གཏམ་བཟང་།རྔ་བའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་དྲག་འདུག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-17


 

         རྔ་བའི་གསར་འགྱུར་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་2ཚེས་17ཉིན་གྱི་སྔ་དྲོར། རྔ་བ་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་ནས་རྔ་བ་ཁུལ་མི་དམངས་སྨན་ཁང་ལས་ཕྱིར་བུད་འདུག 

          རྔ་བ་ཁུལ་དུ་བྱུང་བའི་ནད་པ་གཅིག་པུ་ཀུའོ་ཆེ་གེ་མོ་ནི་ལོ་ན་26ཅན་གྱི་ཧུའུ་པེ་ཞིང་ཆེན་ཨན་ལུའུ་གྲོང་ཁྱེར་གྱི་བུད་མེད་ཅིག་ཡིན་ཞིང་། ཁོང་མོར་ཟླ་1ཚེས་28ཉིན་གྱི་ཕྱི་དྲོར་གློ་ལུ་བྱུང་རྐྱེན་འབར་ཁམས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་བཤེར་དང་ལེན་བྱས་པ་དང་། ཟླ་1ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་49ཐོག་རྔ་བ་ཁུལ་མི་དམངས་སྨན་ཁང་གིས་སྨན་ཁང་དུ་ཉར་ཞིང་ལོགས་སུ་བཀར་ནས་སྨན་བཅོས་བྱས། ཟླ་1ཚེས་30ཉིན་གྱི་ཐོ་རེངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་ངོ་བཟུང་། 

           ཟླ་2ཚེས་14ཉིན་དང་ཚེས་16ཉིན་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁོང་མོའི་ཉིང་སྐྱུར་ལ་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་ཚང་མ་ནད་དྲག་པའི་རྟགས་མངོན་ཞིང་། ཁུལ་རིམ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་བཤེར་དང་དཔྱད་དཔོག་ཐེངས་མང་བྱས་པ་བརྒྱུད། ནད་པ་དེ《རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་བ)》རུ་བཀོད་པའི་ལོགས་བཀར་མཚམས་འཇོག་དང་སྨན་ཁང་ལས་འབུད་པའི་ཚད་གཞི་དང་མཐུན་པ་ཐག་བཅད་རྗེས་སྨན་ཁང་ལས་བུད་པ་ཡིན་འདུག 

          སྔ་དྲོའི་ཆུ་ཚོད་11དང་སྐར་མ་36ཐོག ཁ་རས་བརྒྱབ་པའི་ཀུའོ་ཆེ་གེ་མོ་སྨན་དོན་མི་སྣའི་རོགས་རམ་འོག་ལོགས་བཀར་ནད་ཁུལ་ནས་ཐོན་ཞིང་། ལོགས་བཀར་ནད་ཁུལ་གྱི་སྨན་དོན་མི་སྣས་ཀུའོ་ཆེ་གེ་མོར་མེ་ཏོག་སོས་པ་དང་། ཁ་བཏགས་སོགས་ཕུལ་ནས་སྨན་ཁང་ནས་ཐོན་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཁོང་མོར་མུ་མཐུད་ལོགས་བཀར་ལྟ་ཞིབ་ཉིན་14བྱེད་རྒྱུའི་ཁ་ཏ་བྱས་འདུག ཀུའོ་ཆེ་གེ་མོས་སྨན་དོན་མི་སྣ་ཡོངས་ལ་སེམས་གཏིང་ནས་གུས་འདུད་ཞུས་པ་དང་འབྲེལ་དགོས་མཁོ་ཡོད་ཚེ་རང་ཉིད་ཀྱི་ཁྲག་ཞལ་འདེབས་སུ་འབུལ་ཆོག་ཚུལ་ཡང་བརྗོད་འདུག 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1