གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༢༠ཉིན།

པེ་ཅིང་གི་རིམས་འགོག་འཐབ་སར་ཡོད་པའི་བུ་མོ་འཆི་མེད་གཡུ་སྒྲོན།

          ཏོག་གསར་གློ་ཚད་ནད་ཡམས་འགོས་ཁྱབ་འགྲོ་བ་དང་བསྟུན་ནས།རྒྱ་ཆེའི་མི་དམངས་ཉེན་རྟོག་པ་ཚང་མས་ནུས་ཤུགས་ཡོད་རྒུས་འཐབ་ས་དང་པོར་འབད་འཐབ་གནང་བཞིན་ཡོད།པེ་ཅིང་མེ་འཁོར་འབབ་ཚུགས་ནུབ་མར། ལུས་ལ་ཉེན་རྟོག་པའི་ལས་གོས་སྔོ་ནག་གྱོན་པའི་བུད་མེད་ཉེན་རྟོག་པ་ཞིག་གིས་མིག་སྲུང་མིག་ཤེལ་དང་ཁ་རས་བརྒྱབ་སྟེ།ཉིན་ལྟར་ལས་རོགས་ཚོ་དང་ལྷན་དུ་དེ་གའི་ཐང་ཆེན་དང་། མེ་འཁོར་སྒུག་ཁང་། འབབ་ཚུགས།འགྲུལ་པ་ཐོན་སྒོ་བཅས་སུ་སྐོར་ཞིབ་གནང་བ་བརྒྱུད་འགྲུལ་པ་ཚོ་བདེ་འཇགས་ངང་འགྲུལ་བཞུད་ཐུབ་རྒྱུར་འགན་ལེན་གནང་བཞིན་པ་ཁོང་ནི་པེ་ཅིང་མེ་འཁོར་འབབ་ཚུགས་ནུབ་མའི་མངགས་གཏོང་ཁང་དུ་ཕྱག་ལས་གནང་བཞིན་པའི་བོད་རིགས་ཉེན་རྟོག་པ་འཆི་མེད་གཡུ་སྒྲོན་རེད།
          ལས་གནས་བརྟན་སྲུང་བྱེད་ཆེད་རང་གི་ཕ་མར་རྫུན་གཏམ་ཤོད་དགོས་ཐུག་པ།
          སྤྱི་ལོ་1995ལོར་བོད་ལྗོངས་གཞིས་ཀ་རྩེར་འཁྲུངས་ཤིང་། ད་ཆ་པེ་ཅིང་མེ་འཁོར་འབབ་ཚུགས་ནུབ་མའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གྱུར་བའི་འཆི་མེད་གཡུ་སྒྲོན་ནི། ཏོག་གསར་གློ་ཚད་ནད་ཡམས་ཐོན་རྗེས་དཔའ་ངར་ཆེར་སྐྱེད་ངང་ནད་འགོག་དམག་འཐབ་ཀྱི་འཐབ་ས་དང་པོར་ཕེབས་ཏེ། མེ་འཁོར་འབབ་ཚུགས་དང་འཕྲོད་བསྟེན་སྡེ་ཚན་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་དམ་ཟབ་གནང་བ་དང་། ཐ་ན་དང་པོའི་བཅོ་ལྔའི་དུས་ཆེན་ཉིན་མོར་ཡང་ངལ་གསོ་བསྐྱོན་ཁོམ་མེད་པས། སྟབས་ཟས་རེ་མཆོད་ནས་འཐབ་ས་དང་པོར་ཕྱག་ལས་ལ་བྲེལ་གནང་ཡོད།
          ད་ཐེངས་གློ་བུར་དུ་ཐོན་པའི་ནད་ཡམས་འདིས་རྐྱེན་པས། འཆི་མེད་གཡུ་སྒྲོན་གྱིས་རང་གི་འཁོར་ཞག་ནར་འགྱངས་གནང་སྟེ་འཕྲལ་དུ་རུ་མི་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་ནད་འགོག་དམག་འཐབ་ཁྲོད་ཞུགས་ཡོད།
          འཆི་མེད་གཡུ་སྒྲོན་ནད་འགོག་འཐབ་ས་དང་པོར་ཞུགས་ནས་དུས་ཡུན་རིང་པོ་འདི་འདྲ་སོང་རུང་། ཐག་རིང་བོད་དུ་ཡོད་པའི་ཕ་མར་འབྲེལ་བ་བྱེད་རིམ་བཞིན་དཔྱིད་གསར་དུས་ཆེན་སླེབས་པས་ལས་བྲེལ་ཆེན་པོ་འདུག ལས་ཁུངས་ནང་ལས་ཀ་བྱས་ནས་བསྡད་ན་འགྲིག་པས་ཕྱི་རོལ་དུ་འགྲོ་མི་དགོས་ཅེས་བརྗོད་པ་ལས་དོན་དངོས་གནས་ཚུལ་བརྗོད་ཕོད་ཀྱི་མེད་པ་རེད། དེ་ནི་ཁོང་གིས་ལོ་25ཡི་ནང་རང་གི་ཕ་མར་རྫུན་གཏམ་ཤོད་ཐེངས་དང་པོ་དེ་ཡིན་པ་རེད།
          ཁོང་གི་ཕ་མ་གཉིས་པོས་རྒྱུན་དུ་ཁ་པར་ནང་ནས། ཤ་རིད་དུ་གཏོང་བའི་དགོས་པ་མེད། ཁ་ལག་ཡག་པོ་བཟས་ན་གཞི་ནས་གཟུགས་པོ་ཡག་པོ་ཆགས་ཀྱི་རེད་ཅེས་བྱམས་བརྩེའི་ཁ་ཏ་གནང་གི་ཡོད། རང་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་དུ་འབད་འཐབ་གནང་བཞིན་པའི་འཆི་མེད་གཡུ་སྒྲོན་གྱིས་རང་ཡུལ་དུ་ཡོད་པའི་དགའ་ཉེ་སྤུན་མཆེད་རྣམས་མི་དྲན་པ་ཅི་ལ་སྲིད། འོན་ཀྱང་། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བའི་རྐྱེན་གྱིས། རང་གི་ཁྱིམ་མི་ཚོར་ཐུགས་ཁྲལ་རྩ་བ་ནས་བཟོས་མེད། རིམས་འགོག་ནི་ལྡོག་ཏུ་མེད་པའི་བཀའ་ཡིག་ཅིག་དང་འདྲ་བས། སྔོན་འགོག་ཚོད་འཛིན་གྱིས་ལས་ཀར་ཞུགས་རྒྱུ་དེ་བསྙོན་དུ་མེད་པའི་འགན་འཁྲི་ཞིག་རེད། འཆི་མེད་གཡུ་སྒྲོན་གྱིས་ཀྱང་དེ་ནི་རང་ཉིད་དམག་འཐབ་ནང་ཞུགས་པ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད།
          འགག་རྩའི་དུས་སུ་ངས་ངེས་པར་དུ་འདི་ལྟར་བྱེད་དགོས།
          དཔྱིད་གསར་སྐྱེལ་འདྲེན་རིང་། དགུང་ལོ་ལྔ་བཅུ་ལྷག་ལ་ཕེབས་པའི་སྐུ་ཞབས་ལི་ལགས་མེ་འཁོར་ལ་ཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་གྲབས་བྱེད་སྐབས། རང་གི་ལྟོ་ཕད་དེ་བོར་བརླག་སོང་བ་ཤེས་ཕྲལ། དེ་གར་ཉེན་རྟོག་ཕྱག་ལས་གནང་བཞིན་པའི་འཆི་མེད་གཡུ་སྒྲོན་གྱི་སར་རོགས་རམ་གནང་རོགས་ཞུ་བར་ཕེབས་ཡོད། སྐུ་ཞབས་ལི་ལགས་བཞུགས་སའི་མེ་འཁོར་ཐོན་གྲབས་ཡོད་པས་འཆི་མེད་གཡུ་སྒྲོན་གྱིས་ལམ་སེང་ཁོང་གི་ཞལ་པར་ཨང་གྲངས་ཉར་ནས་ཁོང་མེ་འཁོར་ཞུགས་པར་བཏང་ཡོད། དེ་རྗེས། ཁོང་གིས་སྐུ་ཞབས་ལི་ལགས་ཕེབས་མྱོང་བའི་དེ་གའི་གྲུ་ཟུར་གང་སར་ལྟོ་ཕད་དེ་འཚོལ་བར་ཕེབས་པ་དང་སྦྲགས་གློག་རྡུལ་དྲ་མིག་བརྒྱུད་བཙལ་འཚོལ་གནང་མཐར་གཞི་ནས་ལྟོ་ཕད་དེ་རྙེད། རང་གི་བོར་བརླག་སོང་བའི་ལྟོ་ཕད་མི་དམངས་ཉེན་རྟོག་པས་བཙལ་གནང་བ་མ་ཟད། དེའི་ནང་ཡོད་པའི་ཅ་དངོས་གཅིག་ཀྱང་བོར་བརླག་སོང་མེད་པ་ཤེས་འཕྲལ། སྐུ་ཞབས་ལི་ལགས་ཀྱིས་དགའ་ཚོར་ཆེན་པོས་འཆི་མེད་གཡུ་སྒྲོན་གྱི་མཛད་རྗེས་ལ་བསྔགས་པའི་སྙན་ཚིག་ཤོ་ལོ་ཀ་གཅིག་བྲིས་ནས་འཆི་མེད་གཡུ་སྒྲོན་ལ་བསྐུར་བ་འདི་ལྟ་སྟེ། ཅ་དངོས་བོར་ནས་རྙེད་པ་འདི།།བུད་མེད་ཉེན་རྟོག་ཁྱེད་ཀྱི་དྲིན།།མི་དམངས་ཉེན་རྟོག་བཟང་པོ་ལ།།དམངས་ཀྱིས་བསྔགས་པ་དོན་དུ་གནས་ཞེས་པ་དེ་རེད།
          འཆི་མེད་གཡུ་སྒྲོན་གྱིས། ལུས་ངལ་སེམས་ངལ་གཉིས་ཀ་འདུགའོན་ཀྱང་རང་ཉིད་ངེས་པར་དུ་གདོང་མཆོངས་བྱེད་དགོས་ཀྱི་ཡོད། གཞོན་ནུ་ཚོས་རང་གི་ལང་ཚོར་ངོ་མི་གནོང་བའི་དཀའ་ལས་སྤྱོད་དགོས་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་སྤྱིར་བཏང་གི་ལས་གནས་འདི་དག་བརྟན་སྲུང་བྱེད་དགོས། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་འདི་ཆེས་དམིགས་བསལ་ཞིག་ཡིན་པས།ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པར་ཚང་མས་འབད་བརྩོན་གནང་དགོས་ཞེས་དང་། ཁོང་གིས། དོན་དངོས་ཐོག་མང་ཚོགས་མང་ཆེ་བས་ང་ཚོའི་ལས་ཀར་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་གི་འདུག མ་ཟད་འགྲུལ་པ་མི་ཉུང་བ་ཞིག་གིས་ང་ཚོར་བསྔགས་བརྗོད་ཀྱང་གནང་གི་འདུག་ཅེས་གསུངས།
          ཕྱག་ལས་གནང་སྐབས་ཀྱི་འཆི་མེད་གཡུ་སྒྲོན་ངང་རྒྱུད་རིང་ལ་ཞིབ་ཚགས་པ་དང་གཞན་ལ་རོགས་རམ་གནང་རྒྱུར་སྤྲོ་བ།
          དཔྱིད་གསར་དུས་ཆེན་གོང་། ཁོང་གིས་མེ་འཁོར་པ་སེ་འཚོང་སར་གནས་སྐབས་ཐོབ་ཐང་ལག་འཁྱེར་བཟོ་མཁན་གནང་བས།སྐབས་རེ་ཉིན་གཅིག་ལ་གནས་སྐབས་ཐོབ་ཐང་ལག་འཁྱེར་2000ལྷག་ཙམ་བཟོ་དགོས་ཀྱི་ཡོད། འོན་ཀྱང་ཁོང་གིས་དཀའ་ལས་ཁག་ལུགས་རྩ་བ་ནས་བརྗོད་མྱོང་མེད། ནད་ཡམས་ཐོན་རྗེས་ཁོང་གིས་རང་འགུལ་ངང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཕེབས་ནས། ཉིན་ལྟར་ལས་གྲོགས་ཚོ་དང་ལྷན་དུ་དེ་གའི་ཐང་ཆེན་དང་། མེ་འཁོར་སྒུག་ཁུལ། འབབ་ཚུགས།འགྲུལ་པ་ཐོན་སྒོ་བཅས་སུ་སྐོར་ཞིབ་གནང་སྟེ། འགྲུལ་པ་ཚོ་བདེ་འཇགས་ངང་འགྲུལ་བཞུད་ཐུབ་རྒྱུར་འགན་ལེན་གནང་བཞིན་ཡོད།
          སྤྱི་ཟླ་2པའི་ཚེས་11ཉིན། ཉེན་རྟོག་ལས་དོན་ས་ཚིགས་སུ་ལས་འགན་སྒྲུབ་བཞིན་པའི་འཆི་མེད་གཡུ་སྒྲོན་ལ་དགུང་ལོ་བདུན་ཅུ་ལྷག་ལ་ཕེབས་པའི་རྒན་མོ་ཞིག་གིས་རོགས་རམ་གནང་དགོས་ཚུལ་ཞུས། འཆི་མེད་གཡུ་སྒྲོན་གྱིས་ངང་རྒྱུད་རིང་པོའི་སྒོ་ནས་ཁོང་ལ་རོགས་པ་གང་ཞུ་དགོས་མིན་བཀའ་འདྲི་ཞིབ་ཕྲ་ཞུས་མཐར། ཁོང་ལ་ཁ་རས་རྒྱག་རྒྱུ་མེད་པས། མེ་འཁོར་སྟེང་ནས་ནད་ཡམས་འགོས་དོགས་གནང་བ་ཤེས། འཆི་མེད་གཡུ་སྒྲོན་ལྟ་བུ་འཐབ་ས་དང་པོར་འབད་འཐབ་གནང་བཞིན་པའི་མི་དམངས་ཉེན་རྟོག་པ་ཚོའི་ངོས་ནས་བརྗོད་ན། ཁ་རས་ནི་ནད་དུག་འགོག་པའི་ལག་ཆ་ཡག་ཤོས་དེ་ཡིན་མོད། འོན་ཀྱང་། ཁོང་གིས་རང་ཉིད་ཀྱི་ཁུག་མའི་ནང་བརྗེ་པོ་རྒྱག་བྱེད་དུ་ཁུར་བའི་ཁ་རས་ཉག་གཅིག་དེ་ཐེ་ཚོམ་སྤུ་ཙམ་མེད་པར་རྒན་མོ་ཁོང་ལ་ཕུལ་ཡོད།
          དུས་རྒྱུན་ཞོགས་པའི་ཆུ་ཚོད་8པ་ནས་མཚན་མོ་ས་རུབ་པའི་བར། འཆི་མེད་གཡུ་སྒྲོན་གྱིས་མེ་འཁོར་སྒུག་ཁུལ་གྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་གི་ཕྱག་ལས་གནང་བ་ཕུད། གཞན་ད་དུང་ལྕགས་ལམ་འགྲུལ་སྐྱེལ་དང་འཕྲོད་བསྟེན་ནད་འགོག་སྡེ་ཁག་ལ་གཞོགས་འདེགས་ཡག་པོ་བྱས་ནས་མེ་འཁོར་འབབ་ཚུགས་སུ་འགྲུལ་པའི་ཐོབ་ཐང་ཞིབ་བཤེར་དང་། ཆ་འཕྲིན་ཐོ་འགོད། གཟུགས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་ལས་ཀ་ཡང་སྒྲུབ་བཞིན་ཡོད།སྤྱི་ཟླ་2པའི་ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་8པར། འཆི་མེད་གཡུ་སྒྲོན་ལ་རུ་དཔོན་གྱི་ཁ་པར་འབྱོར་ཏེ། སྤྱི་ཟླ་2པའི་ཚེས་1ཉིན་ཁྲུང་ཆིང་ནུབ་ཚུགས་ནས་པེ་ཅིང་ནུབ་ཚུགས་སུ་སླེབས་པའི་མེ་འཁོར་དེའི་སྟེང་གི་ཚ་བ་རྒྱས་པའི་འགྲུལ་པ་བསུ་མཁན་གྲས་སུ་ཁོང་ཡོད་མེད་དྲིས་པར། འཆི་མེད་གཡུ་སྒྲོན་གྱིས་རང་ཉིད་ཡོད་ཅེས་སྨྲས། དེ་ནས་རུ་དཔོན་གྱིས་ཁོང་ལ། མེ་འཁོར་ལན་གྲངས་དེའི་ལས་དོན་སྒྲུབ་མཁན་ཉེན་རྟོག་པར་ཚ་བ་རྒྱས་པའི་གནས་ཚུལ་ཐོན་འདུག མ་ཟད་ཉེན་རྟོག་པ་དེ་དང་ཚ་བ་རྒྱས་པའི་འགྲུལ་པ་དེའི་བར་འབྲེལ་ཐུག་བྱུང་འདུག་པས་རང་གི་སེམས་ལ་ཡང་གྲ་སྒྲིག་ཡོད་དགོས་ཞེས་གསུངས།་་་་་་་་་་དེ་ནས་དགོང་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་སླེབས་སྐབས་ཁོང་ལ་བརྡ་འབྱོར་བ་ལྟར། བརྟག་དཔྱད་ཐེངས་མང་བྱས་པ་བརྒྱུད་ཚ་བ་རྒྱས་པའི་འགྲུལ་པ་དང་ཉེན་རྟོག་པ་དེའི་ནད་གཞི་སྤྱིར་བཏང་ཆམ་པ་ཡིན་པས་སྐྱོན་མེད་པ་ཤེས། སྐབས་དེར་འཆི་མེད་གཡུ་སྒྲོན་གྱིས་དབུགས་རིང་ཞིག་འཐེན་ཞོར་དུ། མ་གཞི་སྐབས་དེ་དུས་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་སྡུག་བསྔལ་དེ་རང་ཉིད་གཅིག་པུས་བཟོད་བསྲན་བྱས་ནས་བསྡད་པ་ལས་གཞན་སུ་ལའང་གླེང་མེད། གལ་སྲིད་ནད་དུག་དེ་འགོས་པའི་དབང་དུ་བཏང་ནའང་དྲག་སྐྱེས་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད། རྒྱུ་མཚན་གང་ལགས་ཞེ་ན།ང་ཚོར་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་ཡོད་པས་རེད། ང་ཚོས་ད་ཐེངས་ཀྱི་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ཅེས་གསུངས།
          ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་ཕ་ཡུལ་གྱི་ཕ་མ་སྤུན་མཆེད་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ནས་ནད་ཡམས་གཏན་འགོག་གི་འཐབ་ས་མདུན་མར་ཟབ་ཞུགས་གནང་ཡོད། དེ་གར་ནི་རྫས་དུད་མེད་པའི་དམག་ས་ཞིག་ཡིན་ཞིང་། དེ་གར་འཆི་གསོན་ཉེན་ཁས་ཁེངས་ནས་ཡོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ཉེན་རྟོག་པ་ཞིག་གི་བརྗིད་ཉམས་ལྡན་པའི་དམ་བཅར་གསལ་འགྲེལ་གནང་བཞིན་མཆིས།།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1