སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-13



          རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱལ་ཕམ་ཐག་མ་ཆོད་པའི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་པེ་ཅིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཐད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ངེས་པར་དུ་ཡང་འབད་བསྐྱར་འབད་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་ཏེ་དེ་བས་འགྱུར་མེད་ཀྱི་གདེང་ཚོད་དང་། དེ་བས་ཞུམ་མེད་ཀྱི་སྙིང་སྟོབས། དེ་བས་འཕྲལ་ཐག་ཆོད་པའི་བྱེད་ཐབས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
          ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་གཡོག་སྒྲོལ་མས“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཐབ་ས་དང་པོར་ཕེབས་ཏེ་སྐུ་ངོ་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བཀོད་འདོམས་བཀོད་སྒྲིག་གནང་བ་ནི་རྒྱ་ཆེའི་སྨན་དོན་མི་སྣར་སྐུལ་ལྕག་ཆེན་པོ་གནང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ང་ཚོ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་སེམས་འགུལ་ཆེན་པོ་ཐེབས་བྱུང་བས། རིམས་ནད་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་། ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་མི་དམངས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད་པ་རེད། 
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཚང་མ་ཧུའུ་པེ་དང་ཝུའུ་ཧན་མི་དམངས་དང་མཉམ་དུ་གནས་ཡོད”ཅེས་ནན་བཤད་གནང་ཡོད། དེའི་ཐད་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེན་ལུང་གིས“ཉིན་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞལ་འདེབས་རྒྱག་པ་དང་བརྩེ་སེམས་མཚོན་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཧུའུ་པེ་མི་དམངས་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་ལས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་གནས་སྐབས་ཀྱི་དཀའ་ངལ་ཁྱད་དུ་གསོད་པའི་ཆོད་སེམས་དང་གདེང་ཚོད་གང་ལེགས་མངོན་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད་པ་རེད།
          ཉིན་ཤས་རིང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་བདེ་སྐྱིད་ཁུལ་ཆུང་གི་མང་ཚོགས་བསོད་ནམས་དོན་གྲུབ་ཁུལ་ཆུང་གི་ཉེན་ཟོན་སྐོར་ཞིབ་ལ་ཧུར་ཐག་ཞུགས་པ་དང་ཆབས་ཅིག་ཐབས་ལམ་སྣ་ཚོགས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་མཐའ་འཁྱོངས་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བའི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད་ཅིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་ཁྱབ་ཚུལ་མཐའ་གཅིག་ཏུ་འགོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་གསུངས་ཡོད་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། བྱ་སྤྱོད་ཧུར་ཐག་སྤེལ་ནས་རིམས་ནད་སྔོན་འགོག་གི་མི་དམངས་དམག་འཁྲུག་ཡག་པོ་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1