གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༢༠ཉིན།

སི་ཁྲོན་གྱིས་བོད་ཁུལ་རིམས་འགོག་སྐོར་ཆེད་དོན་གྲོས་མོལ་གནང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་བོད་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་གི་སྤྱིའི་དམག་འཐབ་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ།

    སྤྱི་ཟླ་2པའི་ཚེས་17ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་དབུ་གཙོ་ཕེང་ཆིང་ཧྭ་ཡི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚོ་ཆུང་གི་དབུ་གཙོ་གཞོན་པ་ཏེང་ཞའོ་ཀང་གིས་འགོ་ཁྲིད་ཚོ་ཆུང་གི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ལྷག་པར་དུ་སྤྱི་ཟླ་2པའི་ཚེས་12ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་དགོས་ཞེས་བཏོན། དེ་མིན་རང་ཞིང་གི་བོད་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་མཐའ་གཅིག་ཏུ་བྱས་པ་དང་། རིམས་ནད་དེ་དཀར་མཛེས་རྟའུ་ནས་རྒྱ་ཆེ་རུ་འགྲོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་ཁག་ཐེག་བྱས།

    ཏེང་ཞའོ་ཀང་གིས་ནན་གྱིས་བསྟན་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཏེ་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། འོན་ཀྱང་བོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བས། ངེས་པར་དུ་ཚད་མཐོན་པོའི་སྒོ་ནས་བོད་ཁུལ་གྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས་པར་མ་ཟད། དེ་བས་བློ་ཐག་རྦས་ཆོད་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་དགོས།

    བོད་ཁུལ་གྱི་ཁུལ་དང་རྫོང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བསྒྲུབ་ཐུབ་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་བོད་ཁུལ་ལས་ཀའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་དང་བསམ་བློ་བརྟན་པོ་བཙུགས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་སྤྱི་འདོམས་ལྟ་རྟོག་བྱ་དགོས། རིགས་དབྱེ་མཛུབ་ཁྲིད་དང་ཁག་བགོས་ཇུས་བསྟར་བྱས་ཏེ་མཉམ་འགོག་མཉམ་བཅོས་དང་མང་འགོག་མང་བཅོས་ལ་ཤུགས་སྣོན་རྒྱག་པ། དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་རེ་རེ་བཞིན་ཁ་གསལ་བཟོ་བ། སྡེ་ཁུལ་དང་གྲོང་གསེབ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ། དུད་ཚང་རེ་རེ་དང་ཁང་མིག་རེ་རེ། མི་གཅིག་ཀྱང་མ་ལུས་པར་ཏན་ཏིག་གིས་ནད་པར་ཚན་རིག་དང་མཐུན་པའི་ངང་དུས་ཐོག་ཏུ་སྐྱོབ་བཅོས་དང་དངོས་ཟོག་འགན་ལེན་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྨན་བཅོས་མི་སྣ་འདང་ངེས་བཀོད་སྒྲིག་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས།

    དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ཡག་པོར་བསྒྲུབ་པ་དང་། རིམས་ནད་འབྱུང་བཞིན་པའི་སྐབས་འདིར་འདུ་འཛོམས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་གཞན་པ་སོགས་སྤེལ་མཚམས་བཞག་ནས། ཁྲིམས་ལྟར་མི་སྣར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་དགོན་སྡེར་རིམས་ནད་མཆེད་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།

    དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་བྱེད་པ། རིམས་ནད་གནས་ཚུལ་དུས་ཐོག་ཏུ་ཡང་དག་སྤྱི་བསྒྲགས་བྱེད་པ། ཚན་རིག་དང་མཐུན་པའི་འགོག་སྲུང་ཤེས་བྱ་རྒྱ་ཆེར་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཡ་ལན་སྤྲོད་པ། ཆ་འཕྲིན་རྫུན་མ་གཙང་སེལ་བཅས་་བཅས་བྱ་དགོས།

    བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་བ། འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་སྤྱི་ཚོགས་བརྟན་བརླིང་ཁྱབ་ཁོངས་སུ་བརྒྱུད་ཁྲིད་བྱ་བར་སྔོན་འགོག་བྱེད་པ། མི་སེམས་བརྟན་བརླིང་དང་སྤྱི་ཚོགས་བརྟན་བརླིང་ཡོང་བ་བཅས་བྱ་དགོས།

    ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་གཅིག་ཏུ་བྱ་དགོས་པ་དང་། འགོ་ཁྲིད་ལས་བྱེད་པ་དང་ཏང་ཡོན་གྱིས་ལས་ཀའི་ཁྲོད་སྣེ་ཁྲིད་ཡག་པོ་དང་དཔེ་སྟོན་བྱས་ཏེ་བོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    ཚོགས་ཐོག་ནས་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་གྱི་འགོ་ཁྲིད་ཐེན་ཞང་ལི་དང་། ཝང་དབྱི་ཧུང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་དབྱི་བཅས་ཚོགས་འདུར་ཞུགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1