བོད་ལྗོངས་སོཊ་སུའང་འབུ་ཆ་ག་པའི་གནོད་འཚེ་འབྱུང་ཉེན་ཡོད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-05


     རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུད་ཀྱིས་ཟླ་3ཚེས་2ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  2020ལོའི་ཟླ་2ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(FAO)ཀྱིས་གོ་ལ་ཧྲིལ་པོར་བྱེ་ཐང་གི་འབུ་ཆ་ག་པས་གནོད་འཚེའི་ཉེན་བརྡ་བཏང་ཡོད་ཅིང་། ཉེ་ཆར། བྱེ་ཐང་གི་འབུ་ཆ་ག་པ་ཨ་ཧྥེ་རི་ཁ་ཤར་མ་ནས་རྒྱ་གར་དང་ཕ་ཀི་སི་ཐན་དུ་མཆེད་པ་དང་། དེ་བཞིན་རང་རྒྱལ་ལའང་བྱེ་ཐང་གི་འབུ་ཆ་ག་པ་ཁྱབ་ཡོང་བའི་ཉེན་ཁ་ཡོད་པས། བྱེ་ཐང་གི་འབུ་ཆ་ག་པ་རང་རྒྱལ་དུ་ཡོང་བའི་ཉེན་ཁར་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་ཏེ། བྱེ་ཐང་གི་འབུ་ཆ་ག་པ་དང་རྩྭ་ཐང་གི་འབུ་ཆ་ག་པ་གཞན་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་ལེགས་པོ་བསྒྲུབ་ཆེད། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུད་ཀྱིས་འབྲེལ་ཡོད་ཛ་དྲག་བརྡ་ཐོ་བཏང་ཡོད། 

    མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བརྡར་ཤ་བཅད་པ་ལྟར་ན། ད་ཐེངས་ཐོག་མར་ཨ་ཧྥེ་རི་ཁར་ཡོང་བའི་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་དེ་ཐོག་མའི་དུས་སུ་ཚོད་འཛིན་ཡག་པོ་མ་ཐུབ་པས། 2020ལོའི་ཟླ་6པའི་བར་རྒྱུན་མཐུད་ནས་གནས་སྲིད་པ་དང་། སྐབས་དེ་དུས་འབུ་ཆ་ག་པའི་ཁྱུ་ཚོགས་ཀྱི་གཞི་ཁྱོན་དེ་མིག་སྔ་ལས་ལྡབ་500བར་འཕར་སྲིད་ལ།  རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བརྒྱུད་བརྡར་ཤ་བཅད་པ་ལྟར་ན། གལ་ཏེ་གནམ་གཤིས་ཀྱི་ཆ་རྐྱེན་འོས་འཚམ་ཡིན་ཚེ། ད་ཐེངས་ཐོན་པའི་བྱེ་ཐང་གི་འབུ་ཆ་ག་པ་ཕ་ཀི་སི་ཐན་དང་རྒྱ་གར་ནས་ཐད་ཀར་བོད་ལྗོངས་སུ་འཛུལ་ཡོང་བའམ་འབར་མ་ནས་ཡུན་ནན་དུ་འཛུལ་ཡོང་བ། ཡང་ན་ཧ་སག་སི་ཐན་བརྒྱུད་ཤིན་ཅང་དུ་འཛུལ་ཡོང་བའི་ཉེན་ཁ་ཡོད་པས། ཡུན་ནན་དང་བོད་ལྗོངས། ཤིན་ཅང་སོགས་རྒྱ་གར་དང་ཕ་ཀི་སི་ཐན། འབར་མ་བཅས་དང་ས་མཚམས་འབྲེལ་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བརྡ་ཐོ་བཏང་ནས། བྱེ་ཐང་གི་འབུ་ཆ་ག་པའི་གནས་ཚུལ་ཐད་ཚད་མཐོའི་དོ་ཁུར་དང་ལྟ་ཞིབ་ཚད་ལེན་ནན་པོ་བྱེད་པ་དང་། འཕུར་སྐྱོད་བྱེད་སྲིད་པའི་ལམ་བུའི་ཐོག་ལྟ་ཞིབ་ཚད་ལེན་ས་ཚིགས་བཀོད་སྒྲིག་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་བྱེ་ཐང་གི་འབུ་ཆ་ག་པར་ལྟ་ཞིབ་ཚོད་འཛིན་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

    ད་ཐེངས་ཐོག་མར་ཨ་ཧྥེ་རི་ཁ་ནས་ཡོང་བའི་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་དེ་ཁྱབ་རྒྱ་ཆེ་ཞིང་། གནོད་འཚེའི་གྱོང་གུན་ཆེ་ལ། འཕེལ་ཕྱོགས་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་རྒྱལ་སྤྱིའི་སྤྱི་ཚོགས་དང་དེ་བཞིན་སྨྱན་སྦྱོར་མང་པོའི་དོ་ཁུར་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་ཡོད། རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་མངའ་ཁོངས་སུ་བྱེ་ཐང་གི་འབུ་ཆ་ག་པ་ཁྱབ་ནས་གནོད་འཚེ་གཏོང་བའི་ཉེན་ཁ་ཅུང་ཆུང་མོད། ཡིན་ནའང་གལ་སྲིད་ཡོང་ཚེ་རང་རྒྱལ་དུ་གནོད་འཚེ་འབྱུང་བའི་ཆོས་ཉིད་མི་རྟོགས་པ་དང་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་མི་འདང་བ། སྔོན་འགོག་ཚོད་འཛིན་བྱེད་དཀའ་བ་སོགས་དཀའ་ཁག་མང་པོ་འཕྲད་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

     བརྡ་ཐོའི་ནང་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་རིམ་ཁག་གིས་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་མ་ཟད། ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱི་ལས་རིགས་དོ་དམ་འགན་འཁྲི་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག སྐྱེ་དངོས་ཀྱི་གནོད་འཚེ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་། ས་གནས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དོ་དམ་ལ་ལྷོད་གཡེང་ཤོར་བའི་རྐྱེན་གྱིས་འབུ་ཆ་ག་པའི་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་བསྟན་ཡོད།

 

    བརྡ་ཐོའི་ནང་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་དངོས་པོའི་སྒྲིག་ཆས་དང་འབྲེལ་ཡོད་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་ཐད་ཤུགས་སྣོན་བརྒྱབ་སྟེ། སྔོན་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དང་ཇེ་ལེགས་སུ་གཏོང་བ། དེ་དང་ཆབས་ཅིག་སྔོན་ཇུས་ནང་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གལ་སྲིད་གནོད་འཚེའི་གནས་ཚུལ་ཐོན་ཚེ་མྱུར་དུ་དང་ལེན་བྱས་ཏེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པ་བསྟན་ཡོད།

    ཨ་ཧྥེ་རི་ཁ་ཤར་མ་དང་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་མང་པོར་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེས་མནར་གཅོད་བཏང་ནས་ཟླ་ཤས་སོང་ཞིང་། དེའི་ཤུགས་རྐྱེན་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་ལ། ཕ་ཀི་སི་ཐན་དུ་ཁྱབ་པའི་བྱེ་ཐང་གི་འབུ་ཆ་ག་པས་རྒྱལ་ཁབ་དེའི་ཞིང་ཆེན་མང་པོའི་ཞིང་ལས་ཐོན་སྐྱེད་ཐད་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1