བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭས་ཆུ་བཀག་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 03-02



  རྒྱལ་ཁབ་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་༡༧༢གྱི་གྲས་ཤིག་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྔ་བཅུ་གསུམ་གྱི་འཐབ་ཇུས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་༢༧ལྷག་བཏང་བའི་བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་འགོག་རྒྱུ་དེ་སྤྱི་ཟླ་གཉིས་པའི་ཚེས་༢༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡དང་སྐར་མ་༢༨ཐོག་ལེགས་གྲུབ་ཐུབ་ནས། གཙོ་བོའི་ལས་གྲྭ་དངོས་སུ་ཨར་སྐྲུན་བྱེད་འགོ་ཚུགས་ཡོད།
  བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་དང་རྟ་སྒ་ཆ་སྒྲིག་གི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཡོད་པ་དང་། ས་བབ་མཐོ་ཚད་རྨིད་༤༡༠༠ཟིན་ཞིང་། ཀྲུང་གོའི་ཆུ་གློག་ཅུད་དགུ་པའི་འཛུགས་སྐྲུན་པ་༣༠༠ལྷག་ཨར་སྐྲུན་ནང་ཞུགས་ཡོད།

  ལས་གྲྭ་དེ་ཡར་ཀླུང་གཙང་པོའི་གཡོན་ངོགས་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཤངས་ཆུ་རྒྱུག་ཁུལ་དུ་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཆུ་མཛོད་ཆེ་གྲས་འཛུགས་སྐྲུན་འཆར་འགོད་ཀྱི་རྣམ་གྲངས་གྲས་ཤིག་ཡིན་ཞིང་། དེའི་ནང་ཤངས་ཆུའི་ཆུ་བེད་ལྟེ་བའི་ལས་གྲྭ་དང་། རྟ་སྒ་ཆ་སྒྲིག་གི་ཆུ་འདྲེན་ཁུལ་སོགས་ཚུད་ཡོད་པས་ཕྱོགས་བསྡུས་རང་བཞིན་གྱི་ཕན་འབྲས་ཐོན་གྱི་ཡོད། དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས། ལྷག་དོན་དུ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་འཚོ་སྡོད་བྱེད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།

  ལས་གྲྭ་དེ་སྤྱི་ལོ་༢༠༡༩ལོའི་ཟླ་༤ཚེས་༣ཉིན་ལས་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་༢༠༢༢ལོའི་ཟླ་༡༢པར་ལས་མཇུག་བསྒྲིལ་རྒྱུ་རེད།

  སྤྱི་ཟླ་གཉིས་པའི་ཚེས་༢༨ཉིན་ཆུ་བཀག་པའི་ཆུ་རགས་ཀྱི་བརྩིགས་རྨང་གི་མཐོ་ཚད་ལ་རྨིད་༤༠༦༢དང་། ཆུ་རགས་ཀྱི་མཐོ་ཚད་ལ་རྨིད་༤༡༠༤། ཆུ་རགས་ཨ་མའི་རིང་ཚད་ལ་རྨིད་༥༧༡། ཆུ་རགས་ཀྱི་མཐོ་ཤོས་ལ་རྨིད་༥༡བཅས་ཡོད།

  ཆུ་མཛོད་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི་༡༢.༤༩ཡོད་པ་དང་། སྤྱིའི་གཤོམ་ཚད་རྨིད་ལངས་གཟུགས་གྲུ་བཞི་མ་དུང་ཕྱུར་༡.༡༣༤ཟིན་གྱི་ཡོད། གློག་ཁག་གི་གློག་འདོན་ཤུགས་ཀྲའོ་ཝ་༤༠དང་། ལོ་རེའི་གློག་གཏོང་ཚད་སྟོང་གྭ་དུང་ཕྱུར་༡.༣༨ཟིན་གྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1