ཏོག་གསར་ནད་པ་སྨན་ཁང་ནས་བུད་རྗེས་གཞན་ལ་འགོས་མཆེད་བཟོ་སྲིད་དམ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-02



ཏོག་གསར་ནད་པ་སྨན་ཁང་ནས་བུད་རྗེས་གཞན་ལ་འགོས་མཆེད་བཟོ་སྲིད་མིན་གྱི་དཔྱད་འབྲས་ཐོན་འདུག

ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྒྲིག་འཛུགས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་ཏེ་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན། སྨན་བཅོས་བྱས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཀོང་ཏུང་སོགསས་སུ་སྨན་ཁང་ནས་བུད་ཡང་ཉིང་སྐྱུར་གདགས་གཤིས་སུ་མངོན་མཁན་འདུག འདི་དག་གིས་འགོས་མཆེད་བཟོ་སྲིད་དམ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་དོ་དམ་ཅུས་ཀྱི་ཆེད་མངགས་ལྟ་ཞིབ་པ་ཀུའོ་ཡན་ཧུང་གིས་ཞིང་ཆེན་ཁག་གཅིག་ཏུ་ནད་པ་སྨན་ཁང་ནས་བུད་རྗེས་ཉིང་སྐྱུར་དཔྱད་འབྲས་གདགས་གཤིས་མངོན་མཁན་ཡོད་ཚུལ་སྙན་སེང་ཞུས་བྱུང་། བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན་འདི་དག་གིས་གཞན་ལ་འགོས་མཆེད་བྱས་པའི་གནས་ཚུལ་མི་འདུག་ལ། ཁག་གཅིག་གི་དཔྱད་འབྲས་སླར་ཡང་སྲིབ་གཤིས་སུ་གྱུར་འདུག ཏོག་གསར་གློ་ཚད་ནད་དུག་གི་ནད་སློང་རྐྱེན་དང་། ནད་ཀྱི་རྣམ་པ། ནད་ཡུན་བཅས་ཀྱི་ཁྱད་ཆོས་ལ་ད་དུང་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སྨན་ཁང་ནས་བུད་པའི་ནད་པའི་དོ་དམ་དང་རྗེས་འདེད། བདེ་ཐང་ལྟ་ཞིབ་དང་བདེ་ཐང་མཛུབ་ཁྲིད་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།

ཁྲག་སྐྱོའི་བཅོས་ཐབས་ཐོག་མར་སྤྱད་པའི་ནད་པའི་གནས་ཚུལ་ཇི་འདྲ་ཡིན་ནམ། སྨན་བཅོས་བྱེད་ཐབས་འདི་ནད་ལྕི་མོ་དང་ཉེན་ཁ་ཆེ་བའི་ནད་པ་ཡོངས་ལ་སྤྱོད་ཆོག་གམ།

ཀུའོ་ཡན་ཧུང་གིས་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་དང་ལག་ལེན་མང་པོ་ལས་ཁྲག་སྐྱོའི་གསོ་བཅོས་ལ་ཕན་འབྲས་ཅུང་ཡག་པོ་ལྡན་པ་ར་འཕྲོད་བྱུང་ཡོད་ལ། དེའི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ལས་རིགས་ཁག་ནས་ཁས་ལེན་ཐོབ་ཡོད་ཅེས་གསུངས།

མིག་སྔར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་བཟོས་ནས་ཁྲག་སྐྱོ་འབུལ་མཁན་བསྡུ་རུབ་དང་། ཁྲག་སྐྱོ་འཚོལ་བསྡུ། སྨན་བཅོས་གོ་རིམ་གྱི་ནད་རྟགས་ཚོད་འཛིན་བྱེད་ཐབས་བཅས་ཀྱི་ཚད་གཞི་ཁག་གཅིག་བཏོན་ཡོད། དུས་ད་ལྟའི་བར་མི544ཡི་ཁྲག་སྐྱོ་འཚོལ་བསྡུ་བྱས་ནས་ནད་པ245ལ་ནད་ཐོག་སྨན་བཅོས་བྱས་ཡོད་པ་དང་། ནད་པ157ལ་ཆུ་ཚོད48ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་པས་ནད་དཔེ91གི་ནད་ཐོག་དམིགས་ཚད་དང་ནད་རྟགས་ལེགས་སུ་ཕྱིན་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་ཀྱང་ནད་དཔེ་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པར་ཞིང་ཆེན་རིམ་པའི་ཆེད་མཁས་ཚོ་ཆུང་བཙུགས་ནས་གོ་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་བྱེད་འགན་འཁུར་གྱི་ཡོད། སླར་གསོའི་དུས་རིམ་དུ་ཁྲག་སྐྱོའི་བཅོས་ཐབས་ལ་ཕན་ནུས་ངེས་ཅན་ལྡན་པས། ང་ཚོས་ཀྱང་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་སྔར་ལས་མང་བོ་ཞིག་ལ་རང་ཉིད་ཀྱི་ཁྲག་སྐྱོ་སྦྱིན་པ་གཏོང་བའི་སྐུལ་མ་གཏོང་བཞིན་ཡོད།

གསར་བྱུང་ནད་པ་མེད་པའི་ས་ཁུལ་དུའང་ཉིན28ལ་ལྟ་ཞིབ་བྱེད་དགོས་དོན་ཅི་ཡིན་ནམ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཚུའེ་ཀང་གིས་ཧུའུ་པེ་དང་ཝུའུ་ཧན་གྱི་མིག་སྔའི་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡིན། ཞིང་ཆེན་གཞན་དག་གིས་ཀྱང་དུས་འགོའི་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་མ་ཟད་རིམས་ནད་བསྐྱར་ལོག་མི་ཡོང་བ་བྱེད་དགོས་ཞེས་གསུངས།

ཉེན་ཁ་ཆེ་ཆུང་གི་རིམ་པ་གཞིར་བཟུང་ནས་ཧེ་བག་ཅན་གྱི་རྫོང་ཁོངས་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟོ་དགོས་པ་སྟེ། ཉེན་ཁ་ཆུང་བའི་ས་ཁུལ་དུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས་པ་དང་། ཉེན་ཁ་འབྲིང་བའི་ས་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བབ་དང་བསྟུན་ནས་ཐོན་སྐྱེད་དང་འཚོ་བའི་རྣམ་པ་རིམ་བཞིན་སླར་གསོ་ཐུབ་པ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས། ཏོག་གསར་གློ་ཚད་ནི་ཐོལ་བྱུང་འགོས་ནད་གསར་པ་ཞིག་ཡིན་ཞིང་མི་ཚོགས་ལ་འགོས་མཆེད་འགྲོ་སླ་བས་ཚང་མས་ངེས་པར་དུ་དོགས་ཟོན་ནན་མོ་དང་རང་ཉིད་ཀྱི་འགོག་སྲུང་ལས་ཀ་ཡག་པོ་སྒྲུབ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1