམ་ཡིན་ཡང་མཛུབ་སྟོན་བྱས་ཏེ། ཁོ་ཚོར་རང་ཉིད་ལ་ཕན་པའི་བྱ་བ་བསྒྲུབ་ཏུ་འཇུག་དགོས།

༈ འགུལ་རྒྱུར་དགའ་བ་ནི་བྱིས་པའི་རང་གཤིས་ཡིན་པས། ང་ཚོས་སྔར་བཞིན་ཕན་པ་མེད་པའི་བྱེད་ཐབས་རྙིང་བ་དག་སྤྱད་ནས།ཁོ་ཚོའི་སྤྲོ་སྣང་གི་རང་གཤིས་འཇོམས་མི་རུང་། ངེས་པར་དུ་འོས་ཤིང་འཚམ་པའི་ཁོར་ཡུག་གནང་ནས། གང་ལེགས་སྒོས་འཕེལ་རྒྱས་འབྱུང་བར་འཇུག་དགོས།

༈ རང་བཞིན་དྲང་ཞིང་གཙང་བ་དང་གྲུང་ཤ་དོད་ཅིང་བདེ་ཐང་ཡིན་པའི་བྱིས་པ་དག་ནི་ཅི་ལྟར་འགུལ་སྐྱོད་བྱེད་ཀྱིན་ཡོད་དམ། ཁོ་ཚོ་ཅིའི་ཕྱིར་རྩེད་མོ་རྩེ་བ་ཡིན། རྩེད་མོ་རྩེ་བ་དེ་ནི་རྩེད་མོ་རྩེ་བའི་ཆེད་དུ་ཡིན། བྱིས་པ་ནི་བརྒྱུགས་ནས་མཆོང་ལྡིང་བྱེད་པའམ། ལག་འཛིང་བྱེད་པ། མཐོ་སར་འཛེགས་པ། ཆུར་བརྐྱལ་བ་ལ་སོགས་འདི་དག་ཚང་མ་ཅི་ཞིག་གི་ཆེད་དུ་ཡིན་ཞིང་། དེ་ནི་བྱིས་པ་རྣམས་འགུལ་སྐྱོད་འདི་རིགས་ལ་དགའ་བ་ཡིན་པས་རྒྱུ་མཚན་གཞན་མེད་དོ། ། 

༈ བྱིས་པ་ཕོ་རྣམས་རྟག་ཏུ་བྱ་བ་སྒྲུབ་པར་དགའ། རྒྱུ་མཚན་ནི་ཁོ་ཚོའི་ངར་ཤུགས་ལྡན་པའི་ཁྲག་རྒྱུན་གྱིས་ཁོ་ཚོ་འདུག་བཟོད་མེད་པར་བྱེད་པ་ཡིན།འདི་ནི་ཤིན་ཏུ་ཕན་པ་ཞིག་ཡིན་ན། དེ་ལ་ཚོད་འཛིན་བྱེད་མི་འོས་མོད། འོན་ཀྱང་ངེས་པར་དུ་གྲ་སྒྲིག་གང་ལེགས་བྱས་ཏེ། ཁོ་ཚོར་བྱ་བ་བསྒྲུབ་རྒྱུ་ཡོད་པར་བྱ་དགོས།

༈ མི་དར་མས་ཧུར་བརྩོན་སྒོས་བྱིས་པའི་དགོས་མཁོར་རྒྱུས་ལོན་བྱེད་དགོས། རབ་ཡིན་ན་བྱིས་པར་འོས་འཚམ་གྱི་ཁོར་ཡུག་ཅིག་འདོན་སྤྲོད་བྱས་ཏེ་ཁོ་ཚོའི་ཡིད་ཚིམ་པར་བྱེད་དགོས། འདི་ལྟར་བྱས་ན། ད་གཟོད་སློབ་གསོའི་དུས་རབས་གསར་བ་ཞིག་མགོ་བརྩམས་ཏེ། བྱིས་པའི་འཚོ་བར་དོན་དངོས་ཀྱི་རོགས་རམ་བྱེད་ཐུབ། །

པར་ངོས་དང་པོ། 

གཉིད་མ་ལོག་པའི་སྔོན་དུ་ཁ་པར་རྩེས་ན་ཤ་རྒྱགས་པོ་ཆགས་སླ།

མིག་བཙུམ་ན་དྲན་ཤེས་ཀྱི་ནུས་པ་ཇེ་ཆེར་གཏོང་ཐུབ།

བུད་མེད་སྐྱེ་གཟུགས་རིང་ཞིང་སྐམ་པ་ཅན་གྱི་ཚེ་ཐག་དེ་བས་རིང་།

པར་ངོས་གཉིས་པ། 

དབྱིན་ཇིའི་སེམས་ཁམས་རིག་པ་བས་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་རོལ་ཡུལ་གྱི་ཆ་འཕྲིན་གྱིས་གནོད་སྐྱེལ་བ་སེལ་རྗེས། དྲན་ཤེས་ཀྱི་ནུས་པ་ཇེ་ཆེར་གཏོང་ཐུབ། ཞིབ་འཇུག་པས་ཚོད་ལྟ་ཞུགས་མཁན་ལ་སྒྲ་མེད་པའི་བརྙན་ཐུང་ཞིག་ལ་བལྟ་རུ་བཅུག དེ་རྗེས་གནད་དོན་ཁ་ཤས་འདྲི་ཞིབ་བྱས། མཇུག་འབྲས་ལས་གསལ་བོར་ཤེས་ཐུབ་པ་ནི། མིག་ཕྱེ་ནས་ལན་བཏབ་པ་ཡང་དག་པའི་ཚད་ནི48%ཙམ་ལས་མེད་པ་དང་། མིག་བཙུམ་ནས་ལན་བཏབ་པ་ཡང་དག་པའི་ཚད་ནི71%ཡིན། དེའི་རྗེས། ཚོད་ལྟ་ཞུགས་མཁན་གྱིས་སྒྲ་ལྡན་བརྙན་ཐུང་ཞིག་ལ་བལྟས་པས། མཇུག་འབྲས་ནི་གཞི་རྩའི་ཆ་ནས་གཅིག་མཐུན་ཡིན། སེམས་ཁམས་རིག་པ་བས་གསལ་བཤད་བྱེད་རྒྱུར། མིག་བཙུམ་ན་མིས་ཕྱིར་དྲན་བྱེད་བཞིན་པའི་བྱ་དངོས་ཀྱི་གཟུགས་བརྙན་གསལ་བོ་འཆར་ཐུབ་ཅིང་། གསང་གྲངས་སོགས་ཕྱིར་དྲན་རོགས་བྱེད་ཐུབ། །

ཉེ་བའི་དུས་སུ། ཧོ་ལན་གྱི་ཞིབ་འཇུག་གི་འབྲས་བུ་ཞིག་ལས་ར་སྤྲོད་བྱས་པ་ལྟར་ན། སྐྱེ་གཟུགས་རིང་པོ་ཅན་གྱི་བུད་མེད་ཀྱི་ཚེ་ཐག་ལྷག་ཏུ་རིང་། གཟུགས་ཀྱི་རིང་ཚད་ལི་སྨི160མི་ལོངས་པ་དང་། ལོ20ཅན་གྱི་ལུས་ཀྱི་ལྗིད་ཚད་ཀྱི་སྡུར་གྲངས་དེ་ལོ30བརྒལ་བའི་བུད་མེད་དང་བསྡུར་ན། གཟུགས་ཀྱི་རིང་ཚད་ལི་སྨི175ལས་བརྒལ་བ་དང་ལུས་ཀྱི་ལྗིད་ཚད་ཀྱི་སྡུར་གྲངས་དེ་ནམ་ཡང18.5~25རྒྱུན་འཁྱོངས་བྱས་ཡོད་པ་དེ། ལོ90ལ་འཚོ་ཐུབ་པའི་ཚད་ནི30%མཐོ་བ་ཡིན། སྐྱེས་པའི་ཁྲོད་དུ། གཟུགས་ཀྱི་རིང་ཚད་དང་ལུས་ཀྱི་ལྗིད་ཚད་ཀྱིས་ཚེའི་རིང་ཐུང་ལ་ཤུགས་རྐྱེན་ཐེབས་པ་དེ་འདྲ་མངོན་གསལ་མིན། ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། ང་ཚོས་རང་ཉིད་ཀྱི་གཟུགས་ཀྱི་རིང་ཚད་དང་གཟུགས་དབྱིབས་བསྒྱུར་མི་ཐུབ་པའི་དུས་སུ། ལུས་རྩལ་སྦྱོང་བརྡར་ལ་བརྟེན་ནས་ཚེ་ཐག་ཇེ་རིང་དུ་གཏོང་བ་ནི་ཧ་ཅང་གལ་ཆེ་བ་ཡིན། །

ཞིབ་འཇུག་གི་རྣམ་གྲངས་མང་པོས་ར་སྤྲོད་བྱུང་བ་ལྟར་ན། མཚན་མོར་མིས་བཟོས་འོད་ཁུངས་འོག་བསྡད་ན་ཤ་རྒྱགས་པོ་ཆགས་སྲིད། དེའི་ནང་ནས་ཞིབ་འཇུག་རྣམ་གྲངས་ཤིག་གིས་གསལ་བོར་མཚོན་པ་ནི། གཉིད་མ་ལོག་པའི་སྔོན་དུ་ཁ་པར་དང་བརྙན་འཕྲིན་འཕྲུལ་ཆས་སོགས་གློག་རྡུལ་སྒྲིག་ཆས་ལས་བྱུང་བའི་གློག་སྔོན་འོག་ཏུ་ཆུ་ཚོད1རིང་བསྡད་ན། བྱི་བ་ཕོའི་ཚོད་ལྟའི་ཁྲག་མངར་ཚད་ཡར་འཕར་བ་དང་སྦྲགས་མངར་ཚད་དེ་བས་ཀྱང་མང་པོ་ལེན་པ་ཡིན། མ་ཟད་འདི་ལྟ་བུའི་སྣང་ཚུལ་ནི་སྐྱེས་པའི་ལུས་སྟེང་དུ་ཧ་ཅང་གསལ་བོ་ཡིན། རྒྱུ་མཚན་ནི་མིག་གི་མཐོང་བྱེད་དྲ་སྐྱིའི་ཕྲ་ཕུང་དེ་གློག་སྔོན་དང་ཚོར་བ་ཧ་ཅང་རྣོན་པོ་ཡིན་ཞིང་། ཆ་འཕྲིན་དེ་ཀླད་པའི་ནང་གི་ཆེད་དུ་ཟ་མའི་ཡི་ག་ཚོད་འཛིན་ལ་འགན་འཁུར་བའི་གནས་སུ་ཐད་ཀར་དུ་བརྒྱུད་སྤྲོད་བྱེད་པ་ཡིན། དེར་བརྟེན་ཡི་ག་འཕེལ་བ་ཡིན། །

 
“ཤེས་ཡོན”ནི་སྟོབས་ཤུགས་མིན།

ཐོག་མའི་གད་སྙིགས་རིགས་དབྱེའི་སློབ་གསོ་སློབ་གླིང་དབུ་བརྙེས།

2019ལོའི་ཟླ7པའི་ཚེས1ཉིན། ལོ་རྒྱུས་སྟེང་གི་གད་སྙིགས་རིགས་དབྱེ་ཐབས་ཆེས་ནན་མོ་ཞེས་པ་དེ་ཧྲང་ཧའེ་ནས་དངོས་སུ་ལག་བསྟར་བྱས། ཉིན་དེར། ཀྲེ་ཅང་ཐའེ་ཀྲོའུ་ནས་མིང་ལ“ཐའེ་ཀྲོའུ་གྲོང་ཁྱེར་གད་སྙིགས་རིགས་དབྱེའི་སྤྱི་དམངས་སློབ་གསོ་སློབ་གླིང”ཟེར་བའི་ལས་ཁུངས་ཤིག་དབུ་བརྙེས། འདི་ནི་རྒྱལ་ཡོངས་ནས་ཐོག་མ་ཡིན། དེ་ནི་ཐའེ་ཀྲོའུ་གྲོང་ཁྱེར་གད་སྙིགས་རིགས་དབྱེ་ཁང་དང་ཐའེ་ཀྲོའུ་གྲོང་ཁྱེར་རྒྱང་བསྒྲགས་བརྙན་འཕྲིན་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་གཉེར་བྱས་ཤིང་།“སྤྱི་ཕན་གསོ་སྐྱོང་སྦྱོང་བརྡར་དང་ཞིབ་འཇུག་བྱ་གཞི། བྱེད་སྒོ་ཇུས་འགོད”བཅས་ནི་སློབ་གླིང་གི“འགན་འཁྲི་ཆེན་མོ་གསུམ”ཡིན། ཡོན་ཀྲང་ཐོག་མ་ཀྲུའུ་ལི་ཀུའོ་ཡིས“མིང་རིང་དྲགས་སོང་། དེའི་རྐྱེན་གྱིས། ང་ཚོས‘དར་སྲོལ་སློབ་གླིང’ཞེས་བསྡུས་མིང་ཞིག་བཏགས་ཡོད”ཅེས་བཤད། །

དོན་དངོས་མང་པོ་ཞིག་རྟོགས་ཀྱང་ཐག་གཅོད་བྱ་མི་ཤེས་པའི་མི་ཞིག་ལ། དེང་སྐབས་ང་ཚོས“ཤེས་ཡོན་ཅན”མི་ཟེར་བར་དེ་ལ“ཤེས་མཁན”ཟེར་བ་ཡིན།

1956ལོར་སློབ་གསོ་སེམས་ཁམས་རིག་པ་བ་ཅེ་མིང་པུའུ་ལིའུ་མུའུ་ཡིས་ཨ་རིའི་མི་རབས་གཉིས་ལ་ཤུགས་རྐྱེན་ཐེབས་མྱོང་པའི“པུའུ་ལིའུ་མུའུ་ཡི་ཤེས་ཡོན་རིགས་དབྱེ་ཐབས”བཏོན་པ་རེད། རིགས་དབྱེ་ཐབས་འདི་ཡིས་ཡོན་ཏན་ནི་ཤེས་བྱ་དང་། ཤེས་རྟོགས། བཀོལ་སྤྱོད། རིགས་དབྱེ། སྣ་འཛོམས། དཔྱད་འཇོག་སོགས་རིགས་འགར་དགར་ཡོད། སློབ་གྲྭ་མང་པོ་ཞིག་གི་སློབ་ཁྲིད་སྒྲིག་འཛུགས་ནི་རིགས་དབྱེ་ཐབས་འདི་ལ་གཞི་བཅོལ་བ་ཡིན། མི་རབས་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས་ཨ་རིའི་སློབ་གསོ་གཞི་ནས“དྲན་ཤེས”ཀྱིས་གཙོ་ཁྲིད་པའི་ཚད་ལེན་ཚོད་ལྟའི་དཀའ་གནས་ལས་ཐར་བ་རེད། སློབ་ཆུང་གི་དུས་རིམ་དུའང་རིགས་དབྱེ་ནུས་རྩལ་འདི་དག་གི་གསོ་སྐྱོང་དེ་སྣ་མང་དུས་གཅིག་ཏུ་སྒྲུབ་བཞིན་ཡོད། དཔེར་ན“བཀོལ་སྤྱོད”རིགས་ལ་མཚོན་ན། ལོ་རིམ་དང་པོའི་བྱིས་པར“འཚམས་འདྲི་གླེང་མོལ”གྱི་ལས་བྱ་བཀོད་སྒྲིག་བྱས་ཡོད་དེ། ཁོ་ཚོས་རང་གི་ཁྱིམ་མིར་དྲི་ཞིམ་འཁྱགས་ཞོ་དང་ཁྲོག་ལེའི་འཁྱགས་ཞོ་གཉིས་ལས་གང་ཞིག་ཟ་རྒྱུར་དགའ་བ་འདྲི་རྩད་བྱེད་དུ་བཅུག་རྗེས། མཇུག་འབྲས་དཔེ་རིས་དང་རེའུ་མིག་ཏུ་བཟོས་ཚེ། གཞན་གྱིས་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་ཡིན།

དེང་སྐབས་ང་ཚོས་རྒྱུན་དུ“ཁྱབ་ཚུལ་གྱི་ཤེས་རྟོགས”གླེང་བ་ཡིན་ལ། ཡང་ཅིག་བཤད་ན་ཀླད་པའི་ཆ་ཤས་ཤིག(དཔེར་ན་ཡིད་འཛིན་གྱི་ཆ་ཤས)གྲོལ་བར་བྱས་ཡོད་དེ།

གློག་ཀླད་དང་རིག་ནུས་ཁ་པར་སོགས་རིག་ནུས་སྒྲིག་ཆས་ཀྱིས་དེའི་ཚབ་བྱས་ཡོད་པ་རེད། འོ་ན་ཀླད་པས་ཅི་ཞིག་བྱེད་དགོས་སམ་ཞེ་ན། དེ་ཡིས་རིགས་དབྱེ་དང་བཀོལ་སྤྱོད། སྣ་འཛོམས། དཔྱད་འཇོག་སོགས

“མཐོ་རིམ་བསམ་གཞིག”འདི་དག་གཙོ་ཆེར་འཛིན་དགོས་པ་ཡིན། ལྷག་པར་དུ་མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་ནུས་པ་དང་གསར་བཟོའི་ནུས་པ། ཡོངས་ཁྱབ་དོན་སྙིང་ཐད་ཀྱི་སློབ་སྦྱོང་གི་ནུས་པ་སོགས་དང་བསྡུར་ན། གསོ་སྐྱོང་བྱེད་རྒྱུ་ཅུང་དཀའ་བས། སྔ་མོ་དམ་འཛིན་བྱ་རྒྱུ་ལས་གཏན་ནས་འཕྱི་མི་རུང་། །

པར་ངོས་གསུམ་པ། 

སློབ་སྦྱོང་གི་སྔོན་ལ་ལུས་རྩལ་སྦྱོང་བརྡར་བྱས་ན་སློབ་སྦྱོང་གི་ལས་ཆོད་བཟང་།གཟུགས་རིང་པོ་སྐྱེ་མིན་དེ་གཞི་རྒྱུས་ཐག་གཅོད་པ་ཡིན།དུག་སྦྲང་གིས་སྨི50ཡི་ཕྱི་ནས་དམིགས་འབེན་གཏན་འཁེལ་བྱེད་ཐུ
པར་ངོས་བཞི་པ། 

ཆེད་མཁས་པས་བཤད་པ་ལྟར་ན། ལོ་ངོ་ཁྲི་ཕྲག་གི་རིང་ལ། རང་བྱུང་ཁམས་ཀྱིས་མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་དཔེ་རིས་བཟོས་པ་མ་ཟད། གཞི་རྒྱུ་འབྲེལ་མཐུད་དང་དེའི་རྗེས་ཀྱི་སྒྲིག་གཞིའི་སྐྱེ་འཕེལ་བརྒྱུད་ནས་ལུས་ཕུང་དང་དབང་པོའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པ་ཡིན། རྒྱུད་འཛིན་རྒྱུ་རྐྱེན་ལས་གཞན། འཚོ་བཅུད་དང་དེང་རབས་སྨན་བཅོས་སོགས་ཁོར་ཡུག་རྒྱུ་རྐྱེན་གྱིས་ཀྱང་གཟུགས་ཀྱི་རིང་ཚད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། འོན་ཀྱང་། གཞི་རྒྱུས་དེའི་ཁྲོད་ཀྱི་བྱ་བའི་འགན་འཁུར་ཆེ་ཤོས་དེ་དང་ལེན་བྱས་ཡོད། ང་ཚོ་འཚར་ལོངས་བྱུང་ནས་ལྷན་སྐྱེས་ཀྱི་ཚད་དེར་སླེབས་རྗེས།“རྒས་འཁོགས་ཀྱི་གོ་རིམ་རང་བཞིན”ཟེར་བའི་སྐྱེ་དངོས་རིག་པའི་སྒྲིག་གཞི་ཞིག་གིས་གཞི་ནས་སྐྱེ་འཕེལ་གྱི་འགན་འཁུར་བའི་གཞི་རྒྱུའི་སྒོ་གཅོད་སྲིད་ལ། མིའི་གཟུགས་པོ་འཚར་ལོངས་འབྱུང་མཚམས་འཇོག་པ་ཡིན། །

མིག་སྔར་ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱས་ན་ཀླད་པའི་བདེ་ཐང་ལ་སྤྱིའི་ཆ་ནས་ཕན་པ་ལེགས་པོ་བསྐྱེད་སྲིད། དེང་སང་། ཨ་རིའི་ཞིབ་འཇུག་ལས་གཞི་གསར་པ་ཞིག་གིས་གསར་རྙེད་བྱུང་བ་ལྟར་ན། དུས་ཚོད་ཐུང་ངུའི་ནང་ལུས་རྩལ་སྦྱོང་བརྡར་བྱས་ན་ཐད་ཀར་གཞི་རྒྱུ་རིགས་ཤིག་གི་བྱེད་ནུས་ཤུགས་ཆེ་རུ་གཏོང་ཐུབ། གཞི་རྒྱུ་འདི་རིགས་ཀྱིས་ཀླད་པའི་ནང་གི་ཧའེ་མ་ཐི(海马体)ཁྲོད་ཀྱི་དབང་རྩའི་ཕྲ་ཕུང་བར་སྦྲེལ་ཤུགས་ཆེ་རུ་བཏང་ཆོག་ཅིང་། ཧའེ་མ་ཐིས་ཀླད་པའི་ཁྲོད་དུ་གཙོ་བོ་སློབ་སྦྱོང་དང་དྲན་ཤེས་ཀྱི་གནས་སར་འགན་འཁུར་བཞིན་ཡོད། ཞིབ་འཇུག་མི་སྣས་བསྟན་དོན། ཞིབ་འཇུག་འདིས་གསལ་བོར་མཚོན་པ་ནི། མགྱོགས་མྱུར་ངང་འགུལ་སྐྱོད་དྲག་པོ་ཐེངས་གཅིག་བྱས་ན། ཀླད་པས་སློབ་སྦྱོང་བྱེད་པར་གྲ་སྒྲིག་ལེགས་པོ་བྱེད་ཆོག་ཅིང་སློབ་སྦྱོང་གི་ལས་ཆོད་མཐོ་རུ་གཏོང་ཐུབ། །

 
ཧོ་ལན་གྱི་འབུ་སྲིན་རིག་པ་བས་ཞིབ་འཇུག་བརྒྱུད་ནས་དུག་སྦྲང་གི་ཕུལ་ཏུ་བྱུང་བའི་ཁ་ཟས་འཚོལ་ཐབས་གསར་རྙེད་བྱུང་། དུག་སྦྲང་གིས་དབྱང་གཉིས་ཐན་རྫས་ཀྱི་རླུང་གཟུགས་བརྒྱུད་ནས། ཐག་རིང་ནས་སོ་འདེབས་སའི་དམིགས་འབེན་འཚོལ་བ་ཡིན། ང་ཚོས་ཕྱིར་བཏང་བའི་དབྱང་གཉིས་ཐན་རྫས་དེ་ལམ་སང་མཁའ་དབུགས་དང་མཉམ་བསྲེས་བྱེད་ཐུབ་མེད་ཅིང་། གནས་སྐབས་སུ་རླུང་རྒྱུན་འགའ་ཆགས་པ་ཡིན། དུག་སྦྲང་གིས་མཁའ་དབུགས་ལས་ཀྱང་གར་ཚད་ཆེ་བའི་དབྱང་གཉིས་ཐན་རྫས་ཤེས་ཚོར་བྱུང་དུས། ཁོ་ཚོས་རླུང་རྒྱུན་འདི་ཚོར་ཕྱོགས་ནས་ལྡོག་འཕུར་བྱེད་ཅིང་། ཐད་ཀར་དམིགས་འབེན་གྱི་དངོས་པོ་ཡོད་སར་འཕུར་བ་ཡིན། དུག་སྦྲང་གིས་དབྱང་གཉིས་ཐན་རྫས་ཀྱི་དྲི་མར་གཞིགས་ནས། དབྱིན་ཁྲེ164མཚམས་ནས་དམིགས་འབེན་གཏན་འཁེལ་བྱེད་ཐུབ། །

(པར་ངོས་བཞི་བོ་རྟ་མགྲིན་ཚེ་རིང་གིས་བསྒྱུར)

 * ཀུན་ཁྱབ་ཀླུ་བྱམས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་འཁྱུར་པ་ཡིན།

ཀུན་ཁྱབ་ཀླུ་བྱམས། * 


① གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། 

② གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། 

③ བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ།

④ དགའ་བཞི་བའི་རྣམ་ཐར། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ།

⑤ ཚེ་ཏན་ཞབས་དྲུང་། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་དྲུག་པ། [M] མི་རིགས་དཔེ་སྐྲུན་ཁང་། 2007ལོ། 

⑥ བཙན་ལྷ་ངག་དབང་ཚུལ་ཁྲིམས། བརྡ་དཀྲོལ་གསེར་གྱི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 1997ལོ། 

⑦ རྭ་ཡེ་ཤེས་སེང་གེ། རྭ་ལོ་ཙཱ་བའི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ། 

⑧ བསོད་ནམས་སྐྱིད་དང་དབང་རྒྱལ། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ། 

⑨ གཙང་སྨྱོན་ཧེ་རུ་ཀ རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མི་ལ་རས་པའི་རྣམ་མགུར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། 

⑩ དབང་འདུས། གསོ་རིག་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ། 

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། 

བསོད་ནམས་སྐྱིད་དང་དབང་རྒྱལ། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ། 

སྐྱོགས་ལོ་ཙཱ་པ་ངག་དབང་བཀྲ་ཤིས། བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་། [M] མི་རིགས་དཔེ་སྐྲུན་ཁང་། 1981ལོ།

བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་ཧྲིལ། [M] མི་རིགས་དཔེ་སྐྲུན་ཁང་།1983ལོ།


བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་ཧྲིལ། [M] མི་རིགས་དཔེ་སྐྲུན་ཁང་།1983ལོ། 

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ་དང་སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003ལོ། 

དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།

དག་ཡིག་གསར་བསྒྲིགས། (དག་བཅོས་མ) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། 

 དམུ་དགེ་བསམ་གཏན་རྒྱ་མཚོ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། པོད་གསུམ་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོ། 

 གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

 གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [M] མི་རིགས་དཔེ་སྐྲུན་ཁང་།1983ལོ། 

བསོད་ནམས་སྐྱིད་དང་དབང་རྒྱལ། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ།

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ། 

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོ།

དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ། 

བསོད་ནམས་སྐྱིད་དང་དབང་རྒྱལ། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་།1983ལོ

ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [M] མི་རིགས་དཔེ་སྐྲུན་ཁང་།1983ལོ།

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ། 

ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། 

ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། 

དམུ་དགེ་བསམ་གཏན་རྒྱ་མཚོ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། པོད་གསུམ་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོ། 

དབལ་ཤུལ་བསོད་ནམས་དར་རྒྱས། གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན། [M] ཀྲུང་གོ་བོད་རིག་པ། 2006ལོ།

ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས། བོད་རྒྱ་ཚིག་མཛོད་ཆེན་མོ། [M] མི་རིགས་དཔེ་སྐྲུན་ཁང་། 1985ལོ། 

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།

གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1