མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ནས་ཧུའུ་པེའི་རིམས་ནད་ས་ཁུལ་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣར་སྒོར་ས་ཡ་གསུམ་དང་ཉིས་འབུམ་ལྷག་རི་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-14


མཛད་སྒོའི་ཡུལ་དངོས།
         སྤྱི་ཚེས་12ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་མང་ཚོགས་ནས་ཧུའུ་པེའི་འཐབ་ས་དང་པོའི་གསོ་རིག་མཁས་པ་དང་སྨན་དོན་མི་སྣ། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་སྨན་བཅོས་རོགས་སྐྱོར་རུ་ཁག་གི་རུ་མི་བཅས་ལ་རིན་ཐང་སྒོར་ས་ཡ་གསུམ་དང་ཉིས་འབུམ་རི་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།
         དབྱར་རྩྭ་དགུན་འབུ་འདི་དག་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་རྫོང་དྲུག་གི་ཞིང་འབྲོག་མང་ཚོགས་3000ལྷག་གིས་རང་འགུལ་ངང་ཞལ་འདེབས་སུ་ཕུལ་བ་ཡིན། ཞལ་འདེབས་ཕུལ་མཁན་ཁྲོད་དགུང་ལོ་བདུན་བཅུ་ཟིན་པའི་བགྲེས་སོང་ཡོད་ལ་ལོ་ཆུང་བྱིས་པའང་ཡོད། ལ་ལས་རྐང་བརྒྱ་ཕྲག་འགའ་དང་ལ་ལས་རྐང་གཉིས་གསུམ་ཙམ་ཕུལ་ཡོད།
         ཞལ་འདེབས་ཕུལ་བའི་མཛད་སྒོའི་ཐོག ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཀྱི་འཐུས་མི་ནས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་མངག་བཅོལ་ཞུས་ཏེ་ཀྲུང་ནན་ཧྲན་ཚུད་པའི་རིམས་འགོག་འཐབ་ས་དང་པོར་འབད་འབུངས་གནང་བཞིན་པའི་རིགས་གཅིག་མཁས་པ་ལྔ་ལ་སྒོར་ཆིག་འབུམ་ཉིས་སྟོང་ལྔ་བརྒྱ་རི་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་ཕུལ་བ་དང་། ཝུའུ་ཧན་ཐུང་ཅི་སྨན་ཁང་ལ་སྒོར་ས་ཡ་གཅིག་དང་བརྒྱད་འབུམ་བདུན་སྟོང་བརྒྱད་བརྒྱ་རི་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་ཡོད། དེ་བཞིན་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་ལ་མངག་བཅོལ་ཞུས་ཏེ་ཝུའུ་ཧན་དུ་བསྐྱོད་ཟིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ལ་སྒོར་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་སུམ་སྟོང་ལྔ་བརྒྱ་རི་བའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་ཕུལ་ཡོད་པ་རེད།

མཛད་སྒོའི་ཡུལ་དངོས།
         ཞལ་འདེབས་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས། དེ་སྔོན་མཚོ་སྔོན་ཡུལ་ཤུལ་ལ་ས་ཡོམས་བརྒྱབ་རྗེས། རྒྱལ་ཡོངས་གོང་འོག་ཚང་མས་ཡུལ་ཤུལ་མི་དམངས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་ཡོད་ལ། ཉེ་བའི་ལོ་ཤས་རིང་། ཁ་གཏད་རོགས་སྐྱོར་དང་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་ཏེ་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཡུལ་ཤུལ་གྱི་མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་གནང་བ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱས་པས། ཡུལ་ཤུལ་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲུབ་འབྲས་དེ་དག་ནི་ཏང་དང་རྒྱལ་ཁབ། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་གནང་བ་དང་ཁ་བྲལ་ཐབས་མེད། ད་ལོ་ནི་ཡུལ་ཤུལ་ལ་ས་ཡོམས་བརྒྱབ་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ཐེངས་འདིའི་ཞལ་འདེབས་ནི་ཡུལ་ཤུལ་མི་དམངས་ཀྱིས་དྲིན་ལན་འཇལ་བའི་བྱ་སྤྱོད་ཅིག་ཡིན་ཞེས་གསུངས་པ་རེད།

མང་ཚོགས་ཀྱི་འཐུས་མིས་གསུང་བཤད་གནང་བཞིན་པ།
         ཞལ་འདེབས་ཕུལ་མཁན་གྱི་འཐུས་མིས། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན། ནད་དུག་ལ་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་བ་ལྡན་ཞེས་པ་ལྟར། ང་ཚོ་ཡུལ་ཤུལ་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་དྲིན་ལན་འཇལ་ཆེད་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ། རང་གི་དཔལ་འབྱོར་ནུས་པའི་ཁྱབ་ཁོངས་ནང་ཐུན་མོང་ཐོག་ནད་ཡམས་འགོག་བཅོས་བྱེད་པར་རང་ནུས་གང་ཡོད་ཀྱི་ནུས་པ་བཏོན་ཡོད་པས། ང་ཚོའི་བསམ་འདུན་འདིས་ཐེངས་འདིའི་རིམས་འགོག་གི་འཐབ་འཛིང་ཁྲོད་ནུས་པ་ཅུང་ཙམ་ཐོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཡུལ་དངོས་ནས་ཞལ་འདེབས་ཕུལ་དངོས་འགྲེམ་སྟོན་བྱེད་བཞིན་པ།
         མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་མཚོ་སྔོན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། མཚོ་སྔོན་ཡུལ་ཤུལ་མང་ཚོགས་ཀྱི་འཐུས་མི་བཅས་ཞལ་འདེབས་ཕུལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1