དུས་རབས་ཀྱི་མིག་དཔེ་འཆི་མེད་རྡོ་རྗེས་ཝུའུ་ཧན་དུ་དངོས་ཟོག་བསྐྱལ་བ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-14


        སྤྱི་ཟླ་2པའི་ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོའི་ཐོག ཁ་ཤུབས་དང་འགོག་སྲུང་ལྭ་བ་སོགས་ཀྱི་རིམས་འགོག་རོགས་སྐྱོར་དངོས་ཟོག་གང་ཡོད་པའི་སྦྲག་འཁོར་ཞིག་ཁྲེན་ཏུའུ་ནས་ཝུའུ་ཧན་གྱི་ཕྱོགས་སུ་བསྐྱོད་དེ། སྦྲག་འཁོར་དེའི་ཁ་ལོ་བ་ནི་སྔར་“དུས་རབས་ཀྱི་མིག་དཔེ།”དང་། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སྒེར་དཔེ་བཟང་ཅན།”སོགས་ཀྱི་མཚན་སྙན་ཐོབ་མཁན་འཆི་མེད་རྡོ་རྗེ་རེད་འདུག །

        འཆི་མེད་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། ངས་སྔོན་ནས་གྲ་སྒྲིག་བྱས་ཡོད། ཕར་འགྲོ་བའི་ཁ་པར་གྱི་བརྡ་དེ་ཐོན་རྒྱུར་སྒུག་བཞིན་ཡོད། གསར་འགོད་པས་ཤེས་གསལ་ལྟར་ན། འཆི་མེད་རྡོ་རྗེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་དགོང་ཚོགས་ལ་ཞུགས་ཏེ་དགོང་ཚོགས་གྲོལ་རྗེས། ལོ་སར་ ཚེས་གཅིག་གི་ཕྱི་དྲོར་ཁྲེན་ཏུའུ་རུ་འབྱོར་བ་དང་། མ་གཞིར་ལམ་སང་རང་གི་ལས་གནས་སུ་སྐྱོད་དགོས་བསམ་མོད། རེད་དེ་ཕྱིར་ལོག་པའི་རླངས་འཁོར་མངགས་གཏོང་མ་བྱས། དེ་བཞིན་ཁོ་རང་རང་གར་འདུག་མི་བཟོད་པས་མྱུར་དུ་སི་ཁྲོན་ཞིང་ཆེན་སྦྲག་སྲིད་ཡན་ལག་ཀུང་སིའི་ཏང་ཨུ་ལ་འཐབ་ཞུགས་རེ་འདུན་ཞུ་ཡིག་བྲིས་ཏེ། རིམས་འགོག་དངོས་ཟོག་འགྲུལ་སྐྱེལ་གྱི་དཔུང་ཁག་ཏུ་ཞུགས་པའི་རེ་བ་ཞུས། 

        ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། ཀྲུང་གོའི་སྦྲག་སྲིད་ཚོགས་པའི་ཚད་ཡོད་ཀུང་སིས་འཕྲལ་མྱུང་ངང་སྨན་བཅོས་དངོས་ཟོག་ལྗང་མདོག་སྦྲག་གཏོང་ཕྱེས་ནས། སྤྱི་ཟླ་1པོའི་ཚེས་25ཉིན་ནས་བཟུང་ལས་ཁུངས་སོགས་ཀྱིས་ཧུའུ་པའེ་ས་ཁུལ་དུ་དངོས་ཟོག་ཞལ་འདེབས་ཕུལ་བར་རིན་མེད་སྐྱེལ་འདྲེན་བྱས་པ་དང་། སྤྱི་ཟླ་1པོའི་ཚེས་31ཉིན་ནས་བཟུང་མི་སྒེར་གྱི་རོགས་སྐྱོར་དངོས་ཟོག་རིན་མེད་སྐྱེལ་འདྲེན་བྱེད་པར་རྒྱ་བསྐྱེད་པ་རེད། སྤྱི་ཟླ་1པོའི་ཚེས་26ཉིན། སི་ཁྲོན་སྦྲག་སྲིད་ཀྱིས་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་གྱི་སྦྲག་འཁོར་དང་པོ་བསྐྱོད་པ་ནས་བཟུང་། ཕལ་ཆེར་ཉིན་རེར་སྦྲག་འཁོར་མཚམས་མི་ཆད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཞལ་འདེབས་ཕུལ་བའི་དངོས་ཟོག་རྒྱུན་མ་ཆད་པར་ཧུའུ་པའེ་རུ་སྐྱེལ་འདྲེན་བྱས། སྤྱི་ཟླ་2པའི་ཚེས་12ཉིན་གྱི་ཚུན། སི་ཁྲོན་སྦྲག་སྲིད་ཀྱིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མི་སྒེར་གྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་5860འོས་འགན་འགྲུལ་སྐྱེལ་བྱས་པ་དང་བསྡོམས་པས་ཏུན་108ཡོད་འདུག །

        འཆི་མེད་རྡོ་རྗེས་གསར་འགོད་པར་བཤད་རྒྱུར། རང་ཉིད་ནི་རིམས་འགོག་གི་མདུན་སར་འབད་འཐབ་བྱེད་བཞིན་པའི་སྦྲག་སྲིད་ལས་བྱེད་པ་ཁྲི་ཕྲག་མང་པོའི་ཁྲོད་ཀྱི་སྤྱིར་བཏང་གི་ལས་བྱེད་པ་ཞིག་ཡིན་ཞིང་། གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན། འདི་འདྲའི་ཚབས་ཆེ་བའི་གནས་བབ་ལ་ཕྱིར་མནུར་བྱེད་ག་ལ་རུང་། འདི་ནི་རང་ཉིད་ཀྱིས་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་བ་ལྟར། ཝུའུ་ཧན་རྒྱལ་ན་རྒྱལ་ཡོངས་རྣམ་པར་རྒྱལ། ང་ཚོས་རིམས་འགོག་དངོས་ཟོག་འགྲུལ་སྐྱེལ་བྱེད་པ་ནི་ཝུའུ་ཧན་ལ་མདའ་རྫས་མཁོ་འདོན་བྱེད་པ་ལྟ་བུ་རེད། ནད་ཡམས་ལས་རྒྱལ་ཁ་ལོན་ཐུབ་པ་ང་རང་ལ་ཡིད་ཆེས་ཡོད།

        སྤྱི་ཟླ་2པའི་ཚེས་13ཉིན་གྱི་ཚུན། སི་ཁྲོན་སྦྲག་སྲིད་ཀྱིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མི་སྒེར་གྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་6024འོས་འགན་འགྲུལ་སྐྱེལ་བྱས་ཏེ། བསྡོམས་པས་ཏུན་109.29ཡོད་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1