བོད་སྨན་ཁྱེར་ནས་ནད་དུག་འགོག་བཅོས་བྱེད།

གངས་ཀྱིས་བསྡུས་ཏེ་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-24



    རྟའུ་རྫོང་ལ་ནད་དུག་གསར་པ་ཕོག་པའི་ནད་པ་བྱུང་བ་ནས་བཟུང་།སྡེ་དགེ་རྫོང་བོད་སྨན་ཁང་དང་སྡེ་དགེ་རྫོང་སར་བོད་སྨན་ཁང་གཉིས་ཀྱིས་བོད་སྨན་བྱིན་ཏེ་ནད་དུག་འགོག་པར་ཞབས་འདེགས་ཞུས་པ་དང་།དཀར་མཛེས་ཁུལ་བོད་སྨན་ཁང་གིས་ཀྱང་མགྱོགས་མྱུར་དུ་ནད་དུག་འགོག་པའི་ཚོ་ཆུང་བཙུགས་ཏེ་སྔོན་འགོག་བྱེད་སྟངས་དང་།སྨན་བཅོས་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་བོད་སྨན་གྲ་སྒྲིག་བྱས་པ་དང་དུས་མཉམ་དུ།ཉམས་མྱོང་ཡོད་ལ་ལུས་པོ་བཟང་བའི་སྨན་པ་4རྟའུ་དང་དར་མདོའི་ ‘པའེ་ཚའོ་ཐང’་རུས་ཚན་སྨན་ཁང་དུ་མངགས་པ་རེད།

     དགྲ་ལ་མདུང་རྩེ་མཉམ་གཏད་ཅེས་པ་ལྟར་གནད་འགག་ལ་ཐུག་དུས། དཀར་མཛེས་ཁུལ་བོད་སྨན་ཁང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།སྨན་ཁང་གི་འགོ་ཁྲིད་གཞོན་པ་སྨན་པ་གཉའ་རྒྱལ་མཚན་དང་།ཁོང་གི་ལས་གྲོགས་རིག་འཛིན་རྒྱ་མཚོ་གཉིས་ཟླ་བ་2པའི་ཚེས14ཉིན་རྟའུ་ལ་སོང་སྟེ་ས་དེ་གའི་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་བྱས་པ་ནང་བཞིན།བོད་སྨན་གྱིས་ནད་དུག་འགོག་བཅོས་བྱེད་པའི་ལས་ཀ་བསྒྲུབས་པ་རེད།

བོད་སྨན་ཁྱེར་ནས་ནད་དུག་འགོག་བཅོས་བྱེད།

   གསར་འགོད་པས་སྨན་པ་གཉའ་རྒྱལ་མཚན་ལ་བཅར་འདྲི་བྱེད་དུས།ཁོང་གིས་གསུངས་པ་ལྟར་ན།ཁོང་ཚོས་ནད་དུག་གསར་པ་ཕོག་མཁན་དང་དངོས་སུ་འབྲེལ་བ་བྱས་མྱོང་མཁན་རྣམས་ཀྱི་ལུས་པོའི་གནས་ཚུལ་དང་།ལོ་ན་ཆེ་ཆུང་ལ་བལྟས་ཏེ་བོད་སྨན་སྒྲིག་སྦྱོར་བྱས་པ་དང་།བོད་སྨན་ནི་གཙོ་བོ་ནད་དུག་སྔོན་འགོག་དང་ལུས་ཟུངས་ཡག་པོར་ཆགས་པ་ལ་ཕན་པའི་ཁྱད་ཆོས་ལྟར། རྟའུ་ཡི་མི་སེར་ཚོ་ལ་རིན་ཆེན་མང་སྦྱོར་དང་ནག་པོ་དགུ་སྦྱོར་བཀྲམ་འདུག དེས་མ་ཚད་ཁོང་ཚོས་སྐད་འཕྲིན་ཐོག་ནས་ཟུར་དུ་བཀར་བའི་མི་ཚོ་དང་ཁ་བརྡ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱས་རྗེས། གང་ལ་གང་མཁོའི་བོད་སྨན་སྤྲད་པ་ལས་ཐེངས་དང་པོར་བོད་སྨན་སྦྱོར་བ་500དང་ཐེངས་གཉིས་པར1000བཅས་བཀྲམ་འདུག གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ཁོང་ཚོ་ལ་ངལ་གསོ་བའི་དུས་ཚོད་མེད་ནའང་།མུ་མཐུད་དེ་ནད་དུག་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་བོད་སྨན་གྲ་སྒྲིག་བྱས་ཏེ།རྫོང་ཐོག་ཏུ་བཀར་བའི་མི་ཚོ་ལ་སྨན་བཀྲམ་ཚར་རྗེས།རྟའུ་རྫོང་གི་ཤང་ཁག་ལྔ་དང་གྲོང་རྡལ་གཅིག་གི་ཁྱིམ་ཚང་ནང་བཀར་བའི་མི་སེར་ཚོ་ལ་བོད་སྨན་བཀྲམ་འགྲོ་རྒྱུ་རེད།

བོད་སྨན་ཁྱེར་ནས་ནད་དུག་འགོག་བཅོས་བྱེད།

    སྨན་པ་གཉའ་རྒྱལ་མཚན་གྱིས། གནས་སྐབས་སུ་ཧ་ཅང་དཀའ་ཡང་།ནད་པ་རྣམས་ལ་ཞབས་འདེགས་ཅུང་ཙམ་ཞུ་ཐུབ་པ་དྲན་དུས།དཀའ་ཡང་དགའ་བས་དང་དུ་བླངས་པ་ཡིན་ལ།ད་རུང་ཡང་ལེན་རྒྱུ་ཡིན།འདི་ནི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞིག་གིས་བསྒྲུབ་དགོས་པའི་ལས་འགན་ཞིག་རེད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1