རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་སྟེ། ལྷ་ས་སྟག་རྩེ་ཆུས་ཀྱི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བ།

བཀྲ་ཤིས་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-19


འདི་ནི་ལས་བྱེད་མི་སྣས་ལས་དུས་འཕར་སྣོན་བྱས་ཏེ་དུག་སེལ་ཐོན་རྫས་བཟོ་བཞིན་པ་རེད།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གི་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་རིམ་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་།  ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཇུས་འགོད་ཞིབ་ཚགས་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཁོངས་གཏོགས་ས་ཁུལ་གྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུར་ཁྲིད་སྟོན་གང་ལེགས་གནང་པ་རེད། 
འདི་ནི་ལས་བྱེད་མི་སྣས་ལས་དུས་འཕར་སྣོན་བྱས་ཏེ་དུག་སེལ་ཐོན་རྫས་བཟོ་བཞིན་པ་རེད།
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་དུག་སེལ་དངོས་རྫས་མཁོ་སྤྲོད་ལ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་དུག་སེལ་ཐོན་རྫས་ཐོན་སྐྱེད་བྱེད་པའི་དམངས་གཉེར་ཁེ་ལས་གཅིག་པུ་སྟེ་བོད་ལྗོངས་ཐེན་ཧྲེང་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སིས་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་དང་ནུས་པ་གང་ལེགས་བཏོན་ནས་དམངས་གཉེར་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་གཟུགས་བརྙན་ལེགས་པོ་བཏོད་ཡོད་ཅིང་། ཀུང་སིའི་ཏང་ཀྲི་པུའུ་ཡི་འབོད་སྐུལ་འོག་ཏང་ཡོན་ཡོངས་ཀྱིས་བློ་ཐག་རྦད་ཆོས་སྒོས་ལོ་སར་གྱི་གུང་གསེང་དོར་ནས་ལོ་གསར་ཚེས་གཉིས་ཉིན་ལྷ་སར་བསྐྱོད་དེ་ཐོན་སྐྱེད་གང་མགྱོགས་བྱས་པ་རེད།
        “ལས་བཟོ་ནི་ཁེ་ལས་ཀྱི་སྲོག་ཤིང་སྟོབས་ཤུགས་ཡིན་ཏེ། ལས་བཟོ་བའི་སྟོབས་ཤུགས་སྐོང་འཐེན་ཡག་པོ་བྱས་ཚེ་ད་གཟོད་གཞི་ནས་ཁེ་ལས་འཕེལ་རྒྱས་ཡུན་རིང་འགྲོ་ཐུབ། ཐོན་སྐྱེད་ཀྱི་མཁོ་ཆས་ཕུད་འཚོ་བའི་མཁོ་ཆས་ཀྱང་འགན་ལེན་ཡག་པོ་བྱེད་དགོས”ཅེས་བོད་ལྗོངས་ཐེན་ཧྲེང་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མ་བཅོས་རྒྱུ་ཆ་སྐྱེལ་འདྲེན་དང་ཐོན་རྫས་བཟོ་སྐྲུན། ཐོན་རྫས་ཐུམ་སྒྲིལ་བཅས་ནས་དངོས་ཟོག་བཀོད་སྒྲིག་དང་སྒམ་ནང་དུ་འཇུག་པ། དབོར་འདྲེན་བཅས་བར་གྱི་གོ་རིམ་ཚང་མར་ང་རང་ངོས་ནས་དམ་འཛིན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག  ལས་ཀའི་བར་གསེང་དུ་ལས་བཟོ་བར་ཤུགས་རྒྱག་རྒྱུའང་བརྗེད་མེད། ཉིན་འདི་འགའི་རིང་། སྟག་རྩེ་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཏང་ཀྲི་པུའུ་ཡི་ལས་ཐོག་ཏང་ཡོན་ཡོངས་ལས་ཀ་ཚར་རྗེས་ཉིན་ལྟར་ཐེན་ཧྲེང་དུག་སེལ་བཟོ་གྲྭར་ཐོན་སྐྱེད་བྱེད་རོགས་སུ་བསྐྱོད་རྒྱུའི་འབོད་སྐུལ་བྱས་ཤིང་། དོ་དམ་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པ་ཚོས་ཉིན་ཁ་ཤས་རིང་བསྟུད་མར་ལས་འཕར་སྒོས་ཐོ་རེངས་ཆུ་ཚོད་དང་པོ་དང་གཉིས་པར་ལས་སྣོན་ཐོན་སྐྱེད་བྱེད་ཀྱི་ཡོད་ཟེར། 
འདི་ནི་ལས་བྱེད་མི་སྣས་ལས་དུས་འཕར་སྣོན་བྱས་ཏེ་བཟོས་པའི་དུག་སེལ་ཐོན་རྫས་རེད།
        ཐེན་ཧྲེང་དུག་སེལ་བཟོ་གྲྭའི་མི་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྟག་རྩེ་ཆུས་ཀྱིས་ནུས་ཤུགས་ཡོད་རྒུས་ཏང་ཡོན་ལས་བྱེད་པ་དང་ལས་བཟོའི་དང་བླངས་པའི་འགན་འཁུར་ཏེ་དང་བླངས་ཞབས་ཞུ་སྤེལ་བ་དང་། དུག་སེལ་ཐོན་རྫས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཞུགས་པ། ཉིན་ལྟར་སྡེ་ཚན་ཁག་ནས་ཡོང་བའི་ཏང་ཡོན་ལས་བྱེད་པའི་དང་བླངས་པ(ཁྱོན་མི་20ལྷག་ཙམ)ཡིས་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་བཏོན་ནས་ཐོན་སྐྱེད་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པར་འབོད་སྐུལ་བྱས་པ་རེད། 
        ཕྱོགས་ཁག་གི་སྟོབས་ཤུགས་ཀྱི་འབད་བརྩོན་འོག  ཀུང་སིས་ཉིན་རེར་ཆ་སྙོམས་དུག་སེལ་གཤེར་ཁུ་ཏུན་2དང་དུག་སེལ་ཐོན་རྫས་ཁྱོན་200ཐོན་སྐྱེད་བྱས་པ་དང་། གཙོ་བོ75%ཁྲུན་ཁ་པའི་དུག་སེལ་གཤེར་ཁུ་དང་། དུག་སེལ་གཤེར་ཁུ84པ། ལག་འཁྲུད་དུག་སེལ་གཤེར་ཁུ་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། མིག་སྔའི་བར་ཀུང་སིས་རིགས་མི་འདྲ་བའི་དུག་སེལ་གཤེར་ཁུ་1000ལྷག་ཙམ་བཟོས་པར་ཁྱོན་སྤྱི་རྒྱ་15000ཟིན་ཡོད་པ་རེད། 
        ཀུང་སི་དེས་ཐོན་སྐྱེད་བྱས་པའི་དུག་སེལ་ཐོན་རྫས་དེ་བོད་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱས་ནས་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དངོས་ཟོག་འགན་ལེན་ཚོགས་ཆུང་དང་སྨན་ཁང་ཆེ་གྲས་ཁག་ཏུ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། དུ་སྨུག་མེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འདིའི་ནང་ཏང་ཡོན་ལས་བྱེད་པས་རིམས་ནད་ཀྱི་མདུན་དུ་གདོང་མཆོང་སྔོན་སྐྱོད་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་བཏོན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1