མཚོ་སྔོན་ཚྭ་ཆུ་ནང་གྲོང་ཚོས་ཚ་ཚ་འུར་འུར་ངང་རིམས་ནད་སྔོན་འགོག་གི་ལས་དོན་སྤེལ་བ།

ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 02-27



པར་འདི་ནི་ས་ཚིགས་སུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་རྣམ་པ།
        རྒྱལ་ཡོངས་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་བློ་སེམས་གཅིག་མཐུན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན་དུ། མཚོ་བོད་མཐོ་སྒང་གི་ཤར་མཐར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་ཚྭ་ཆུ་ནང་གྲོང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།ཏང་ཀྲི་པུའུ་དང་གྲོང་ཚོའི་ཨུ་ལྷན་གྱིས་ཏང་ཡོན་དང་།རྩྭ་གསོའི་དོ་དམ་པ།ནགས་ཚལ་དོ་དམ་པ།གྲོང་ཚོའི་ཉེན་རྟོག་པ།གྲོང་ཚོའི་སྨན་པ་བཅས་ཀྱི་སྣེ་ཁྲིད་དེ། ཏང་དར་བསྒྲེངས་ནས་ཉིན་མཚན་དབྱེར་མེད་དུ་ས་ཚིགས་བརྟན་སྲུང་དང་།འགྲོ་འོང་ནན་གཏོང་།ཐོ་འགོད་ཞིབ་ཚགས་བཅས་བྱས་ཏེ།ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།གྲོང་མི་ཡོངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་སྐུ་ལུས་བདེ་ཐང་སྲུང་སྐྱོང་བྱས་པས། མཚོ་སྔོན་བོད་རིགས་ས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་པོའི་གྲུབ་འབྲས་གང་ལེགས་མངོན་ཡོད།
        གྲོང་ཚོ་ཨུ་ལྷན་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་འཕྲིན་ལས་ལགས་ཀྱིས་“ལོ་གསར་ཚེས་གསུམ་ཉིན་ནས་ས་ཚིགས་གསར་དུ་བཙུགས་ཏེ་རིམས་འགོག་ལས་དོན་སྤེལ་བ་ནས།གྲོང་མི་ཡོངས་ཀྱིས་ང་ཚོའི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱས་ཤིང་། དེའི་རིང་མི་སྣ་འདུ་འཛོམས་དང་འགག་སྒོ་བཙན་སྒྲོལ་སོགས་ཀྱི་གནས་ཚུལ་ཐོན་མེད་པ་མ་ཟད། གྲོང་མི་མང་པོ་ཞིག་གིས་འཚོ་བའི་མཁོ་ཆས་བསྐྱལ་ཡོང་ནས་ང་ཚོར་འཚམས་འདྲི་གནང་བ་དང་།ལ་ལས་ད་དུང་དྲི་ཞིམ་འཐུལ་བའི་སྐྱུར་སྐོལ་ཐུག་པ་བཟོས་ནས་ས་ཚུགས་སུ་བསྐྱལ་བས་ང་ཚོའི་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་ཤིང་། ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཟེར།
        གྲོང་དཔོན་ཀླུ་རྒྱལ་གྱིས་“ང་ཚོའི་གྲོང་ཚོ་ནི་དེ་འདྲའི་ཆེན་པོ་མེད་མོད།འོན་ཀྱང་གྲོང་མི་ཚང་མ་བློ་ཁ་མཐུན་ཞིང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཡོད། ཐེངས་འདིའི་ནང་ཡམས་བྱུང་བ་ནས་གྲོང་མི་ཚོས་རང་འགུལ་ངང་ཞལ་འདེབས་འབུལ་རྒྱུའི་རེ་བ་བཏོན་པ་དང་།ང་ཚོས་ཀྱང་གོང་རིམ་གྱི་བཀོད་སྒྲིག་གཞིར་བཟུང་གྲོང་མིར་བརྡ་ཐོ་བཏང་བ་ཡིན།ཚང་མས་སྔ་རྗེས་སུ་རིམས་ནད་ཐོན་ཁུལ་ལ་དམངས་སྒོར་5600ཞལ་འདེབས་ཕུལ་ཞིང་། རང་ནུས་ལྕོགས་ཚོད་ཀྱིས་རོགས་རམ་ཅུང་ཟད་བྱེད་ཐུབ་སོང་བས་ད་ལྟ་གྲོང་མི་ཚང་མའི་བློ་ཡིད་ཚིམ་པོ་བྱུང་”ཟེར།

པར་འདི་ནི་གྲོང་མིས་ས་ཚིགས་ཡི་ལས་དོན་མི་སྣར་འཚམས་འདྲི་གནང་བའི་རྣམ་པ།
        གྲོང་ཚོའི་ཉེན་རྟོག་པ་བཙུན་ཐར་ཚེ་རིང་གིས་ངོ་སྤྲོད་བྱེད་རྒྱུར།“གློ་བུར་བའི་གནས་ཚུལ་འདི་ལྟ་བུ་སྔོན་ཆད་འཕྲད་མྱོང་མེད།ང་ཚོས་གོང་རིམ་གྱི་མཛུབ་སྟོན་གཞིར་བཟུང་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཐབས་ལེགས་བཅོས་བྱས་པ་དང་།སྡེ་འདབས་སུ་ས་ཚིགས་བཙུགས་པ་ནས་མཉམ་འབྲེལ་གྲོང་ཚོའི་ས་ཚིགས་བཟོས་པའི་བར་ནི་རྒྱུན་ཆད་མེད་པར་ལས་རིམ་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་འགུལ་རྣམ་ལེགས་སྒྲིག་གི་བརྒྱུད་རིམ་ཞིག་ཡིན་པ་དང་།དེའི་ཁྲོད་ང་ཚོར་ལས་ཀའི་ཉམས་མྱོང་ཐོབ་པ་མ་ཟད།དོ་དམ་ཚོད་འཛིན་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད།ད་ནངས་འབྱོར་མ་ཐག་པའི་བརྡ་ཐོ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་། ཞང་། གྲོང་ཚོ་བཅས་ཀྱི་བར་གྱི་ས་ཚུགས་ཆ་ཚང་མེད་པར་བཟོས་ཏེ། མཚོ་ལྷོ་ཁུལ་ནང་ཁུལ་གྱི་ས་ཚིགས་ཚང་མ་དེ་རིང་ཕྱི་དྲོ་ཕྱིར་འཐེན་དགོས་ཟེར། ད་ཆ་གཞི་ནས་ཁྱིམ་དུ་ལོག་ནས་གཉིས་ཆོག་པ་ལ་ཨང་”ཟེར།

པར་འདི་ནི་གྲོང་མི་འཚམས་འདྲིར་ཕེབས་པའི་རྣམ་པ།
        རིམས་འགོག་ལས་དོན་ནན་ཏན་ངང་ལེགས་པོར་སྒྲུབ་པ་དང་ཆབས་ཅིགགྲོང་ཚོའི་ཨུ་ལྷན་གྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། གྲོང་མི་ཡོངས་ཀྱི་དཔྱིད་རྨོད་ས་བོན་གྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་འཚོལ་བསྡུ་བྱས་ཤིང་།ད་ལོའི་ཞིང་ལས་ས་བོན་ཐད་སྲིད་གཞུང་གིས་རིན་གོང་ཕྱེད་ཀ་ཁ་གསབ་བྱེད་ཀྱི་ཡོད་པས། གྲོང་མི་ཚོས་སྐད་འཕྲིན་ཚོགས་པའི་ནང་འཕྲོ་རིམ་འཕྲོར་དགོས་མཁོ་གོང་ཞུ་བྱས་ནས། དཔྱིད་སོན་རྨོད་འདེབས་ཀྱི་གྲ་སྒྲིག་ལས་ཀར་བྲེལ་བཞིན་ཡོད་པ་རེད།

པར་འདི་ནི་ལས་བྱེད་མི་སྣས་ཕྱི་ཡོང་རླངས་འཁོར་ལ་དུག་སེལ་བྱེད་པའི་རྣམ་པ།
        ས་ཚིགས་ཕྱིར་འཐེན་བྱས་པ་དང་བསྟུན་ནས། མཐོ་སྒང་གི་དྲོད་ལམ་ལམ་གྱི་ཉི་འོད་ཁྲོད།གྲོང་མི་རྣམས་ཀྱིས་རིམས་ནད་ཀྱིས་བསྐྱེད་པའི་མི་འདོད་པ་ཐམས་ཅད་གཞི་ནས་བརྗེད་ཡོད་པ་འདྲ་སྟེ། ཁོང་ཚོས་རེ་བའི་ས་བོན་ནོར་འཛིན་བུ་མོའི་བྲང་ཁོག་ཏུ་སྦས་ཏེ་དཔྱིད་ཀྱི་ལྷ་མོས་གཉིད་ལས་བསླངས་རྒྱུར་རེ་ཞིང་སྒུག་ནས་ཡོད།འབྱུང་འགྱུར་གྱི་ལོ་ཟླའི་ནང་། ཁོང་རྣམས་ལས་འགའ་ཞིག་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་སྐྱོད་འགྲོ་བ་དང་།ལ་ལས་ཁྱིམ་དུ་ཞིང་ལ་ཆུ་འདྲེན་པ་དང་ཡུར་མ་ཡུར་བ། སྒོ་ཕྱུགས་གསོ་སྐྱོང་སོགས་ཀྱི་ལས་ལ་འབད་ངེས་ཤིང་།སྟོན་ཁ་སླེབས་ཚེ་ཁྱིམ་ཚང་འདི་རྣམས་རེ་རེ་བཞིན་ཡང་བསྐྱར་མཉམ་དུ་འཛོམས་ཏེ། གསེར་མདོག་གི་གྲོ་སྙེ་དང་།སྨིན་ཐག་པའི་འབྲས་བུ།ཤ་ཤེད་རྒྱས་པའི་ནོར་ལུག་གི་ཁྱུ་དང་བློ་ཡིད་ཚིམ་པའི་ཡོང་འབབ་བཅས་དང་བསྡོངས་ཏེ། མཐོ་སྒང་གི་རི་གྲོང་འདི་ཡང་རྒྱལ་ཡོངས་མི་དམངས་དང་ལྷན་ཏུ་དབུལ་ཕོངས་ལས་ཐར་ཏེ།ཕྱོགས་ཡོངས་འབྱོར་འབྲིང་གི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ངེས་སོ། ། (ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན་སྐྱེལ་བ། /ཚེ་རིང་གིས་བསྒྱུར། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1