ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཚན་རིག་འགག་གཏོར་ལས་དོན་ལ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-03



        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས2ཉིན་པེ་ཅིན་དུ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཚན་ཞིབ་འགག་གཏོར་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཕྱག་ལས་གནང་མཁན་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་འདུག ཁོང་གིས། མིའི་རིགས་ཀྱིས་ནད་ཡམས་དང་འཐབ་རྩོད་བྱེད་པའི་མཚོན་ཆ་ཡག་ཤོས་ནི་ཚན་རིག་ལག་རྩལ་རེད། མིའི་རིགས་རང་བྱུང་གནོད་འཚེ་དང་ནད་ཡམས་ལས་རྒྱལ་བ་བྱེད་པར་ཚན་རིག་གོང་འཕེལ་དང་ལག་རྩལ་གསར་གཏོད་དང་ཁ་བྲལ་ཐབས་མེད། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ཀྱི་ཚན་རྩལ་འགག་གཏོར་ནི་གལ་ཆེ་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ལས་འགན་ཞིག་ལ་བརྩིས་ནས། རིག་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་དང་། གཅིག་གྱུར་ཐོག་འགོ་ཁྲིད་པ། རོགས་ལས་ཀྱིས་སྐུལ་འདེད་གཏོང་བ། ཚན་རིག་རང་བཞིན་རྒྱུན་འཁྱོངས་དང་། བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཐོག ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་གང་མགྱོགས་འགག་གཏོར་ཐུབ་པ་བྱས་ཏེ། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཁྲུག འགོག་རྒོལ་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱ་དགོས་ཞེས་ནན་སྟོན་གནང་འདུག

        སྤྱི་ཚེས2ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་དམག་དོན་གསོ་རིག་ཞིབ་འཇུག་གླིང་དུ་ཕེབས་ནས། ཞིབ་འཇུག་གླིང་དེས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་གཏོར་གྱི་སྤྱིའི་གནས་ཚུལ་སྙན་སེང་ཞུས་པ་གསན་པ་དང་། འགྲེམ་སྟེགས་དང་དཔེ་དངོས་དང་ཟུང་འབྲེལ་གྱིས་སྔོན་འགོག་སྨན་དང་འགོག་གཟུགས་ཞིབ་བཟོ་དང་། སྨན་འདེམ་སྒྲུག ནད་དུག་གི་ནད་སློང་ནང་རྐྱེན་ཞིབ་འཇུག མྱུར་བརྟག་ཡོ་བྱད་ཞིབ་འཇུག་དང་ཉེར་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡོ་བྱད་བརྟག་ཞིབ་ཐོག་ཁང་ནང་། ཞི་ཅིན་ཕིང་གིས་ཚབས་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཕྲལ་སྒྲུབ་སྨན་རྫས་ཞིབ་འཇུག་ཁང་དུ། ལས་གནས་བརྟན་སྲུང་ངང་འགག་གཏོར་ལ་འབད་བཞིན་པའི་འཐབ་ས་དང་པོའི་རིགས་གཅིག་མཁས་པ་དང་ཚན་ཞིབ་མི་སྣ་རྣམས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་གནང་འདུག ཁོང་གིས། ནད་གཞི་དྲག་ཚད་མཐོར་འདེགས་དང་། འཆི་ཚད་ཉུང་གཏོང་། མཐར་ཐུག་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་པའི་འགག་རྩ་ནི་ཚན་རྩལ་ལ་བརྟེན་དགོས་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ནད་ཡམས་ཐོན་པ་ནས་བཟུང་། དམག་དོན་གསོ་རིག་ཞིབ་འཇུག་གླིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཇུས་བཀོད་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་གྱིས། འཕྲལ་མ་ཉིད་དུ་བྱ་སྤྱོད་སྤེལ་བ་དང་། དུས་ཚོད་སྐར་ཆ་ཡང་དམ་འཛིན་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྡུད་པ་བཅས་བྱས་ནས་ཚན་ཞིབ་འགག་གཏོར་གྱི་ལས་འགོ་བརྩམས་པར། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེའི་ཐོག་ནས་མི་དམངས་དམག་དཔུང་གི་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་ངོ་མ་དང་། དཀའ་འཐབ་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་མཁས་པའི་སྤྱོད་ཚུལ་བཟང་པོ་མངོན་ཡོད་ཅེས་བསྟན་འདུག ཞི་ཅིན་ཕིང་ནས་ཁོང་ཚོས་ཡང་འབད་བསྐྱར་འབད་ཀྱིས། འཕྲལ་སྒྲུབ་རུ་ཁག་དང་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གྱིས། གང་མགྱོགས་བདེ་འཇགས་ལྡན་ལ་ཕན་ནུས་ལྡན་པའི་སྔོན་འགོག་སྨན་དང་། སྨན་རྫས། བརྟག་དཔྱད་ཡོ་བྱད་བཅས་ཞིབ་བཟོ་བྱས་ནས། ནད་ཡམས་ལ་འགོག་རྒོལ་བྱེད་པའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་དགོས་པ་དང་། ནད་ཡམས་ཁུངས་འདེད་ཐུབ་པ་དང་། བརྟག་དཔྱད་ཐུབ་པ། སྔོན་འགོག་ཐུབ་པ། བཅོས་ཐུབ་པ། ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་ཀྱི་ཐད་མཉམ་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་ཀྱིས་འགག་གཏོར་ཐུབ་པ་བྱ་དགོས་པ་དང་། ཐེངས་འདིའི་དཀའ་འཐབ་བརྒྱུད། རང་བདག་ཤེས་བྱའི་ཐོན་དབང་ཡོད་པའི་ལྟེ་བའི་ཚན་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་བྱེད་པ་དང་། བློས་འགེལ་ཆོག་པའི་ཐོན་རྫས་དེ་བས་མང་བ་བཏོན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་འདུག

        དམག་དོན་གསོ་རིག་ཞིབ་འཇུག་གླིང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཆིང་ཧྭ་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ལ་རྟོག་ཞིབ་ལ་ཕེབས་པ་རེད། ཁོང་སྔ་ཕྱིར་འཛམ་གླིང་ཧྲིལ་པོའི་བདེ་ཐང་དང་ནད་ཡམས་ཞིབ་འཇུག་ལྟེ་གནས་དང་། སྐྱེ་དངོས་གསོ་རིག་ཞིབ་དཔྱད་ལག་རྩལ་དང་ཡོ་བྱད་ཀྱི་པེ་ཅིན་ཚོད་ལྟ་ཁང་དུ་ཕེབས་ནས། རིགས་གཅིག་མཁས་པ་རྣམས་ཀྱི་ས་ནས་གསར་གཏོད་སྨན་ཞིབ་བཟོའི་འཕེལ་རིམ་གནས་ཚུལ་དང་ཞིབ་དཔྱད་ཡོ་བྱད་དཔེ་གསར། ཞིབ་དཔྱད་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ཉེར་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། དེ་གར་བྱེད་བཞིན་པའི་མེའི་རྒྱུའི་མཉམ་འབྲེལ་ནད་འགོག་ཚོད་ལྟར་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ལམ་བུ་གཉིས་ཡོད། གཅིག་ནི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལམ་བུ་དང་པོ་དང་། གཅིག་ཤོས་ནི་ཚན་ཞིབ་དང་དངོས་ཟོག་ཐོན་སྐྱེད་གཉིས་ཡིན། ལམ་བུ་དེ་གཉིས་ཕན་ཚུན་གཞོགས་འདེགས་བྱ་དགོས་པ་དང་། དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་དགོས་ཞེས་བསྟན་འདུག ཞི་ཅིན་ཕིང་གིས་ཁོང་རྣམས་ནས་འཐབ་ཕྱོགས་མདུན་མ་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྟོབས་ཤུགས་ཧྲག་བསྡུས་ཀྱིས། འཕྲལ་དོན་འཕྲལ་སྒྲུབ་བྱ་དགོས་པ་དང་། ཞིབ་དཔྱད་ཡོ་བྱད་དང་། འགོག་གཟུགས་སྨན་རྫས། སྔོན་འགོག་སྨན། སྨན་བཅོས་བྱ་ཐབས་སོགས་ཀྱི་ཐད་འགག་གཏོར་ཐུབ་པ་བྱ་དགོས་པའི་ཐུགས་རེ་གནང་འདུག ཞི་ཅིན་ཕིང་གིས། རང་རྒྱལ་ནི་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཚབས་ཆེའི་ནད་ཡམས་དང་ཚབས་ཆེའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་ཉེན་་ཁ་སྔོན་འགོག་དང་སེལ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་ལྷོད་གཡེང་བྱ་མི་རུང་བའི་དོན་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་གཙོ་གནད་རིམས་འགོག་ལྟ་སྐུལ་ཚོད་འཛིན་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མདུན་ཕྱོགས་ཀྱི་ལག་རྩལ་འགག་གཏོར་དང་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱིས་ཚབས་ཆེའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་གང་མགྱོགས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

        དེ་རྗེས། ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚན་རྩལ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྨན་རྫས་དང་སྔོན་འགོག་སྨན་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་སྙན་སེང་ཞུས་པ་གསན་པ་དང་། རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱིས་ཕན་ཡོད་ཀྱི་ནད་ཐོག་ཉེར་སྤྱོད་ཀྱི་ཉམས་མྱོང་དང་ཕན་ཡོད་ཀྱི་སྨན་བཅོས་ཇུས་གཞི་ཕྱོགས་བསྡོམ་དང་ཁྱབ་གདལ་བཏང་བའི་ལས་དོན་གྱི་སྙན་སེང་ཞུས་པར་གསན་ཡོད་པ་རེད།
        སྙན་ཞུ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ནད་ཡམས་ཐོན་ཚུན། རྒྱལ་ཡོངས་ཀྱི་ཚན་རྩལ་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་ཀྱིས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཚན་ཞིབ་འགག་གཏོར་ཚོ་ཆུང་བཙུགས་ཐོག ནད་ཐོག་སྐྱོབ་བཅོས་དང་སྨན་རྫས། སྔོན་འགོག་སྨན་ཞིབ་འཇུག་གསར་སྤེལ། ཞིབ་དཔྱད་ལག་རྩལ་དང་ཐོན་རྫས། ནད་དུག་ནད་ཁུངས་རིག་པ་དང་འགོ་ནད་རིག་པ། སྲོག་ཆགས་དཔེ་དབྱིབས་བཟོ་རྒྱུ་སོགས་གཙོ་གནད་འགག་གཏོར་ཁ་ཕྱོགས་ཆེན་པོ་ལྔ་གཏན་འཁེལ་གྱིས། རིག་ཚན་བརྒལ་བ་དང་། ཁྱབ་ཁོངས་བརྒལ་བའི་ཚན་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་པ་དང་། ཚན་ཞིབ་དང་། ནད་ཐོག སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བཅས་ཕན་ཚུན་རོགས་ལས་བྱེད་པ། ཐོན་སློབ་ཞིབ་གསུམ་གཞོགས་འདེགས་དམ་ཟབ་བཅས་བྱས་པས། དུས་ཐུང་ཟླ་བ་གཅིག་ནང་གྲུབ་འབྲས་ཡག་པོ་ཐོབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་རྐྱེན་མཁོ་འདོན་ཐུབ་ཡོད། མི་དམངས་དམག་འཐབ་འདིའི་ནང་། རྒྱ་ཆེའི་ཚན་རྩལ་ལས་དོན་པས་དཀའ་སྤྱད་འབད་འབུངས་ཀྱིས་ལེགས་སྐྱེས་འབུལ་བའི་སྤྱོད་ཚུལ་བཟང་པོ་དང་། དོ་ནན་དངོས་སྒྲུབ་ཀྱི་ཆེད་ལས་སྙིང་སྟོབས་ལེགས་པར་མངོན་ཡོད། མིག་སྔར་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་ད་དུང་དཀའ་སྤྱད་འབད་བརྩོན་བྱ་དགོས། གནས་ཚུལ་འདི་ལྟ་བུར་ཐུག་སྐབས། དེ་བས་ཀྱང་ཚན་རིག་གི་ས་ནས་དྲི་ལན་འཚོལ་རྒྱུ་དང་། ཚན་རིག་གི་ས་ནས་བྱ་ཐབས་འཚོལ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་སྟོན་གནང་འདུག

        ཞི་ཅིན་ཕིང་གིས། འབད་བརྩོན་གང་ཐུབ་བྱས་ནས་ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་། གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་། ནད་ཐོག་སྐྱོབ་བཅོས་ཟུང་འབྲེལ་བྱས་ནས། ནད་གཞི་དྲག་སྐྱེད་ཐུབ་ཚད་མཐོར་གཏོང་དང་། ནད་པ་འཆི་ཚད་དམའ་རུ་གཏོང་དགོས། ཚན་ཞིབ་འགག་གཏོར་གྱི་འདེགས་སྐྱོར་དང་མདུན་ཕྱོགས་ཀྱི་སྐྱོབ་བཅོས་ལ་ཞབས་ཞུ་སྒྲུབ་རྒྱུར་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་ཐོག་ཞིབ་འཇུག་དང་ནད་ཐོག་སྐྱོབ་བཅོས་རོགས་རེས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ནད་ཐོག་འཐབ་ས་དང་པོར་ཕྱོགས་ལྷུང་བྱ་དགོས་པ། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་། ཀྲུང་ལུགས་སྨན་དང་ཕྱི་ལུགས་སྨན་མཉམ་དུ་སྤྱོད་རྒྱུ་རྒྱུན་འཁྱོངས། ཞིབ་བཟོ་དང་གདམ་གསེས་བྱས་ཟིན་པའི་ཕན་ཡོད་སྨན་ཁྱབ་གདལ་ཉེར་སྤྱོད་མགྱོགས་སུ་གཏོང་དགོས་པ། ཆབས་ཅིག་འཐབ་ས་དང་པོའི་སྐྱོབ་བཅོས་དགོས་མཁོར་གཞིགས་ནས་སླར་ཡང་ཕན་ཡོད་སྨན་རྫས་ཁག་གཅིག་འདེམ་པ་དང་། སྐྱོབ་བཅོས་བྱ་ཐབས་གསར་པ་འཚོལ་ཞིབ་ཀྱིས། ནད་གཞི་ཡང་བ་ནད་གཞི་ལྕི་བར་འགྱུར་རྒྱུར་གང་ཐུབ་ཅི་ཐུབ་ཀྱིས་བཀག་འགོག་བྱ་དགོས། དྲག་སྐྱེད་བྱུང་བའི་ནད་པའི་ཁྲག་ཁུ་དང་། ཕྲ་ཕུང་ཨ་མ། འདྲ་བཤུ་རྐྱང་པའི་འགོག་གཟུགས་སོགས་སྔོན་ཐོན་སྐྱོབ་བཅོས་བྱ་ཐབས་སྤྱད་ནས། ནད་གཞི་ལྕི་བ་དང་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ཐུབ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག
        ཞི་ཅིན་ཕིང་གིས། རིམས་འགོག་སྨན་ནི་བདེ་ཐང་གི་མིར་སྤྱོད་པའི་དམིགས་བསལ་ཐོན་རྫས་ཤིག་ཡིན་པའི་ངོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་དང་། བདེ་འཇགས་རང་བཞིན་གྱི་རེ་བ་དེ་ཡང་གལ་འགངས་ཆེ་ཤོས་ཤིག་རེད། ད་ཡོད་ཀྱི་ལག་རྩལ་ལམ་ཐིག་སྣ་ཚོགས་ཀྱི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཕྱི་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ལ་རྗེས་འདེད་དམ་ཟབ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྔ་ཙམ་རིམས་འགོག་སྨན་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་དང་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་གཏོང་དགོས། རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་གཙོ་བོར་བྱེད་པ་དང་ཐོན་སློབ་ཞིབ་གསུམ་ཟུང་དུ་འབྲེལ་བའི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་མ་ལག་མགྱོགས་མྱུར་འཛུགས་པ། རྒྱལ་ཁབ་ཀྱི་རིམས་འགོག་སྨན་གསོག་འཇོག་ལམ་ལུགས་འཛུགས་པ་བཅས་བྱས་ནས། ཐོན་སྲིད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གྲ་སྒྲིག་ཨང་གསར་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ནད་དུག་ཁུངས་འདེད་དང་དེའི་འགོས་ཁྱབ་འགྲོ་བའི་ཐབས་ལམ་ལ་ཞིབ་འཇུག་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ནད་དུག་གི་སྤྲི་དཀར་དང་། ལེན་གཟུགས་མི་འདྲ་བའི་ཟུང་འབྲེལ་ཁྱད་ཆོས་སྤྱད་ནས། དོགས་ཡོད་སྲོག་ཆགས་ནི་ནད་དུག་གི་བར་བརྒྱུད་གནས་ས་ཡིན་སྲིད་པར་ངོས་བཟུང་ནས་དཔྱད་དཔོག་བྱེད་པ། མིས་བཟོས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ལག་རྩལ་གསར་པ་སྤྱད་དེ་རིམས་ནད་རིག་པ་དང་ཁུངས་འདེད་བརྟག་དཔྱད་བྱས་ནས། ནད་ཁུངས་གང་ནས་ཡིན་པ་དང་། གང་དུ་འགྲོ་མིན་གསལ་པོ་བཟོ་དགོས་ཤིང་། གནད་ལ་འཁེལ་ཚད་དང་གྲལ་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ནད་པའི་སེམས་ཁམས་དྲག་སྐྱེད་ཡོང་རྒྱུར་བརྒྱུད་རིམ་ཞིག་དགོས་པ་དང་། ཁྱིམ་དུ་ལོགས་སུ་བཀར་ནས་བསྡད་པའི་མང་ཚོགས་མང་པོ་ཞིག་ལ་དུས་ཡུན་རིང་པོ་སོང་རྗེས་སེམས་ཁམས་ཀྱི་གནད་དོན་འདྲ་མིན་ཐོན་སྲིད་པ་དང་། ནད་གཞི་ཕོག་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ཡང་སེམས་ཁམས་ཁྲིད་སྟོན་བྱེད་དགོས། ཁོང་ཚོའི་སེམས་ཁམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཐོག ཕྱོགས་ཡོངས་ནས་སེམས་ཁམས་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། འགོས་ནད་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་འགྲན་རྩོད་གལ་ཆེན་ཞིག་རེད། སྐྱེ་དངོས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས། ཞི་བདེའི་དུས་སྐབས་དང་དམག་འཁྲུག་གི་དུས་སྐབས་ཟུང་འབྲེལ་དང་། སྔོན་འགོག་དང་འཕྲལ་སྒྲུབ་ཟུང་འབྲེལ། ཚན་རིག་ཞིབ་འཇུག་དང་སྐྱོབ་བཅོས་དང་འགོག་བཅོས་ཟུང་འབྲེལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་གྱི་ཚན་ཞིབ་འགག་སྒྲོལ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གི་ཚན་ཞིབ་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མ་ལག་ཅན་གྱི་འགྲན་རྒོལ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། འཐབ་ཇུས་ཇུས་འགོད་དང་སྔ་བལྟས་ཕྱི་བསམ་གྱི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་དུས་ཐོག་དང་ནུས་ལྡན་ངང་ཁོང་དུ་ཆུད་པ་བཅས་བྱས་ནས། དུས་ཐོག་ཏུ་ཁ་གཏད་གཅོག་ཐབས་སྤྱོད་དགོས། རིམས་ནད་འགོས་ཁྱབ་འགྲོ་ཚུལ་ཛ་དྲག་ཅན་དུ་གྱུར་རྗེས་ཀྱི་ཚན་ཞིབ་འགག་སྒྲོལ་སོགས་ཐད་ཀྱི་བཀོད་འདོམས་དང་། བྱ་སྤྱོད། འགན་སྲུང་མ་ལག་བཅས་འཛུགས་རྒྱུར་ཞིབ་འཇུག་བྱེད་དགོས་པ་དང་། རྒྱུན་དུ་ནས་འཕྲལ་བསྟུན་བྱ་སྤྱོད་ཀྱི་ཕྱོགས་སྟོན་གྲ་སྒྲིག་ཡག་པོ་བྱས་ཏེ། ཛ་དྲག་གནས་ཚུལ་འོག་མགྱོགས་མྱུར་ངང་ལས་འགོ་འཛུགས་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ཚེ་སྲོག་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་ཡང་རྒྱལ་ཁབ་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་མ་ལག་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། མིའི་བདེ་ཐང་དང་སྐྱེ་དངོས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་སྟོབས་ཤུགས་བཀོད་སྒྲིག་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཚེ་སྲོག་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྨན་བཅོས་འཕྲོད་བསྟེན། སྨན་བཅོས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་ཞིབ་མ་ལག་བསྡུ་སྒྲིལ་བྱེད་པ། རྒྱལ་ཁབ་ཀྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་ཁག་གཅིག་བཀོད་སྒྲིག་བྱེད་པ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་སྨན་བཅོས་བདེ་ཐང་གི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་འཐབ་ཇུས་གསོག་འཇོག་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་རྩེར་སོན་སྨན་བཅོས་སྒྲིག་ཆས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ། ལག་རྩལ་སྒྲིག་ཆས་ཀྱི་དཀའ་གནད་འགག་སྒྲོལ་བཅས་བྱས་ནས། རྩེར་སོན་སྨན་བཅོས་སྒྲིག་ཆས་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། བཟའ་བཏུང་གོམས་གཤིས་དང་། སྤྱི་ཚོགས་ཀྱི་སེམས་ཁམས་བདེ་ཐང་། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་སོགས་ཕྱོགས་མང་པོའི་ཐད་ནས་ལས་དོན་སྤེལ་བ་དང་། ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བའི་གོམས་སྲོལ་ངན་པ་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཡ་རབས་སྐྱོན་བྲལ་དང་གནོད་མེད་ཁོར་སྲུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཅིག་ཡིན་པས། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། མིག་སྔའི་ཆར། རྒྱལ་ཁབ་མང་པོ་ཞིག་ཏུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཡོད་པས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་གཏུག་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་ལྷག་པར་དུ་རིམས་ནད་ཐོན་མང་བའི་རྒྱལ་ཁབ་དབར་ནད་ཀྱི་འབྱུང་རྩ་རྩད་གཅོད་དང་། སྨན་རྫས། རིམས་འགོག་སྨན། ཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་ཚན་ཞིབ་མཉམ་ལས་བྱས་ཏེ། ཚན་ཞིབ་གྲངས་གཞི་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། ཐུན་མོང་ཐོག་ཁ་གཏད་གཅོག་པའི་ཐབས་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་གནང་ཡོད།
        ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། ཀྲང་ཡའུ་ཞ། ཚའེ་ཆི། ཞའོ་ཅེ་བཅས་དང་། ཚན་རྩལ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1