གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༤ཉིན།

ཀྲུང་གོས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས།


     ཉིན་ཤས་བསྟུད་མར། གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཇེ་ཆེར་སོང་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་དེ་གོ་ལ་ཧྲིལ་པོའི་ཉེན་ཁ་རིམ་པ་མཐོ་ཤོས་སུ་བསྒྱུར་ཡོད། རིམས་ནད་ལ་རྒྱལ་མཚམས་མེད་པ་དང་། མི་སྒེར་སུ་ཞིག་གིས་རང་ཉིད་ཁོ་ན་སྲུང་ཐབས་མེད། དུས་བབ་གསར་པའི་མདུན་དུ། ཀྲུང་གོས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་བཞིན་ཡོད། 

 

ཁོ་རེ་ཡ་ལྷོ་མ། 

ཁོ་རེ་ཡ་ལྷོ་མར་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་4000ལས་བརྒལ་བ་དང་། མཚན་གཅིག་ལ་ནད་པ་476མང་དུ་ཕྱིན་ཡོད། 

 

     ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཟླ་3པའི་ཚེས་2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ནད་ཡམས་དོ་དམ་པུའུ་ཡིས་ཚེས་2ཉིན་སྤེལ་བའི་བརྡ་ཁྱབ་གསར་ཤོས་ནང་། ཁོ་རེ་ཡ་ལྷོ་མར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་476ཇེ་མང་དུ་སོང་ཡོད་པ་དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་4212ཡོད་ཅེས་འཁོད་ཡོད་པ་རེད། 

 

 

ལྗར་པན། 

རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་961ཡོད་པ་དང་། མི་12རྐྱེན་ལམ་དུ་ཤོར་བ། 

     ལྗར་པན་གྱི་ས་གནས་དེ་གའི་དུས་ཚོད་ཟླ་3པའི་ཚེས་1ཉིན་གྱི་ཆུ་ཚོད་22བར། ལྗར་པན་ལ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་961ཡོད་པ་དང་། མི་12རྐྱེན་ལམ་དུ་ཤོར་བ་རེད། 

དབྱི་རན། 

རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་978ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་54ཡོད། 

     ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་འཕྲོད་བསྟེན་པུའི་མགྲིན་ཚབ་པ་ཅ་ཧན་ཕུའར་གྱིས་ཟླ་3ཚེས་1ཉིན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ནས་ཁྱབ་བསྒྲགས་བྱས་དོན། འདས་ཟིན་པའི་ཆུ་ཚོད་24ཡི་རིང་དབྱི་རན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་385ཇེ་མང་དུ་སོང་ཡོད་ཅིང་། རིམ་རྩིས་བྱས་ན་ནད་པ་978ཡོད་པ་དང་རྐྱེན་ལམ་ཤོར་བའི་ནད་པ་54ཡོད་པ་རེད།

 

ཁ་ཐར། 

ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ཐོག་མ་བྱུང་ཡོད། 

     ཟླ་2ཚེས་29ཉིན། ཁ་ཐར་སྤྱི་པའི་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་རྒྱུར། རྒྱལ་ཁབ་དེར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཐོག་མ་བྱུང་ཡོད་པ་དང་། ནད་པ་དེ་ནི་ཁ་ཐར་གྱི་ལོ་36ཅན་གྱི་སྐྱེས་པ་ཞིག་ཡིན། དབྱི་རན་ནས་ཕྱིར་འཐེན་བྱས་པའི་ཕྱིར་སྡོད་རང་མི་ཡིན་པ་དང་། ནད་གཞི་གཏན་འཁེལ་བྱུང་རྗེས་ཁ་ཐར་གྱི་རིམས་ནད་ལྟེ་གནས་སུ་ལོགས་བཀར་སྨན་བཅོས་བྱས་པས། མིག་སྔར་བདེ་ཐང་གི་གནས་ཚུལ་བརྟན་པོ་ཡོད་པ་རེད། 

དབྱི་ཊ་ལི། 

ནད་པ་566ཇེ་མང་དུ་སོང་བ་དང་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་1694ཡོད། 

     དབྱི་ཊ་ལིའི་འཕྲོད་བསྟེན་པུའུ་ཡི་ཉེ་དུས་ཀྱི་གཞི་གྲངས་ལ་གཞིགས་ན། དབྱི་ཊ་ལིར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་1577ཡོད་ལ། རྐྱེན་ལམ་ཤོར་བའི་ནད་པ་34དང་། དྲག་སྐྱེད་བྱུང་བའི་ནད་པ་83ཡོད། རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་མི་གྲངས་1694ཡོད་པ་དང་། ཟླ་2པའི་ཚེས་29ཉིན་གྱི་ཆུ་ཚོད་18དང་བསྡུར་ན་ནད་པ་566མང་དུ་ཕྱིན་ཡོད། དེའི་ནང་ནད་གཞི་ཚབས་ཆེ་བའི་ནད་པ་140ཡོད་པ་དང་། རྐྱེན་ལམ་ཤོར་བའི་མི་5མང་དུ་ཕྱིན་ཡོད།

ཧྥ་རན་སི། 

རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་130ཡོད་པ་དང་རྐྱེན་ལམ་ཤོར་བའི་མི་2ཡོད། 

     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་1ཉིན་གྱི་ཆུ་ཚོད་16ཐོག ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡིས་ཏོག་གསར་གློ་ཚད་ཀྱི་གྲངས་གཞི་གསར་པ་ཁྱབ་བསྒྲགས་བྱས་པའི་ནང་། ཧྥ་རན་སིར་ཉིན་སྔོན་མ་ལས་ནད་པ་30མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ་130ཡོད་ཅིང་། དེའི་ནང་ནས་ནད་པ་12དྲག་སྐྱེད་བྱུང་བ་དང་། ནད་གཞི་ཚབས་ཆེ་བའི་ནད་པ་9ཡོད་ལ་མི་2རྐྱེན་ལམ་དུ་ཤོར་བ་རེད།

འཇར་མན། 

ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་51ཇེ་མང་དུ་སོང་བ་དང་། རིམ་རྩིས་བྱས་ན་ནད་པ་117ཡོད། 

     འཇར་མན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་ལུའོ་པོ་ཐེ·ཁོའོ་ཧོ་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་འཇར་མན་དུ་ནད་པ་51མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་117ཡོད།

དབྱིན་ཇི། 

ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་12ཇེ་མང་དུ་སོང་བ་དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་35ཡོད། 

     ཟླ་3ཚེས་1ཉིན་དབྱིན་ཇིར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་12མང་དུ་ཕྱིན་པ་དང་། དེ་ནི་ནད་དཔེ་ཤེས་རྟོགས་བྱུང་ཚུན་དབྱིན་ཇིའི་ཉིན་གཅིག་ནང་གཏན་འཁེལ་བྱས་པའི་ནད་པ་མང་ཤོས་ཀྱི་ཉིན་ཞིག་ཡིན། མིག་སྔར་དབྱིན་ཇི་རུ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་35ཡོད། 

     ཏོག་གསར་གློ་ཚད་ནི་མིའི་རིགས་ཐུན་མོང་གི་དགྲ་བོ་ཡིན། གཟའ་འཁོར་ཁ་ཤས་གོང་རིམས་ནད་ཀྲུང་གོའི་གང་སར་མཆེད་པའི་སྐབས་ལྗར་པན་དང་ཁོ་རེ་ཡ་ལྷོ་མ་སོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ཀྲུང་གོར་རོགས་སྐྱོར་བྱས་ཡོད། ཞལ་འདེབས་དངོས་བོའི་ཕྱི་ཐུམ་ཐོག་བྲིས་པའི་སྙན་ཚིག་“རི་དང་གཙང་པོས་ཆོད་ཅིང་། ཟླ་འོད་གཅིག་ནང་འདུས་ཡོད།”ཅེས་པ་དང་། “ལྭ་བ་མི་འདུག་མ་གསུངས། ལྭ་བ་བདག་གིས་གཡར་ཆོག”ཅེས་པ་སོགས་ཀྱིས་རྒྱལ་དམངས་གྲངས་ལས་འདས་པ་སེམས་འགུལ་ཐེབས་ཡོད།

     ད་ཆ་རྒྱལ་ཁབ་ཁག་གི་རིམས་ནད་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དུས་བབ་ཛ་དྲག་པོ་ཡོད་པས་ཀྲུང་གོས་རོགས་སྐྱོར་ཧུར་ཐག་བྱས་ཡོད། 

     ཁོ་རེ་ཡ་ལྷོ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་ཚབ་ཁང་གིས་ཞལ་འདེབས་བརྒྱབ་པའི་སྨན་སྤྱོད་ཁ་རས་ཁྲི་2.5ལྷག་ཙམ་ཚེས་27ཉིན་གྱི་ས་སྲོད་དུ་ཧྲོའར་ནས་ཏ་ཆིའུ་གྲོང་ཁྱེར་དུ་དབོར་ཏེ་ཁོ་རེ་ཡ་ལྷོ་མའི་མང་ཚོགས་ལ་རིམས་ནད་འགོག་བཅོས་བྱེད་རོགས་བྱས་པ་རེད། 

     ཚེས་27ཉིན་ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་མི་སྣས་ཉིན་དེར་ཧྲང་ཧའེ་གྲོང་ཁྱེར་གྱིས་ཏ་ཆིའུ་གྲོང་ཁྱེར་དང་ཆིང་ཧྲང་པེ་ཏའོ་ལ་ཕུལ་བའི་ཁ་རས་ཁྲི་50བརྒྱུད་སྤྲོད་བྱས་པ་དང་། དེའི་ནང་ཁྲི་10ནི་སྨན་སྤྱོད་ཁ་རས་དང་ཁྲི་40ནི་KN95ཁ་རས་ཡིན་པ་རེད། 

     ཧྲང་ཧའེ་རུ་བཅའ་སྡོད་ཁོ་རེ་ཡ་ལྷོ་མའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ཁོ་རེ་ཡ་ལྷོ་མའི་ཏ་ཆིའུ་གྲོང་ཁྱེར་དང་ཆིང་ཧྲང་པེ་ཏའོ་ས་ཁུལ་ལ་ཞལ་འདེབས་བརྒྱབ་པའི་ཁ་རས་ཁྲི་50ཚེས་2ཉིན་ཁོ་རེ་ཡ་ལྷོ་མ་འབྱོར་རྒྱུ་ཡིན་པ་བསྟན།


 

     ལྗར་པན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ལྗར་པན་ནི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་སླེབས་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་པའི་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ལྗར་པན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

     ཉིན་ཤས་གོང་། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ལ་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྒམ་ཆུང་ཁག་གཅིག་སྤྲད་ཡོད། ཉེ་དུས་ཀྲུང་གོ་སྲིད་གཞུང་གིས་ད་དུང་ཁག་དབྱེ་ནས་ལྗར་པན་ལ་འགོག་སྲུང་གྱོན་ཆས་5000དང་ཁ་རས་ཁྲི་10ཞལ་འདེབས་ཕུལ་ཡོད། དེའི་ནང་དངོས་ཟོག་སྔོན་མ་གཉིས་ཟླ་2པའི་ཚེས་27ཉིན་དང་ཚེས་28ཉིན་ཐོ་ཁྱོ་རུ་འབྱོར་ཡོད། ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས། མི་སྒེར་བཅས་མང་པོ་ཞིག་གིས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལྗར་པན་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད།


 

     དབྱི་རན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཆེད་མཁས་ཚོགས་པའི་མི་5ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་གྱི་ཐོ་རེངས་སུ། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་འབྱོར་བ་དང་ཁོང་ཚོས་དུས་མཚུངས་སུ་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་སྨན་བཅོས་དངོས་ཟོག་ཁག་གཅིག་འཁྱེར་ཡོད་པ་རེད། ཀྲུང་གོའི་ཆེད་མཁས་པས། དུས་ཚོད་དམ་འཛིན་གྱིས་དབྱི་རན་གྱི་རིམས་ནད་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་མ་ཟད། དབྱི་རན་ཕྱོགས་ཀྱི་ལས་རོགས་ཚོ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ཏེ། ཕྱོགས་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

     དབྱི་རན་འཕྲོད་བསྟེན་པུའུ་ཡི་འགོ་ཁྲིད་ཀྱིས་ཀྲུང་གོའི་ཆེད་མཁས་ཚོགས་པ་དབྱི་རན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད། ཁོང་གིས་ཀྲུང་གོའི་རིམས་འགོག་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་དབྱི་རན་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོས་དབྱི་རན་ལ་དཀའ་ངལ་འཕྲད་སྐབས་སྨན་བཅོས་དངོས་ཟོག་དང་ལག་རྩལ་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་རིམས་ནད་འགོག་པའི་ཉམས་མྱོང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བརྗོད་པ་རེད།

 

ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱེད་དང་། 

རིམས་ནད་ལས་རྣམ་པར་རྒྱལ་ངེས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1