རྒྱལ་ཡོངས་སུ“རིམས་ནད”ལ་འགོག་རྒོལ་བྱེད་པའི་འགན་འཁྲི་ཡོད་དེ། སི་ཁྲོན་ཞིང་ཆེན་མ་ཎི་གད་འགོ་གྲོང་བརྡལ་གྱིས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་གཅེས་སེམས་ཕུལ་བ།

བཀྲ་ཤིས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྤེལ་དུས། 02-14



          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2ཚེས10ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་མ་ཎི་གད་འགོ་གྲོང་བརྡལ་གྱི་ལས་ཐོག་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་དང་། ས་གནས་དེ་གའི་དམངས་གཉེར་ཁེ་ལས་པ། སྲིད་འཛིན་གྲོང་ཚོ་ཁག་ནས་ཡོང་བའི་མི་སེར་དཀྱུས་མ་དང་དེ་བཞིན་དགོན་སྡེའི་དགེ་འདུན་པ་དང་སློབ་མ་སོགས་ཀྱིས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་རིམས་ནད་གསར་པར་འགོག་རྒོལ་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་ཕུལ་ཡོད། 
འདི་ནི་ཞལ་འདེབས་ཕུལ་བའི་ཡུལ་དངོས་ཡིན་ཞིང་། ཞལ་འདེབས་འབུལ་མཁན་ཚོས་མགྲིན་གཅིག་ཏུ“ཀྲུང་གོ་ཤུགས་རྒྱོབ། ཝུའུ་ཧན་ཤུགས་རྒྱོབ”ཅེས་སྐད་འབོད་རྒྱག་བཞིན་པ།
          2019ལོར། མ་ཎི་གད་འགོ་གྲོང་བརྡལ་ཡོངས་དབུལ་སྒྲོལ་ཐུབ་ཡོད། རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་ཁེ་ཐོབ་པའི་དབུལ་སྒྲོལ་ཐུབ་མཁན་བུ་དབྱངས་ཀྱིས་ནང་མི་ཚང་མའི་རེ་བ་འཁྱེར་ནས་ཞལ་འདེབས་ཕུལ་ཡུལ་དུ་ཡོང་ཞིང་། ཁོས“ང་རང་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན། དེ་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱས་ནས་དབུལ་སྒྲོལ་ཐུབ་པས་ད་ཆ་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱས་ཡོད་པས་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཀྱང་བྱ་དགོས། ད་ལྟ་རྒྱལ་ཁབ་ལ་དཀའ་ངལ་ཡོད་པས་ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཤིང་། རིམས་ནད་སྔ་ཙམ་ནས་ཚོད་འཛིན་ཐུབ་པ་དང་ནད་ཕོག་པའི་ནད་པ་མགྱོགས་ཙམ་པས་དྲག་སྐྱེད་ཡོང་རྒྱུའི་སྨོན་ལམ་རྒྱག་གི་ཡོད”ཅེས་ཟེར། 
          དམངས་གཉེར་ཁེ་ལས་པའི་འཐུས་ཚབ་ཆོས་དབྱིངས་ཀྱིས“གནམ་གང་ནས་བཟུང་ཉིན་ལྟར་རྒྱུན་ཆད་མེད་པར་རིམས་ནད་གནས་ཚུལ་བསྒྲགས་པ་དེས་ངས་ནི་རྒྱལ་ཡོངས་ས་གནས་ཁག་གིས་ཕྱར་བ་གྲུ་འདེགས་ངང་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྣམ་པ་ཞིག་མཐོང་བྱུང་སྟེ། མི་ཡུལ་དུ་བརྩེ་སེམས་ཡོད་པ་དང་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། མ་གཞི་རིམས་ནད་ཀྱིས་དཔྱིད་གསར་དུས་ཆེན་འདིའི་ངོ་བོ་བསྒྱུར་སོང་ནའང་ནམ་ཡང་འགྱུར་མི་སྲིད་པ་ནི་མི་ཡུལ་གྱི་བརྩེ་སེམས་ཡིན་ངེས”ཞེས་ཟེར། 
          ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས། “ལོ་ངོ22ཀྱི་གོང་དུས་ང་ཚོའི་འདི་གར་གངས་སྐྱོན་ཧ་ཅང་ཆེན་པོ་ཞིག་བྱུང་མྱོང་། སྐབས་དེ་དུས་ང་ད་དུང་ཆུང་ཆུང་ཡིན། ངའི་ཨ་མས་ཞང་སྲིད་གཞུང་ནས་ཡིད་དུ་འོང་པའི་བྱ་སྤུའི་ལྭ་བ་མཐུག་པོ་ཞིག་ཁྱེར་ཡོང་། ཁོ་མོས་དེ་ནི་པེ་ཅིང་ནས་འཕུར་ཡོང་བའི་ཐད་འཕུར་གནམ་གྲུ་ཡིས་ང་ཚོར་གྲང་ངར་འགོག་ཆེད་གནང་པ་རེད་ཟེར། ད་ཆ་ང་རང་ཝུའུ་ཧན་ལ་འགྲོ་ཐབས་མེད་ནའང། ངས་ནི་མ་ཎི་གད་འགོ་ནས་ཝུའུ་ཧན་དང་རྒྱལ་ཡོངས་ས་གནས་ཁག་གི་མི་རྣམས་ལ་སྨོན་ལམ་འདེབས་ཀྱི་ཡོད”ཅེས་མ་ཎི་གད་འགོ་ཤང་དུ་ར་རྒྱ་དང་གཡག་རྩེ་བཅས་དགོན་སྡེ་གཉིས་ཡོད་ལ། དགེ་འདུན་པ་ཆོས་རྒྱལ་གྱིས་དགོན་སྡེའི་ཚབ་ཞུས་ནས་ཞལ་འདེབས་ཕུལ་ཏེ་ཚང་མར་ཁོང་གི་སེམས་གཏིང་གི་སྐད་ཆ་ཤོད་བཞིན་མཆིས། 
འདི་ནི་ཞལ་འདེབས་ཕུལ་བའི་ཡུལ་དངོས་རེད། 
          “དགེ་རྒན་གྱིས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་ཡོད་པས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས་ཞེས་རྟག་པར་ལབ་མྱོང་།” ཏུང་ཀྲེན་གྲོང་ཚོ་ནི་དེ་སྔ་གྲོང་ཚོ་དབུལ་པོ་ཞིག་ཡིན་པས་སློབ་གསོའི་ཐོན་ཁུངས་དཀོན་པོ་ཡོད་མོད། སྲིད་གཞུང་གི་རྒྱབ་སྐྱོར་དང་ཕྱོགས་ཁག་གི་རོགས་རམ་བརྒྱུད་ད་ཆ་དེ་གར་རང་ཉིད་ཀྱི་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་རེད། སློབ་གྲྭའི་དགེ་སློབ་ཀྱི་འཐུས་མིས་སློབ་གྲྭ་དེའི་གཅེས་སེམས་ཞལ་འདེབས་སྒོར1122ཞལ་འདེབས་སྒམ་ནང་བླུགས་པ་རེད། 
          མ་ཎི་གད་འགོ་གྲོང་བརྡལ་ནི་ཁྲོན་བོད་གཞུང་ལམ་ཐོག་གི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། ནང་སའི་ཡུལ་སྐོར་བ་སི་ཁྲོན་ནུབ་རྒྱུད་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་གནས་ཤིག་དང་། ཉེ་འཁོར་གྱི་ཤང་གྲོང་གི་ཚོང་དོན་བསྡུ་འགྲེམས་བྱ་ཡུལ་ཞིག་ཀྱང་རེད། ཉིན་ཤས་རིང་། གྲོང་བརྡལ་གྱི་སྨན་དོན་མི་སྣ་དང་མི་དམངས་ཉེན་རྟོག་པ་སོགས་ཀྱིས་མཐོ་གྲང་ལ་མ་འཛེམས་པར་རྩྭ་ཐང་གི་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ཅིང་། ད་ཐེངས་ཀྱི་ཞལ་འདེབས་ནང་ཁོང་ཚོས་ཀྱང་རང་ཉིད་ཀྱི་སེམས་པ་མཚོན་པར་བྱས་ཡོད་པ་རེད། 
          བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་མ་ཎི་གད་འགོ་གྲོང་བརྡལ་དུ་ཁྱོན་མི་2000ལྷག་ཙམ་གྱིས་ཞལ་འདེབས་ཕུལ་བ་དང་ཞལ་འདེབས་བརྒྱབ་པའི་དངུལ་འབོར་སྒོར་175610ཟིན་ཡོད། དེའི་ནང་ཏང་ཡོན་གྱིས་ཞལ་འདེབས་སྒོར8740ཕུལ་བ་དང་། དབུལ་སྒྲོལ་དུད་ཚང་140ཡིས་ཞལ་འདེབས་སྒོར12025ཕུལ་བ། མ་ཎི་གད་འགོ་གྲོང་བརྡལ་གྱི་ལས་བྱེད་པས་ཞལ་འདེབས་སྒོར4400ཕུལ་བ། ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པས་ཞལ་འདེབས་སྒོར3200ཕུལ་བ། མ་ཎི་གད་འགོ་གྲོང་བརྡལ་གྱི་ཡིད་རྟོན་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིས་ཞལ་འདེབས་སྒོར50000ཕུལ་བ། དགོན་སྡེ་དང་དགེ་འདུན་པས་ཞལ་འདེབས་སྒོར་67720ཕུལ་བ། སློབ་མས་ཞལ་འདེབས་སྒོར3582ཕུལ་བ། མང་ཚོགས་ཀྱིས་ཞལ་འདེབས་སྒོར25943ཕུལ་བ་བཅས་རེད། 
          དེ་དང་ཆབས་ཅིག་མ་ཎི་གད་འགོ་གྲོང་བརྡལ་གྱི་མང་ཚོགས་ཚོས་ད་དུང་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི“ལྡོག་བགྲོད་མཁན”ལ་འཚམས་འདྲི་རྩ་འཛུགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ས་ཚིགས1དང་གྲོང་ཚོ14ཡི་འཛུལ་སྒོའི་གྲལ་བཤེར་ས་ཚིགས་སུ་རྩམ་པ་དང་སྟབས་བདེའི་ཐུག་པ། གཏེར་ཆུ། ཚགས་ཤ མར་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་100800ཟིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1